མཚོ་ལྷོའི་ཕང་བ་རུ་མངོན་པའི་ལྗང་མདོག་གི་འཕེལ་རྒྱས།
2023.05.10 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 20

 ཉི་ཟླ་རི་བོའི་ཕང་བ་དང་རིག་སྨོན་གཞོངས་ཁོག་བརྒྱུད་དེ་མཚོ་ལྷོའི་མཁར་གྲོང་དུ་བསྐྱོད་པའི་ཚེ་ན། གཞུང་ལམ་གྱི་གཡས་གཡོན་དང་རི་གཤམ་གྱི་ཉེ་རྒྱང་ཀུན་ཏུ་ལྗང་མདོག་རྣམ་པར་བཀྲ་བའི་ལྗོན་ཤིང་གི་འཇིག་རྟེན་གྱིས་ཀུན་ནས་ཁེངས་འདུག ཕར་བལྟས་ཚོད་ཀྱིས་ཡུལ་འདིའི་མི་བུ་ཀུན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་ནས་རྒྱལ་ཁོངས་ལྗང་བསྒྱུར་བྱེད་པའི་ཐད་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་ཤེས་ཐུབ།

སྐྱེ་ཁམས་དཔལ་ཡོན་ནི་འབྱུང་གཞི་སྙོམས་སྒྲིག་བྱེད་པའི་རྨང་གཞི་དང་སྤྱི་ཚོགས་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། ཏང་དང་རྒྱལ་ཁབ་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཐད་ལ་འབྲེལ་ཡོད་ཀྱི་ཐབས་ཇུས་འདོན་སྤེལ་དང་སྲིད་ཇུས་གཏན་འབེབས་སོགས་བྱས་ཏེ། རྒྱལ་ཁོངས་ལྗང་སྒྱུར་གྱི་དམིགས་འབེན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་ཀྱིན་ཡོད་ལ། ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་དང་མཚོ་སྔོན་གྱི་བྱ་བར་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པར་མཚོ་ལྷོ་ཁུལ་གྱིས་ཀྱང་རྒྱལ་ཁོངས་ལྗང་སྒྱུར་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ལེགས་པར་བཏོད་དེ།  རྨ་ཆུའི་འབབ་རྒྱུད་ཀྱི་ཁོར་ཡུག་བཅོས་སྐྱོང་དང་རྩྭ་ཐང་བྱེ་འགྱུར་གྱི་གནོད་འཚེ་སྔོན་འགོག མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་ཡུལ་སྐོར་ཁོར་ཡུག་སོགས་ལ་ལེགས་བཅོས་བྱས་པར་མ་ཟད། དམངས་ཡོངས་ཀྱི་སྡོང་འཛུགས་ནགས་སྐྲུན་བྱེད་པའི་ཐད་ལ་མ་དངུལ་འབོར་ཆེན་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་དང་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད།

ལོ་ངོ་བདུན་ཅུའི་ཡར་སྔོན་དུ། མཚོ་ལྷོ་ཁུལ་གྱི་ས་ཁུལ་ཁ་ཤས་ཀྱི་སྐྱེ་ཁམས་ཁོར་ཡུག་ནི་ས་ཁུལ་གཞན་དང་བསྡུར་ན་ས་རྒྱུ་ཞན་འགྱུར་གྱི་ཉེན་ཚབས་རང་བཞིན་ཆེ་ཞིང་། རླུང་འཚུབ་བྱེ་རྡུལ་གྱི་གནོད་པ་ཚབས་ཆེ་བས། དམིགས་བསལ་གྱི་གནས་བབ་ལ་འཕྲད་ཚེ་ས་གཞན་དུ་གནས་སྤོར་བྱེད་དགོས་པའི་སྐབས་ལའང་འཕྲད་མྱོང་། ཁྱད་པར་དུ་གུང་ཧོའི་མངའ་ཁོངས་ཀྱི་ཆོས་རྗེ་དང་བཏུལ་ཐང་། ཀོས་ནན་གྱི་མུ་གེ་ཐང་བཅས་ནི་རྩྭ་ས་བྱེ་ཐང་དུ་འགྱུར་ཚད་ཆེས་ཆེ་བའི་གནས་ཡིན། དེ་ལས་ཀོས་ནན་རྫོང་གི་མུ་གེ་ཐང་ནི་མཚོ་སྔོན་ཞིང་ཆེན་གྱི་བྱེ་འགྱུར་གནོད་སྐྱོན་ཅུང་ཚབས་ཆེ་བའི་ས་ཁུལ་གྱི་གྲས་ཤིག་ཡིན་ལ། ལོ་རབས90པའི་སྐབས་སུ།   བྱེ་ཐང་ཅན་གྱི་ས་ཞིང་རྒྱ་ཁྱོན་གྱིས་ས་མུའུ་ས་ཡ་གསུམ་འབུམ་བཞི་ཁྲི་གཉིས་བཟུང་ཡོད་པ་དང་།  རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི14.2%ཟིན་ཡོད་པས།  ས་དེར་སྡོད་པའི་མང་ཚོགས་ཀྱི་འཚོ་བའི་འཁོར་རྒྱུན་དང་ཕྱུགས་ཟོག་འཚོ་སྐྱོང་། རྨོ་ཞིང་འདེབས་འཛུགས། མདོར་ན་འཚོ་བའི་རྨང་གཞི་འཕེལ་རྒྱས་འགྲོ་བར་རང་བྱུང་གི་འབྱུང་གཞིས་གནོད་འཚེ་ཐེབས་ཀྱིན་ཡོད་པ་རེད། གུང་ཧོ་རྫོང་གི་ལས་བྱེད་རྒན་པ་དབྱང་ཞིན་ལིན་གྱིས་བཤད་རྒྱུར། “སྔོན་ཆད་རླུང་ཆེ་བ་དང་བྱེ་རྡུལ་འཚུབ་པའི་ཁར་འབུད་ཤིང་གི་ཡོང་ཁུངས་གཙོ་བོ་དེ་རང་བྱུང་གི་ནགས་ཤིང་བཅད་ནས་ཡོང་བ་ཡིན་པས་སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཏུ་སོང་ཞིང་། དུས་རྒྱུན་རླུང་ནག་འཚུབ་མའི་གནམ་གཤིས་ཀྱིས་མང་ཚོགས་ཀྱི་ཐོན་སྐྱེད་ལ་ཡང་གནོད་འཚེ་མང་པོ་བཟོས་མྱོང”ཟེར།

རང་བྱུང་གི་གནོད་པ་ཇི་ལྟར་ཆེ་ན་ཡང་འཚོ་སྡོད་བྱེད་དགོས་པའི་ཆོས་ཉིད་ལ་ལྡོག་ཐབས་མེད་པས། ངེས་པར་དུ་ཐབས་ཤེས་ཟུང་སྦྲེལ་གྱི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ལ། 1956ལོར། གུང་ཧོ་རྫོང་གི་མངའ་ཁོངས་སུ་ཡོད་པའི་བཏུལ་ཐང་ས་ཁུལ་གྱི་བྱེ་འགྱུར་སྔོན་འགོག་གི་ལས་དོན་དེ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཙོ་གནད་ལས་དོན་གྱི་གྲས་སུ་བཞག་ནས། ལོ་ངོ་མང་པོའི་རིང་ལ་བྱེ་མའི་གནོད་འཚེ་ཁྲོད་འཚོ་བ་བསྐྱལ་ཡོང་བའི་ཐབས་ཆག་གི་ལོ་རྒྱུས་དེ་མཇུག་སྒྲིལ་ནས་བྱེ་འགོག་གི་སྙིང་སྟོབས་དང་ཉམས་མྱོང་ལག་ལེན་དུ་བསྟར་ཏེ། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་སྲུང་སྐྱོབ་བྱེད་པའི་རྒྱང་བསྐྱོད་ཀྱི་ལམ་བུ་ཤུགས་ཀྱིས་གཏོད་པ་རེད།  1958ལོར། མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་གྱིས་སུན་ཧྲི་ཅེ་ས་གྲུ་བཞི་ཡུལ་ཚོར་མངགས་ནས་རླུང་འགོག་བྱེ་བཅོས་ཀྱི་ནགས་ར་བཙུགས་ནས་བྱེ་འགྱུར་སྔོན་འགོག་གི་ལས་དོན་སྤེལ་བ་དང་། 1959ལོའི་ཟླ5པར། ཀྲུང་གོའི་ཚན་རིག་ཞིབ་འཇུག་ཁང་གི་འགོ་ཁྲིད་དང་མཚོ་སྔོན་གྱི་བྱེ་འགོག་རུ་ཁག པེ་ཅིན་སློབ་ཆེན་དང་པེ་ཅིན་ནགས་ཚལ་སློབ་གླིང་བཅས་ཀྱིས་མཉམ་སྦྲེལ་སྒོས་བཏུལ་ཐང་ས་ཁུལ་གྱི་བྱེ་ཐང་ཁྱབ་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། བྱེ་འགོག་ཐབས་ཇུས་འཚོལ་བཤེར་དང་ལག་ལེན་བྱེད་པའི་ཚོད་ལྟའི་ལས་དོན་རྒྱ་ཆེར་ངང་སྤེལ་པ་དང་། 1962ལོར་ཞིང་ཆེན་ནགས་ལས་ཐིན་གྱིས་ས་གྲུ་བཞི་རུ་ཆེས་ཐོག་མའི་བྱེ་བཅོས་ཚོད་ལྟའི་ས་ཚིགས་བཙུགས་ནས1966ལོའི་བར་དུ་ས་མུའུ645ལྷག་ཏུ་སྡོང་འཛུགས་ནགས་སྐྲུན་བྱས་ནས་བྱེ་འགོག་གི་གྲུབ་འབྲས་བཟང་བོ་བླངས་ཡོད།

ལོ་ངོ60ལྷག་གི་རིང་དུ། མཚོ་ལྷོ་མི་དམངས་ཀྱིས་རང་བྱུང་གི་གནོད་འཚེ་ལ་འགོག་རྒོལ་བྱེད་པའི་སྙིང་སྟོབས་དང་ཕ་ཡུལ་གཅེས་སུ་འཛིན་པའི་འདུན་མ་སེམས་སུ་བཅངས་ནས།  སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཐབས་ཤེས་ཟུང་འབྲེལ་བྱེད་པ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། འབྲེལ་ཡོད་ཀྱི་སྲིད་ཇུས་དོན་འཁྱོལ་དང་དངོས་བརྒྱུད་ཉམས་མྱོང་ལས་སྤྱི་སྡོམ་བྱས་པའི་ཐབས་ཇུས་ལག་ལེན། ཚན་རིག་དང་མཐུན་པའི་སྐྱེ་ཁམས་མ་ལག་གི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། དམངས་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་སུ་གཏོང་བ་བཅས་བྱས་པའི་རྨང་གཞིའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ཡིད་ལ་དམ་པོར་བཅངས་ཏེ།  ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྐྱེ་ཁམས་འཛུགས་སྐྲུན་གྱི་ལས་དོན་ཐད་ལ་བློ་གྲོས་དང་སྟོབས་ཤུགས་འདོན་སྤེལ་བྱས།  ལྷག་པར་དུ། གུང་ཧོ་རྫོང་གི་མངའ་ཁོངས་སུ་ཡོད་པའི་བཏུལ་ཐང་གོང་འོག་བར་གསུམ་དང་ས་གྲུ་བཞི་ཡུལ་ཚོ། ཆོས་རྗེ་ཡུལ་ཚོ།  ཚལ་རྔ་འགག་བཅས་སུ་གཞི་ཁྱོན་ཆེན་པོའི་སྒོ་ནས་ཕྱུགས་སྐྱུར་རྩྭ་འདེབས་དང་ར་བསྐོར་བཀག་གསོ་སོགས་སྐྱེ་ཁམས་བཅོས་སྐྱོང་གི་གཙོ་གནད་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། གཞན་ཡང་མུ་གེ་ཐང་གི་མཐའ་འཁོར་དང་བྱེ་སྣ་ས་ཁུལ་གྱི་ནགས་ཚལ་གྱི་ཁྱབ་ཚད་དེ1996ལོའི2.6%ནས་ད་ལྟའི14.94%བར་མཐོ་རུ་ཕྱིན་ནས། རྫོང་ཡོངས་ཀྱི་བྱེ་འགོག་ཐད་ཁྱོན་བསྡོམས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ལྷག་བཏང་ཞིང་། སྔ་རྗེས་སུ་ཀོས་ནན་རྫོང་ནི་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་དང་སྔོན་ཐོན་ས་ཁུལ་དུ་བདམས་པ་རེད།

2013ལོར་མཚོ་ལྷོ་ཁུལ་གྱི་རྫོང་ལྔ་ཡི་སྤྱི་ལེ་གྲུ་བཞི་མ་ཁྲི་བཞི་སྟོང་བཞི་ལྷག་ དེ«མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད»ནང་བཅུག་པར་བརྟེན། སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་སྟེ་ལག་རྩལ་དང་མ་དངུལ་གྱི་མཐུན་རྐྱེན་ལེགས་པར་གྲུབ། ལོ་དེར་མཚོ་ལྷོ་ཁུལ་གྱིས་འོད་ཤུགས་གློག་གཏོང་གླིང་གི་ལས་གཞི་བཙུགས་པ་བརྒྱུད། བཏུལ་ཐང་གོང་འོག་བར་གསུམ་གྱི་བྱེ་འགོག་བཅོས་སྐྱོང་གི་སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་ཕན་ནུས་རང་བཞིན་གྱི་རམ་འདེགས་གང་ལེགས་བྱས་པ་དང་། དེ་དང་བསྟུན་ནས་ཞིང་ཆེན་ནགས་ལས་ཅུའུ་ཡིས་ལོ་ལྟར་སྒོར་བྱེ་བ་གཅིག་ལྷག་བཏང་སྟེ། འོད་ཤུགས་གློག་གཏོང་གླིང་དུ་རླུང་འགོག་བྱེ་བཅོས་དང་མཛེས་ལྗོངས་ནགས་ཚལ་འཛུགས་སྐྲུན་བྱས་པར་མ་ཟད། སྡོང་ཕྲུག་ལ་ཆུ་འདྲེན་པའི་བཟོ་སྐྲུན་གྱི་ལས་གཞི་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་སྟེ།  སྡོང་ཕྲུག་སྣ་ཚོགས་ཀྱི་གསོན་ཚད་དང་སྐྱེས་ཚད90%ཡན་ཟིན་ཡོད།  གཞན་ཡང་མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ། བཏུལ་ཐང་ས་ཁུལ་དུ་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ609ལྷག་གི་སྟེང་དུ་འོད་བསྡུ་ཤེལ་ལེབ་འཛུགས་སྐྲུན་བྱས་ནས་དེའི་ཁྱབ་ཚད་ལ་སྤྱི་ལེ་གྲུ་བཞི་མ300ལྷག་ཟིན་པ་དང་། གཞི་ཁྱོན་ཆེ་བའི་འོད་བསྡུ་ཤེལ་ལེབ་བཙུགས་པར་བརྟེན་བཏུལ་ཐང་ས་ཁུལ་གྱི་བྱེ་རླུང་ཇེ་ཉུང་དང་ས་རྒྱུ་ཞན་འགྱུར་ཇེ་ཆུང་དུ་ཕྱིན་ཡོད་པ་རེད། ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། འོད་ཤུགས་གླིང་འཛུགས་སྐྲུན་མ་བྱས་པའི་གོང་གི་ཆ་སྙོམས་ཀྱི་གྲངས་ཐང་དང་བསྡུར་ན་མིག་སྔར་བཏུལ་ཐང་ས་ཁུལ་གྱི་རླུང་གཡུག་ཚད50%དང་ས་རྒྱུ་ཇེ་ཞན་དུ་འགྱུར་ཚད30%མར་ཆག་སྟེ་སྔོ་ཁེབས་ཀྱི་ཁྱབ་ཚད80%ཡན་སླར་གསོ་བྱས་ཡོད།

ལོ་ངོ་མང་པོའི་རིང་ལ་འབད་བརྩོན་ལྷོད་མེད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱས་པ་བརྒྱུད། 2022ལོར་སྤྱི་སྡོམ་བྱས་པ་ལྟར་ན། མིག་སྔར་མཚོ་ལྷོ་ཁུལ་གྱི་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད98.3%ཟིན་ཡོད་པ་དང་། ས་ཁོངས་ཀྱི་ཆུའི་སྤུས་ཚད་རིགས་གཉིས་ཡན་རྒྱུན་འཁྱོངས་ཐུབ་ཡོད་པ། རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་སྤུས་ཚད100%ཟིན་ཡོད་པས། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་དང་། སྦགས་བཙོག་འགོག་བཅོས་ཀྱི་དུས་མཚམས་རང་བཞིན་གྱི་དམིགས་ཚད་ཕྱོགས་ཡོངས་ནས་ཇེ་བཟང་དུ་སོང་ཡོད་ལ། དེ་མིན་མཚོ་ལྷོ་ཁུལ་གྱིས་མིས་བཟོས་ནགས་ཚལ་དང་ཀླུང་རྒྱ་ནགས་སྐྱོང་བཅས་སྤྱི་ཆིང་འབུམ་གསུམ་དང་ཁྲི་བཞི་ལྷག་ལེགས་སྒྲུབ་བྱས་པ་དང་། དམངས་ཡོངས་ཀྱིས་སྡོང་འཛུགས་ནགས་སྐྲུན་བྱས་པའི་སྡོང་རྐང་བྱེ་བ་གཅིག་ས་ཡ་དྲུག་འབུམ་གཉིས་ལྷག་བཙུགས་ནས་ནགས་ཚལ་ཀྱི་ཁེབས་ཚད10.08%ནས12.38%བར་མཐོ་རུ་ཕྱིན་ཏེ།   ལྗང་མདོག་གི་རྔམ་ཁ་ཇེ་མཐུག་ཏུ་སོང་ཡོད་ཅིང་།   ས་ནག་གྲམ་ཐང་བཅོས་སྐྱོང་དང་རྩྭ་ཐང་གི་ཨ་བྲའི་གནོད་འཚེ་འགོག་བཅོས། ཞན་འགྱུར་དུ་འགྲོ་བཞིན་པའི་རྩྭ་ས་མུའུ་བྱེ་བ་གསུམ་ས་ཡ་དགུ་འབུམ་དགུ་ལྷག་གི་ས་རྒྱུ་ཇེ་ལེགས་སུ་སོང་ནས་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད53.1%ནས57.1%བར་འཕར་ཡོད་པས།  སྐྱེ་ཁམས་ཁོར་ཡུག་གི་སྤྱིའི་སྤུས་ཚད་ལོ་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་མངོན་གསལ་གྱིས་མཐོང་ཐུབ།

ད་ལྟ་མཚོ་ལྷོའི་མངའ་ཁོངས་ཀྱི་ཡངས་པའི་འཛིན་མའི་སྟེང་དུ་གཡུ་མདོག་གི་ལྗོན་ཤིང་སྣ་ཚོགས་དུས་ཀྱི་བསིལ་རླུང་འཇམ་པའི་གར་སྟབས་དང་མཉམ་དུ། རང་བྱུང་སྐྱེ་ཁམས་ཀྱི་ཉམས་སྣང་ལ་སྔར་ལས་ལྷག་པའི་གསོན་ཤུགས་བསྩལ་ཏེ། ཡུལ་ཕྱོགས་ཀུན་ཏུ་སྐྱེ་ཁམས་ཁོར་སྲུང་གི་རྣམ་པ་ལེགས་པོ་དེ་མཐོང་ཐུབ་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་སྟངས་ཀྱིས་ས་གནས་ཀྱི་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་མཐུན་རྐྱེན་གང་ལེགས་སྐྲུན་ཞིང་།  དེ་གཉིས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཆོས་ཉིད་ཅིག་ཡིན་པས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི། ས་གནས་ཤིག་གི་ཆེས་མེད་དུ་མི་རུང་བའི་རྩ་བའི་ཐབས་ཇུས་ ཡིན་ལ། མཚོ་ལྷོ་ཁུལ་གྱིས་རྩ་བའི་ཐབས་ཇུས་འདི་ལག་ལེན་དང་དོན་འཁྱོལ་བྱེད་པར་ཉམས་མྱོང་གང་མང་བསགས་ནས། ཁྱོན་ཡངས་པའི་ལྗང་མདོག་གི་གུང་ཧོ་གཤོངས་ས་དར་སྤེལ་དུ་བཏང་སྟེ་དམངས་ཡོངས་ཀྱི་བདེ་སྐྱིད་ཀྱི་ཚོར་སེམས་སྔར་ལས་ཇེ་མཐོར་བཏང་ཡོད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།