ཀྲུང་གོས་མདོ་ལ་རིང་མོར་སྐྱེ་ཁམས་ཚན་ཞིབ་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་རམ་འདེགས་བྱས།
2023.06.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 12

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི“སྐྱེ་ཁམས་ཚན་ཞིབ་མཐོ་ས”འཛུགས་སྐྲུན་བྱེད་པའི་བགྲོ་གླེང་ཚོགས་འདུ་དེ་ཉེ་ཆར་མཚོ་སྔོན་ཟི་ལིང་དུ་འཚོགས་ཤིང་། གྲོས་ཚོགས་ཀྱིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཁུལ་བཙུགས་ཚུན་གྱི་སྐྱེ་ཁམས་ཚན་ཞིབ་མཐོ་ས་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པ་དང་། ཚོགས་ཞུགས་ལས་རིགས་ཁག་གི་ཆེད་མཁས་པས་མདོ་ལ་རིང་མོའི་སྐྱེ་ཁམས་ཚན་ཞིབ་མཐོ་ས་བསྐྲུན་རྒྱུའི་ཐད་ཐབས་འདོན་ཇུས་འབུལ་དང་བརྟག་དཔྱད་འདྲི་རྩད་བྱས་པར་མ་ཟད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ཁུལ་དུ་སོང་ནས་ཚན་རིག་རྟོག་ཞིབ་བྱས།

མདོ་ལ་རིང་མོ་ནི་ཀྲུང་གོའི་ནུབ་བྱང་ས་ཁུལ་དུ་གནས་པ་དང་མཚོ་བོད་མཐོ་སྒང་གི་མཐའ་མཚམས་རི་རྒྱུད་ཆེ་ཤོས་དང་། ཀྲུང་གོའི་ནུབ་བྱང་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ། གསའ་དང་། རྩྭ་གཡི། ཁྲུང་ཁྲུང་སྐེ་ནག་སོགས་སྲོག་ཆགས་རྩ་ཆེན་དག་གི་འཚོ་གནས་ཀྱང་ཡིན།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ངམ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ལི་ཞའོ་ནན་གྱིས་ཤིས་ཚིག་ནང་བསྟན་དོན། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཚན་ཞིབ་དེ་ལྗང་མདོག་འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་བརྩིས་ནས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལྷན་སྐྱེས་ནུས་པ་དང་སྣ་མང་ཕུན་སུམ་ཚོགས་པའི་སྐྱེ་ཁམས་མ་ལག་ལ་བརྟེན་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་རིག་ལམ་ལ་ཞིབ་འཇུག་དང་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། སྐྱེ་ཁམས་ཚན་ཞིབ་ཀྱི་མཐོ་ས་བསྐྲུན་པ་ལ་བརྟེན་ནས། སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་མངོན་འགྱུར་བྱེད་པའི་ཐད་གཡུར་ཟའི་གྲུབ་འབྲས་བླངས་ཡོད།

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞབས་ཞུ་འགན་ལེན་ལྟེ་གནས་ཀྱི་ཀྲུའུ་རིན་ལིག་ཏི་མིན་གྱིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གིས་ཐོག་མ་ནས་སྐྱེ་ཁམས་ཚན་ཞིབ་ཀྱི་མཐོ་ས་བསྐྲུན་རྒྱུ་དེ་གོ་གནས་ཨང་དང་པོར་བཞག་ནས་གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་བསྐྲུན་པས་ཁེབས་ཚད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ8000ཟིན་པ་དང་། ཆུ་དང་ས། སོལ་རླངས། སྐྱེ་དངོས་སོགས་སྐྱེ་ཁམས་དམིགས་ཚད་སོ་སོར་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་གཞི་གྲངས་ནུས་ལྡན་དང་བརྟན་བརླིང་ངང་བརྒྱུད་སྤྲོད་བྱེད་པ་མངོན་འགྱུར་བྱུང་ཡོད་ཅེས་ངོ་སྤྲོད་བྱས།

གླིང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གཞི་རྩའི་གནས་ཚུལ་མཐིལ་རྟོགས་བྱ་ཆེད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གིས་སྔ་རྗེས་སུ་རང་བྱུང་ཐོན་ཁུངས་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་རྩ་བའི་ཐོན་ཁུངས་ལ་བརྟག་དཔྱད་བྱས་ནས་མཐོ་རིམ་རྩི་ཤིང་སྣ་ཁ་སྟོང་གཅིག་བཞི་བརྒྱ་གྱ་བདུན་དང་། རི་སྐྱེས་སྒལ་རུས་ཅན་གྱི་སྲོག་ཆགས་རིགས་བཞི་བརྒྱ་དང་གཅིག འབུ་ཕྲ་ཆེ་གྲས་ཉིས་བརྒྱ་དང་གསུམ། སྒལ་རུས་མེད་པའི་སྲོག་ཆགས་རིགས་དྲུག་བརྒྱ་དོན་དགུ་བཅས་ཟིན་ཐོར་བཀོད་པ་དེའི་ནང་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རྩི་ཤིང་སྣ་ཁ་ཉེར་གཉིས་དང་གཙོ་གནད་སྲུང་སྐྱོབ་བྱེད་པའི་སྲོག་ཆགས་རིགས་གོ་དྲུག་ཡོད། བརྟག་དཔྱད་བྱས་པ་ལས་ད་དུང་འབུ་སྲིན་གྱི་རིགས་གསར་པ་བཅུ་བཞི་དང་། ཀྲུང་གོའི་ཟིན་ཐོ་གསར་པ་བཅུ། མཚོ་སྔོན་ཞིང་ཆེན་གྱི་ཟིན་ཐོ་གསར་པ་ཉིས་བརྒྱ་ཉེར་བརྒྱད། མདོ་ལ་རིང་མོའི་བྱ་རིགས་ཀྱི་ཟིན་ཐོ་གསར་པ་དགུ་བཅས་ཤེས་རྟོགས་བྱུང་།

དངོས་རིགས་རྩ་ཆེན་གྱི་སྲུང་སྐྱོབ་དང་ཞིབ་འཇུག་ལ་སྐུལ་འདེད་གཏོང་ཆེད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གིས་གསའ་བཞི་དང་རྩྭ་གཡི་བཅུ། ཁྲུང་ཁྲུང་སྐེ་ནག་སོ་བརྒྱད་ལ་རྗེས་འདེད་ལྟ་ཞིབ་ཚད་ལེན་བྱས་ནས་གླིང་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་སྐྱེ་འཕེལ་དང་གནས་སྤོར་ལམ་ཐིག་སོགས་ཐད་ཀྱི་ཆོས་ཉིད་ཕྱོགས་སྡོམ་བྱས་པ་དང་། ཀྲུང་གོའི་གསའ་དང་རྩྭ་གཡི་འགུལ་སྐྱོད་ཁྱབ་ཁོངས་དང་གནས་སྤོར་ལམ་ཐིག་སོགས་ཐད་ཀྱི་ཞིབ་འཇུག་གི་སྟོང་ཆ་བསྐངས་ཡོད།

རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་སི་ཡི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཞའོ་ཧུང་གིས་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་ནང་གི་རང་བྱུང་ཐོན་ཁུངས་ཀྱི་རྩ་བའི་བརྟག་དཔྱད་དང་སྐྱེ་ཁམས་མ་ལག་གི་ནང་རྐྱེན་ཞིབ་འཇུག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་བརྟག་དཔྱད་ལྟ་ཞིབ་ཚད་ལེན་སོགས་ཀྱི་ཚན་ཞིབ་ལས་དོན་རྒྱུན་མཐུད་དང་ནུས་ལྡན་ངང་སྤེལ་ཚེ། སྐྱེ་ཁམས་མ་ལག་སོ་སོའི་བར་གྱི་རྙོག་འཛིང་ཆེ་བའི་འབྲེལ་བ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་ཐུབ་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོ་དམ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་ཚན་རིག་གི་འདེགས་སྐྱོར་ཏན་ཏིག་འདོན་སྤྲོད་བྱེད་ཐུབ་ཅིང་། གླིང་ཁུལ་ནང་གི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འདེགས་ཐུབ།

མཐོ་གསར་ལག་རྩལ་བེད་སྤྱོད་ཐད་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་གཞི་གྲངས་ཆེན་མོའི་ལྟེ་གནས་བསྐྲུན་པ་དེས་རང་བྱུང་ཐོན་ཁུངས་ཀྱི་གཞི་གྲངས་མཛོད་དང་ཤེས་ཚོར་མ་ལག་མཉམ་འདྲེས་མཉམ་སྤྱོད་ཐུབ་པ་དང་། མིས་བཟོས་རིག་ནུས་ལ་བརྟེན་པའི་རི་སྐྱེས་སྲོག་ཆགས་དྲ་ཐོག་ཏུ་དབྱེ་འབྱེད་བྱེད་པའི་དབྱེ་ཞིབ་མ་ལག་བསྐྲུན་པ་དང་། གླིང་ཁུལ་གྱི་ཁྱད་ཆོས་ལྡན་པའི་རིག་ནུས་སྐོར་སྲུང་མ་ལག་བཙུགས་པས་དཔེ་མཚོན་སྐྱེ་ཁམས་རིགས་ཀྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དབྱེ་ཞིབ་དང་བེད་སྤྱོད་བྱེད་ནུས་ཆེ་རུ་ཕྱིན་ཡོད།

ཆིན་ཧྭ་སློབ་ཆེན་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་གི་ཡོན་ཀྲང་དབྱང་རུའེ་ཡིས་ཁ་བྱང་ལ“ཐང་རྒོད་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་མདུན་གྲས་གནད་དོན”ཞེས་པའི(དྲ་ཐོག)བརྗོད་དོན་སྙན་ཞུ་ཕུལ་བའི་ཁྲོད“སྐྱེ་ཁམས་སྲུང་སྐྱོབ་ནི་ལག་ལེན་ཞིག་ཡིན་པས་ཚན་རིག་ཞིབ་འཇུག་གི་རྨང་གཞི་འདིང་དགོས། དེ་ལྟར་བྱས་ན་ང་ཚོའི་ཐབས་ཇུས་ནི་གཞི་ནས་ཚན་རིག་དང་མཐུན་ཞིང་ཡང་དག་པའི་ཐབས་ཇུས་ཤིག་ཡིན”ཞེས་བརྗོད་ཡོད། མདོ་ལ་རིང་མོའི་སྐྱེ་ཁམས་ཚན་ཞིབ་མཐོ་ས་འཛུགས་སྐྲུན་བྱས་པ་དེས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

ལི་ཞའོ་ནན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་དེ་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་དཔེ་སྟོན་ས་ཁོངས་དང་། སྐྱེ་ཁམས་མ་ལག་སླར་གསོ་དང་སྐྱེ་ཁམས་རིན་ཐང་མངོན་འགྱུར་རམ་རང་བྱུང་སློབ་གསོའི་འགྲེམས་སྟོན་དཔེ་མཚོན་ས་ཁོངས་སུ་འགྱུར་བར་བརྩོན་བཞིན་ཡོད་ལ། རྒྱལ་ཁབ་སྤྱི་གླིང་གི་གསར་གཏོད་སྒྲིག་སྲོལ་གྱིས་མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོབ་ལ་སྒུལ་ནུས་གསར་པ་སྣོན་བཞིན་ཡོད་པ་དང་། སྐྱེ་ཁམས་ཚན་ཞིབ་ཀྱི་མཐོ་ས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་གོ་སྐབས་གསར་པའང་སྦྱིན་བཞིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།