རྨ་ཆུའི་མགོ་ཁུངས་ཀྱི་མི་དང་ཁྲུང་ཁྲུང་གི་བརྩེ་བ།
2023.06.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོ་སྐྱེ་ཁམས་བདག་སྐྱོང་ས་ཚིགས་ཀྱི་བདག་སྐྱོང་པའི་ཁྲོད་དུ་བཤད་རྒྱུན་འདི་འདྲ་ཞིག་ཁྱབ་ཡོད་དེ།“སྐྱེ་ཁམས་བཟང་མིན་འདབ་ཆགས་ཚོགས་ལ་དྲིས”ཅེས་པ་དེ་རེད།  མཐོ་སྒང་དུ་དཔྱིད་ཀ་ཚེས་པ་ན་ཁྲུང་ཁྲུང་སྐེ་ནག་ཆ་དང་ཆ་བྱས་ཏེ་ཡུལ་དེ་གར་འཚོ་སྡོད་བྱས་ཤིང་རྒྱུད་སྤེལ་བྱེད་པར་བྲེལ་བཞིན་ཡོད།  མཐོ་སྒང་དུ་འཚོ་བ་རོལ་བའི་ཁྲུང་ཁྲུང་གཅིག་པུར་གཏོགས་པའི་ཁྲུང་ཁྲུང་སྐེ་ནག་ནི་ས་གནས་དེ་གའི་མཚོན་བྱེད་རང་བཞིན་གྱི་རི་སྐྱེས་འདབ་ཆགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་མི་རྣམས་ཀྱིས་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་མེ་ལོང་ལྟ་བུ་ཞིག་ཀྱང་རེད།

རླངས་འཁོར་གྱི་སྒེའུ་ཁུང་ནས་རྒྱང་རིང་དུ་བལྟས་ཚེ། མིག་མདུན་གྱི་མཚེའུའི་བརླན་ས་དེ་ནི་ཁྲུང་ཁྲུང་སྐེ་ནག་གི་རང་བྱུང་དགའ་ཚལ་ཞིག་ཏུ་གྱུར་ཡོད། 2023ལོར་རྨ་ཆུ་ཡུལ་ཚོའི་སྐྱེ་ཁམས་བདག་སྐྱོང་པ་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག   བདག་སྐྱོང་ས་ཚིགས་ཀྱི་ཁོངས་གཏོགས་སུ་མིས་བཟོས་བྱ་ཚང18ཇེ་མང་དུ་ཕྱིན་ཡོད། ལོ་གསུམ་གྱི་གོང་ལ་རྨ་ཆུ་ཞང་སྐྱེ་ཁམས་བདག་སྐྱོང་ས་ཚིགས་ཀྱིས་ཁྲུང་ཁྲུང་སྐེ་ནག་ལ་བྱ་ཚང་ལས་མགོ་ཚུགས་པ་དང་། མིག་སྔར་མིས་བཟོས་བྱ་ཚང63ལས་ཡོད་ལ་ཚང་མར་ཁྲུང་ཁྲུང་སྐེ་ནག་བཟའ་ཟླ་རེ་བསྡད་ཡོད་ཅེས་འཇམ་དབྱངས་རྡོ་རྗེ་ཡིས་དགའ་སྤྲོའི་ངང་གསར་འགོད་པར་བཤད།

འོན་ཀྱང་ཆར་ཆུ་ཇེ་མང་དུ་སོང་བ་དང་བསྟུན་ནས་གཟའ་འཁོར་གཉིས་ཀྱི་གོང་དུ་ཁྲུང་ཁྲུང་སྐེ་ནག་གི་འདུ་འགོད་ཆེ་བའི་སྤེན་མའི་ན་སྡེ་བ་དང་། རེ་ཆུ་སྡེ་བ། ཐང་དཀར་མ་སྡེ་བ་བཅས་ས་ཁུལ་གསུམ་གྱི་མཚེའུ་དང་བརླན་ས་ཡི་ཆུ་གནས་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད། ཏག་ཏག་ཁྲུང་ཁྲུང་གི་སྒོ་ང་རུམ་པའི་དུས་སྐབས་ཡིན་པས་ཁྲུང་ཁྲུང་གི་ཚང་དང་སྒོ་ང་ཆུས་བསྣུབས་པའི་ཉེན་ཁ་ཆེ།

དེར་བརྟེན་རྨ་ཆུ་ཡུལ་ཚོའི་སྐྱེ་ཁམས་བདག་སྐྱོང་ས་ཚིགས་ཀྱིས་ཁྲུང་ཁྲུང་སྐེ་ནག་གི་ཚང་མྱུར་སྐྱོབ་བྱེད་པའི་འགུལ་སྐྱོད་སྤེལ།

བདག་སྐྱོང་པས་ཁྲུང་ཁྲུང་སྐེ་ནག་ལ་རྒྱུས་མངའ་ཆེ་བའི་བྱ་ཚང་རྙིང་པ་སོར་འཇོག་བྱས་པ་དང་། སྔོ་རྩྭ་སྐམ་པོ་འོག་ཏུ་བཏིངས་ནས་མཐོ་ཚད་ལི་རྨིད80ཙམ་ལ་སླེབས་པར་བྱས་ཤིང་། དེ་ནས་བྱ་ཚང་གསར་པ་བཀོད་སྒྲིག་བྱས། འཇམ་དབྱངས་རྡོ་རྗེ་ཡིས་དེ་ལྟར་བྱས་ཚེ་ཁྲུང་ཁྲུང་སྐེ་ནག་གཞི་ནས་བློ་བདེ་པོའི་ངང་ཚང་དུ་སྡོད་ཐུབ་ཟེར།

འཇམ་དབྱངས་རྡོ་རྗེས་བཤད་རྒྱུར། གཟའ་འཁོར་འདི་གཉིས་ཀྱི་ཚུན་ལ། ཡུལ་ཚོ་ཡོངས་སུ་ཆུས་བསྣུབས་ཉེན་ཆེ་བའི་ཁྲུང་ཁྲུང་གི་ཚང12ཡོངས་སུ་རྫོགས་པ་ཇེ་བརྟན་དུ་བཏང་ཡོད། ཁྲུང་ཁྲུང་སྐེ་ནག་གིས་ཆུ་ཡོད་སར་ཚང་བཟོ་བས། ཆུ་སྲབ་སར་མིས་བཟོས་བྱ་ཚང་ལས་སྐབས། བདག་སྐྱོང་པ་རྐང་ཐང་དུ་ཆུར་བརྒལ་དགོས་ལ་ཆུ་གཏིང་ཟབ་པའི་མཚེའུ་ཡོད་ས་རུ་རྟར་བཞོན་ནས་ཆུར་བརྒལ་དགོས། དྲོད་ཚད་ཏུའུ་གྲངས་ཁ་ཤས་ལས་མེད་པའི་གནམ་གཤིས་ནང་བྱ་ཚང་ཞིག་བསྐྲུན་པར་ཆེས་མགྱོགས་ཤོས་ལ་སྐར་མ་བཞི་བཅུ་ཙམ་འགོར་ཞིང་། གྲང་ངར་བཟོད་ཐུབ་མིན་ལ་འདི་ལས་ལྷག་པའི་ཚོད་བགམ་ཞིག་ཕལ་ཆེར་མི་འདུག་ཟེར།

འཇམ་དབྱངས་རྡོ་རྗེ་ཡིས་བྱ་ཚང་བཟོ་བའི་བརྒྱུད་རིམ་འདི་ལྟར་ཞིབ་བརྗོད་བྱས་པ་སྟེ། སྐྱེ་ཁམས་བདག་སྐྱོང་པས་ཁྲུང་ཁྲུང་སྐེ་ནག་ལ་ཚང་བཟོ་སྐབས། དེ་ཚོ་སེམས་ཆུང་ངང་བར་ཐག་ལ་རྨིད20ནས30ཡི་སར་སྡོད་ཅིང་། ཐོག་མར་སྐད་བརྒྱབ་ནས་ཉེན་བརྡ་གཏོང་ཞིང་། འདྲིས་ཡོད་པའི་བདག་སྐྱོང་པ་ཡིན་པ་ངོས་ཟིན་པའི་ཚེ་ན་ད་གཟོད་དངངས་འདྲོག་མེད་པར་འཇམ་ཅག་གེར་འདུག་ཟེར།

འཇམ་དབྱངས་རྡོ་རྗེས་སྒེའུ་ཁུང་ནས་མིས་ཐབས་ཀྱིས་གསར་དུ་བཟོས་པའི་མཚེའུ་དཀྱིལ་གྱི་བྱ་ཚང་ཞིག་བསྟན་བྱུང་ལ། དེའི་འགྲམ་དུ་ཁྲུང་ཁྲུང་སྐེ་ནག་ཆ་གཅིག་གིས་ཆུ་འགྲམ་དུ་སྐབས་འགར་གཤོག་པ་རྡེབ་པ་དང་སྐབས་འགར་གར་སྟབས་སྒྱུར་བཞིན་མཆིས།

ད་སྐབས་མི་དང་སྲོག་ཆགས་ཀྱི་བར་ཐག་ཇེ་ཉེར་འགྲོ་བཞིན་ཡོད་ལ། ཐེངས་ཤིག་ང་དང་ཁྲུང་ཁྲུང་སྐེ་ནག་གི་བར་ཐག་ལ་རྨིད10ལས་མི་འདུག་ཅེས་འཇམ་དབྱངས་རྡོ་རྗེ་ཡིས་གསར་འགོད་པར་བཤད། རྨ་ཆུ་ཡུལ་ཚོའི་སྐྱེ་ཁམས་བདག་སྐྱོང་ས་ཚིགས་ཀྱི་ལྟ་ཞིབ་སྡོམ་རྩིས་ལ་གཞིགས་ན། མིག་སྔར་ཡུལ་ཚོ་ཡོངས་ཀྱི་མངའ་ཁོངས་སུ་བསྡོམས་པས་ཁྲུང་ཁྲུང་སྐེ་ནག240ལྷག་འཚོ་སྡོད་བྱས་ཡོད་པ་དེ་ན་ནིང་གི་དུས་མཚུངས་ལས20%ཙམ་འཕར།

འཇམ་དབྱངས་རྡོ་རྗེ་ཡིས་གསར་འགོད་པར་བཤད་པ་ལྟར་ན། རྨ་འབྲུ་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་པའི་ངོས་ནས་བརྗོད་ན། ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན་པར་མ་ཟད། ཁོ་ཚོས་ལྷག་བསམ་ཟོལ་མེད་ལ་བརྟེན་ནས་སྲུང་སྐྱོབ་བྱེད་པའི་ཁྱིམ་མི་ལྟ་བུ་ཞིག་ཀྱང་ཡིན་ཟེར།

                                                                         རྩོམ་སྒྲིག་པ། གཡང་འབུམ་རྒྱལ།