རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་གི་རྩྭ་སའི་རྒྱ་ཁྱོན་དེ་ཙམ་ཆེན་པོ་མིན་ཏེ། རང་བྱུང་རྩྭ་ས་སྤྱི་ཆིང་འབུམ་དྲུག་ཁྲི་དྲུག་ལྷག་ལས་མེད་པ་དང་། དེའི་ནང་ད་དུང་སྤྱི་ཆིང་འབུམ་བཞི་དང་ཁྲི་གསུམ་ལྷག་ཕྱུགས་འགོག་རྒྱ་ཁྱོན་ལ་གཏོགས་པས། འདི་ལས་ཧི་ནན་རྫོང་ལ་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་རྩྭ་སའི་རྒྱ་ཁྱོན་སྤྱི་ཆིང་འབུམ་གཉིས་དང་ཁྲི་གཉིས་ལྷག་ལས་མེད་པ་མཚོན་ཞིང་། ཧི་ནན་རྫོང་གི་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བར་རྩ་བའི་ཆ་ནས་ཚོད་འཛིན་ཐེབས་ཡོད།
ཧི་ནན་རྫོང་གི་རང་བྱུང་རྩྭ་སའི་གྲངས་ཀ་ནི་ཞན་ཆ་ཞིག་ཏུ་མཐོང་མོད། འོན་ཀྱང་རང་བྱུང་རྩྭ་སའི་སྤུས་ཚད་དེ་ལེགས་ཆ་ཞིག་ཏུ་མངོན་ཡོད།
མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡིས2021ལོར་ཞིབ་བཤེར་གཏན་འབེབས་བྱས་པའི་གཞི་གྲངས་ལྟར་ན། ཧི་ནན་རྫོང་གི་རང་བྱུང་རྩྭ་སའི་རྩྭའི་ཐོན་ཚད་མུའུ་རེར་སྤྱི་རྒྱ538ལྷག་ཟིན་པ་དང་། གཟན་རྩྭའི་ཐོན་ཚད་མུའུ་རེར་སྤྱི་རྒྱ452ལྷག་ཟིན་པ། རྩྭ་དང་རྩི་ཤིང་གི་ཆ་སྙོམས་མཐོ་ཚད་ལི་སྨི21ལྷག་ཟིན་པ། སྤང་གི་ཆ་སྙོམས་ཁེབས་ཚད90.6%ཟིན་པ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད71.7%ཟིན་ཡོད། ལོ་དེར་རང་རྒྱལ་གྱི་རྩྭ་ཐང་ཕྱོགས་བསྡུས་ཀྱི་སྤང་གི་ཁེབས་ཚད50.32%ཟིན་ཡོད།
འདི་ནི་ཧི་ནན་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པའི་སྤོབས་གདེང་ཡོད་ས་དེ་ཡིན་པས། རྩྭ་ཐང་གི་ལེགས་ཆ་མངོན་གསལ་དོད་པོ་ཡོད། དེ་འདྲའི་རྩྭ་ཐང་བཟང་པོ་ཞིག་ཡོད་དོན་ནི། ཕྱོགས་མང་པོའི་རྒྱུ་རྐྱེན་ལ་རག་ལས་ཏེ། ཕྱོགས་གཅིག་གི་རི་ཆུ་ཡིས་ཕྱོགས་གཅིག་གི་མི་གསོ་བ་དང་། ཐུན་མོང་མ་ཡིན་པའི་ས་ཁམས་དང་གནམ་གཤིས་ཁོར་ཡུག་གིས་མཛེས་སྡུག་ལྡན་པའི་རྩྭ་ཐང་འདི་གྲུབ་པ་རེད། ཧི་ནན་རྫོང་གིས2004ལོ་ནས་བཟུང་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་བཏང་ཞིང་མཚོ་སྔོན་གྱི་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་བཏང་བ་སྔ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། མང་ཚོགས་ལ་རྩྭ་ཐང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དྲག་པོ་ལྡན་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་སྐྱེ་ཁམས་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པས་རྩྭ་ཐང་རྟག་ཏུ་སྔོ་ལྗང་ངེར་གནས་ཡོད།
ཀུན་གྱིས་ཁས་ལེན་དགོས་པ་ཞིག་ནི། ཨ་བྲའི་གནོད་འཚེ་དང་། ས་ནག་ཐང་། རྩྭ་ཐང་གི་གནོད་འབུ་སོགས་ཀྱི་གནད་དོན་འཕྲལ་དུ་ཐག་གཅོད་བྱེད་དགོས་པ་དེ་ཡིན་ལ། གནད་དོན་དེ་དག་འབྲོག་ཕྱོགས་ལ་མཚོན་ནས་བཤད་ན་ཡོངས་ཁྱབ་ཀྱི་གནད་དོན་ཞིག་ཡིན། ཇི་ལྟར་བྱས་ནས་ཐུན་མོང་རང་བཞིན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་འབྲོག་པ་འཚོ་སྡོད་བྱེད་སའི་ཁྱིམ་གཞིས་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཟེར་ན། ཧི་ནན་རྫོང་གིས“གཏན་འབེབས་བྱ་སྤྱོད”ཡག་པོ་སྤེལ་ནས་ད་ཡོད་རྩྭ་ཐང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་ཡག་པོ་བྱེད་དགོས་ལ།“རང་འདེམས་བྱ་སྤྱོད”ཐོག་དངོས་སུ་སྐྱོད་ཐུབ་པ་བྱས་ནས་ཉམས་ཞན་དུ་གྱུར་པའི་རྩྭ་ས་བཅོས་སྐྱོང་ནུས་ལྡན་བྱེད་དགོས་པ་དེ་ཡིན།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་ལས་གཞི་བཟོ་འགོད་ལག་བསྟར་བྱས་ནས་རྩྭ་སའི་ཁ་གསབ་བྱ་དགའ་དང་། ས་ནག་ཐང་བཅོས་སྐྱོང་། ཕྱུགས་བསྐྱུར་རྩྭ་གསོ། རྩྭ་ཐང་ཞན་འགྱུར་ལེགས་བཅོས་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ནས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་ལས་གཞིའི་མ་དངུལ་སྔར་་ལས་མང་པོ་བརྩོན་ལེན་བྱས།
རྫོང་རིམ་པའི་ལས་བྱེད་པའི་འགན་འཁྲིའི་རྩྭ་ས་འཛུགས་སྐྲུན་ལག་བསྟར་བྱས་ཏེ། 2016ལོ་ནས་བཟུང་ཧི་ནན་རྫོང་གིས་ཞན་འགྱུར་ཚབས་ཆེན་གྱི་རྩྭ་ས12གཏན་འཁེལ་བྱས་པ་དང་། ཁྱོན་བསྡོམས་སྤྱི་ཆིང2600རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གྱི་འགན་འཁྲིའི་རྩྭ་ས་རུ་བརྩིས་ནས་སྒོ་བྱང་བཀལ་ཏེ་བཅོས་སྐྱོང་བྱས་པར་ཕན་འབྲས་མངོན་གསལ་བླངས། དེར་བརྟེན་ཧི་ནན་རྫོང་གིས་ད་དུང《ཧི་ནན་རྫོང་གི་རྫོང་རིམ་པའི་ལས་བྱེད་པའི་འགན་འཁྲིའི་རྩྭ་ས་དང་རྩྭ་ཐང་གི་སྐྱེ་ཁམས་བཅོས་སྐྱོང་འཆར་འགོད(2017ལོ་ནས2022ལོའི་བར)》རྩོམ་སྒྲིག་དཔར་འགྲེམ་བྱས་ནས་རྩྭ་ཐང་བཅོས་སྐྱོང་གི་ཞིབ་ཕྲའི་འགན་འཁྲི་མི་སྒེར་ལ་དོན་འཁྱོལ་བྱས་ཡོད།
གསེར་ལུང་ཡུལ་ཚོ་ལམ་ལུང་སྡེ་བའི་ཧྲེ་དང་པོའི་སྒྲོལ་མ་སྐྱབས་ནི་རྫོང་རིམ་པའི་ལས་བྱེད་པའི་འགན་འཁྲིའི་རྩྭ་ས་དང་རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་གི་ཁེ་ཕན་ཐོབ་མཁན་ཞིག་ཡིན། སྒྲོལ་མ་སྐྱབས་ཀྱིས་གསར་འགོད་པར་བཤད་རྒྱུར། ངེད་ཚང་གི་རྩྭ་ས་སྤྱི་ཆིང60ཡི་ཕྱེད་ཀ་ནི་ས་ནག་ཐང་ཡིན་པ་དང་། རྩྭ་ས་ཉམས་ཞན་དུ་འགྲོ་བའི་མྱུར་ཚད་ཧ་ཅང་མགྱོགས་པས། རྩྭ་སའི་གནོད་འབུ་དང་ཨ་བྲའི་གནོད་འཚེ་ཐེབས་པའི་ས་དེ་ཧ་ལམ་ལོ་གཅིག་གི་ནང་ས་ནག་ཐང་དུ་འགྱུར་ཟེར།
རྩྭ་སའི་རྒྱ་ཁྱོན་ཇེ་ཆུང་དུ་སོང་བས་སྒྲོལ་མ་སྐྱབས་ཀྱིས་ཕྱུགས་ཟོག་གི་གྲངས་ཀ་ཇེ་ཉུང་དུ་མི་གཏོང་ཐབས་མེད་བྱུང་། 2017ལོ་ནས་བཟུང་། སྒྲོལ་མ་སྐྱབས་ཚང་གི་ཉམས་ཞན་དུ་གྱུར་པའི་རྩྭ་ས་དེ་རྫོང་རིམ་པའི་ལས་བྱེད་པའི་འགན་འཁྲིའི་རྩྭ་སར་བརྩིས་ནས། ཕྱུགས་འགོག་རྩྭ་འདེབས་དང་། གནོད་འབུའི་གནོད་འཚེ་བཅོས་སྐྱོང་། ཨ་བྲའི་གནོད་འཚེ་བཅོས་སྐྱོང་བྱས། སྒྲོལ་མ་སྐྱབས་ཀྱིས་བསྒྲུབ་དགོས་པ་ནི་གཞུག་ཕྱོགས་ལྟ་སྲུང་ལེགས་པོ་བྱས་ནས་དུས་ཡུན་ཐུང་ངུའི་ནང་ནོར་ལུག་བཅོས་སྐྱོང་ས་ཁོངས་སུ་འགྲོ་བ་འགོག་རྒྱུ་དེ་ཡིན།
ད་སྐབས། ལོ་ལྔ་འདས་ཟིན་པ་དང་། བཅོས་སྐྱོང་བྱས་པའི་རྩྭ་ཐང་ལ་སླར་ཡང་སྐྱེ་སྟོབས་སླར་གསོ་བྱུང་ཡོད། གདོད་མའི་རྩྭ་ཐང་དང་བསྡུར་ན་བར་ཁྱད་ཡོད་རུང་། རེས་མོས་ངང་ཕྱུགས་འཚོས་ན་ཆོག སྒྲོལ་མ་སྐྱབས་ཚང་གི་ཕྱུགས་ཟོག་ཡང་ཡར་སྔོན་གྱི50ལྷག་ནས100ལྷག་ལ་འཕར་ཡོད།
ཧི་ནན་རྫོང་གིས་རྫོང་རིམ་པའི་ལས་བྱེད་པའི་འགན་འཁྲིའི་རྩྭ་ས་ལག་བསྟར་བྱས་པ་དེས་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་ལ་ནུས་པ་སྔར་ལས་ཆེ་བ་ཐོན་པ་དང་། དུས་མཚུངས་སུ་རྫོང་ཡོངས་ཀྱི་ལས་བྱེད་པས་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དེ་བསམ་བློའི་འདུ་ཤེས་ནས་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་རྒྱུར་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་མཁོ་འདོན་བྱས་ཏེ། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རྒྱུན་ཆད་མེད་པའི་གསོན་ཤུགས་སྦྱིན་ཡོད།
ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ནི། སྐྱེ་ཁམས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱས་ནས། སྐྱེ་ཁམས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་ཐོན་ལས་གཅིག་སྡུད་ཅན་མངོན་འགྱུར་ཡོང་བར་བྱེད་པ་དང་། ཤོ་ཏོའི་ནོར་གནག་དང་དངུལ་རའི་ལུག་གི་གཙོ་ཁྲིད་ཐོན་ལས་ལ་དམིགས་ནས“ཧི་ནན་གྱི་ཁྱད་ཆོས”ལྡན་པའི་ལྗང་མདོག་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་ཤིང་།“རུབ་སྐོར”ལས་ཐར་བར་བྱས་ཏེ། གྲོང་གསེབ་དར་སྤེལ་དང་ཕྱུགས་ལས་ས་ཁུལ་མགྱོགས་མྱུར་ངང་མཉམ་དུ་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་རྩོམ་དགོས།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།