ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་བྱེད་ལ་སྐུལ་སློང་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་རི་མོ་གསར་པ་བྲིས།
2023.06.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

གྱ་གྱུར་འབབ་པའི་དྭངས་གཙང་གི་ཆུ་རྒྱུན་ལས་པད་མའི་མི་དམངས་ཀྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དོན་གཉེར་བྱེད་པའི་ཆོད་སེམས་བརྟན་པོ་མངོན་ཡོད་ལ། ལྗང་ལྟེམ་ལྟེམ་གྱི་རི་ཀླུང་ཐམས་ཅད་ལས་པད་མ་མའི་མི་དམངས་ཀྱིས་རི་སྔོ་ཆུ་དྭངས་ཏེ་གསེར་རི་དངུལ་རིར་བསྒྱུར་བའི་གསོན་ཉམས་ལྡན་པའི་ལག་ལེན་ར་སྤྲོད་བྱས་ཡོད།

ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏིང་ཟབ་བཏང་སྟེ། རི་ཆུ་ཀླུང་གསུམ་སྲུང་སྐྱོབ་མགོ་བརྩམས་ཏེ་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཁོར་ཡུག་དོ་དམ་ཞིབ་ཚགས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་།

སྐྱེ་ཁམས་བཅོས་སྐྱོང་ལ་གསོན་ཤུགས་བསྩལ།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་ཆེད་འགན་འཁྲིའི་གསལ་ཐོ་བཟོས་པ་དེ་ནི་པད་མ་རྫོང་གིས་སྔོ་ལྗང་གི་རི་ཀླུང་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ཡིན་ལ། པད་མ་རྫོང་གི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་ལ་གསོན་ཉམས་དོད་པའི་མ་དཔེ་ཡང་ཡིན།

པད་མ་རྫོང་གིས་ཁྲིམས་སྐྱོང་ནན་མོ་དང་ལམ་ལུགས་ནན་མོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྗང་མདོག་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱས་པ་དང་། 《པད་མ་རྫོང་གི་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འགན་འཁྲིའི་གསལ་ཐོ》བཟོས་ནས་རྫོང་རིམ་པའི་སྡེ་ཁག་སོ་སོའི་ཁོར་ཡུག་སྲུང་སྐྱོབ་འགན་འཁྲི་ཁ་གསལ་བཟོས་ཏེ་རྫོང་སྲིད་གཞུང་དང་སྡེ་ཁག  ཁེ་ལས་སོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་འགན་འཁྲི་ལག་བསྟར་བྱེད་པར་རྨང་གཞི་སྲ་བརྟན་དུ་བཏིང་ཡོད།

པད་མ་རྫོང་ཁོངས་ཀྱི་སྟག་མཁར་ཡུལ་ཚོ་དང་གྱི་མཁར་ཡུལ་ཚོ་རུ་བསྐྱོད་ཚེ་སྔོ་ལྗང་གི་རྩྭ་ཐང་ཡངས་པོ་ལས་ཁྱུ་དང་ཁྱུ་བྱས་པའི་ནོར་ལུག་མཐོང་རྒྱུ་མི་འདུག དེ་ནི་པད་མ་རྫོང་གིས་ཕྱུགས་བཀག་རྩྭ་གསོའི་ལས་གཞིར་སྐུལ་འདེད་འོག་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་དང་། འབྲོག་པ་མང་ཚོགས་གཅིག་བསྡུས་གསོ་སྤེལ་ས་ཁུལ་དུ་གནས་སྤོས་པས་གནས་འདིར་ད་གཟོད་གདོད་མའི་སྐྱེ་ཁམས་ཀྱི་རང་བྱུང་རྣམ་པ་ཞིག་མངོན་ཡོད་པ་རེད།

པད་མ་རྫོང་གི་སྐྱེ་ཁམས་བཅོས་སྐྱོང་མ་ལག་མཐོར་འདེགས་ཆེན་པོ་བྱུང་ཡོད། དོ་དམ་ཚོད་འཛིན་དང་བཅོས་སྐྱོང་ཐབས་མང་མཉམ་སྤྱོད་བྱས་ཤིང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཆར་ཅན་ལྟ་ཞིབ་ཀྱི་དགོངས་དོན་ལྟར། གནས་བབ་དང་བསྟུན་ནས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་བ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་བཟོད་སྒོམ་གཏན་ནས་མ་བྱས་པས་ཁྲིམས་འགལ་བྱ་སྤྱོད་སྤེལ་བའི་རྒྱུན་ཐག་བཅད།

མཚོ་སྔོན་གྱི་ཤར་ལྷོའི་སྒོ་ཆེན་དུ་གང་སར་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་མངོན་ཡོང་བ་དང་། "མཛེས་པའི་བོད་གྲོང་། མདོག་གསུམ་པད་མ"དེ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་མིག་གི་དགའ་སྟོན་དང་ཆེས་བཀྲག་མདངས་འཚེར་བའི་ལྗང་མདོག་གི་མིང་བྱང་དུ་གྱུར་ཡོད།

དྭངས་གཙང་གི་ཨ་སྔོན་དང་ས་གཞི། ཆུ་བོ་བཅས་དཔུང་གཤིབ་མཉམ་སྤྱོད་བྱེད།

པད་མ་རྫོང་གིས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་བརྒྱབ་སྟེ། རིམ་རྩིས་བྱས་ན་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གཉིས་བཏང་ནས་འཚོ་བའི་གད་སྙིགས་སྦས་ས་གཅིག་གསར་སྐྲུན་བྱས་པ་དང་། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་ལྔ་བཏང་ནས་གད་སྙིགས་སྲེག་ཐབ་ཉེར་གཅིག་གསར་སྐྲུན་བྱས་པ་དེ་རྫོང་ཡོངས་ཀྱི་ཡུལ་ཚོ་བརྒྱད་དང་གྲོང་རྡལ་གཅིག་བཅས་ལ་ཡོངས་ཁྱབ་བྱས། གད་སྙིགས་སྦས་ཡུལ་དེ་ཞིང་ཆེན་རིམ་པའི"གནོད་མེད་ཅན"གྱི་དཔྱད་བསྡུར་གཏན་འབེབས་བྱས། མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་བདུན་འབུམ་བདུན་ཁྲི་ལྔ་བཏང་ནས"རྡོ་སོལ་གློག་སྒྱུར"གྱི་ནུས་རྒྱུ་གཙང་མའི་རྣམ་གྲངས་དྲུག་ལེགས་སྒྲུབ་བྱས་པ་དང་ཡུལ་ཚོ་བརྒྱད་དང་གྲོང་རྡལ་གཅིག་བཅས་ཡོངས་སུ་ཁྱབ་གདལ་དུ་བཏང་།

པད་མ་རྫོང་གིས་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་མགོའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་སེ་ལེ་ཐང་གྲོང་རྡལ་གྱི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་མགོའི་ཆུ་སྤུས་རིགསIIཡན་ཟིན་པ་དང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་བཞི་བཏང་ནས་ཆུ་བོ་ཆུང་འབྲིང་སྤྱི་ལེ་ཞེ་བརྒྱད་དང་གྲངས་ཆུང་དྲུག་བཞི་ལྷག་གི་རྒྱུད་ལ་བཅོས་སྒྲིག་བྱས་པ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་གནད་དོན་སྲ་བརྟན་དང་རིམ་སྤོར་ལས་གཞི་དགུ་དང་། འཕྲུལ་ཁྲོན་སྟོང་གཅིག་དང་སུམ་བརྒྱ་གྱ་བདུན་བཅས་ལག་བསྟར་བྱས་ཤིང་། རྫོང་ཡོངས་ཀྱི་སྡེ་བ་སོ་གཉིས་ཀྱི་ཁྱིམ་ཚང་སྟོང་གསུམ་དང་བཞི་བརྒྱ་ང་དགུ་དང་མི་གྲངས་ཁྲི་གཅིག་དང་སྟོང་གསུམ་སུམ་བརྒྱ་ཞེ་བརྒྱད་ལྷག་གི་འཐུང་ཆུའི་བདེ་འཇགས་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་པས། གྲོང་གསེབ་ཏུ་གཅིག་བསྡུས་ཆུ་འདོན་སྤྲོད་བྱེད་ཚད95%ཡན་ཟིན་ཡོད། རིམ་པ་གསུམ་པའི་ཆུ་དང་མཚེའུའི་མིང་ཐོ་དང་ཆུ(མཚེའུ)དཔོན་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་དང་། "ཆུ་དང་མཚེའུ་གཅིག་ལ་ཇུས་གཞི་གཅིག"ལག་བསྟར་གཏིང་ཟབ་བྱས།

པད་མ་རྫོང་གི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། མུའུ་ཁྲི་གཉིས་ལྷག་གི་ས་ནག་བཅོས་སྐྱོང་བྱས་པ་དང་རྒྱ་ཁྱོན་མུའུ་འབུམ་གཅིག་དང་ཁྲི་བཞི་སྟོང་བཞི་སུམ་བརྒྱ་ལྷག་གི་ས་ཆུ་ཤོར་བའི་གནད་དོན་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཡོད། "སྦགས་བཙོག་གཉིས་ཡོངས་ཁྱབ་ཞིབ་བཤེར"སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་བྱུང་བ་དང་། སྦགས་བཙོག་འགོག་བཅོས་ཀྱི"གཡུལ་འགྱེད་ཆེན་པོ་གསུམ"ལ་ཕན་འབྲས་མངོན་གསལ་ཐོན་ཞིང་སྦགས་བཙོག་དངོས་པོ་གཙོ་བོའི་དམིགས་འབེན་ཆེས་ཆེར་མར་ཆག་ཡོད། འཛིན་ཡིག་མེད་པའི་བྱེ་ར་ཞེ་ཅིག་མེད་པར་བཟོས་ཤིང་བྱེ་ར་ལྔ་བསྡུ་སྒྲིལ་འཐུས་ཚང་དུ་བཏང་། གཏེར་དབང་ཕྱི་སྐོར་དངུལ་སྒོར་ས་ཡ་གསུམ་དང་འབུམ་ལྔ་གོང་འབུལ་བྱས་པས་གང་བྱུང་དུ་ས་རྐོས་རྡོ་སློག་བྱེད་པའི་སྣང་ཚུལ་རྩ་བ་ནས་འགོག་བཅོས་ཐུབ་ཡོད།

རྩ་ལག་མཉམ་བཅོས་ཀྱིས་གོམ་སྟབས་ཆེན་པོས་ལྗང་མདོག་ལམ་བུར་བསྐྱོད།

པད་མ་རྫོང་ཁོངས་ཀྱི་སྨར་ཁོག་ཆུ་བོའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་བསྐྱོད་ཚེ་ཆུ་ཡི་རླངས་པ་ལང་ལོང་དུ་འཕྱུར་ཅིང་། འདབ་ཆགས་སྐོར་དང་སྐོར་བྱས་ནས་ཆུ་རྩེད་གར་ལ་རོལ་ཅིང་ཁ་ཟས་རྒུམ།

དམར་དམག་ལུང་བའི་གསར་བརྗེའི་རྗེས་ཤུལ་ལ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཆོག་མཆན་ལྟར་རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་འཛུགས་སྐྲུན་ཚོད་ལྟའི་ཁག་དང་པོའི་གྲས་སུ་བདམས་ཡོད། རང་བྱུང་སྲུང་སྐྱོང་ས་ཆ་གཉིས་བསྡུ་སྒྲིལ་ལེགས་བཅོས་བྱས་ཡོད་པ་དང་། བརླན་ས་སྲུང་སྐྱོབ་ཉམས་གསོ་དང་རྨིན་ཅང་གཙང་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཉམས་གསོའི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་པ། རྒྱལ་ཁོངས་ལྗང་སྒྱུར་གྱི་ལོ་ངོ་གསུམ་གྱི་བྱ་སྤྱོད་ཚགས་དམ་ལ་ཕན་ནུས་ལྡན་པ། ས་ཆུའི་ཐོན་ཁུངས་སྲུང་འཛིན་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་འཕར་སྣོན་ཆེན་པོ་བྱུང་བ་དང་། རྫོང་ཁོངས་ནས་པར་དུ་བླངས་པའི་ཨོག་དཀར་མགྲིན་སེར་ལ་སྐབས་སུམ་ཅུ་པའི་ཀྲུང་གོའི་གསར་འགྱུར་བྱ་དགའི་དཔྱད་འདེམས་ཁྲོད་བརྙན་འཕྲིན་ཆ་འཕྲིན་ཨང་གསུམ་པའི་བྱ་དགའ་ཐོབ།

པད་མ་རྫོང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཧུར་ཐག་གིས་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། སྐྱེ་ཁམས་བདག་སྲུང་གི་བྱ་སྤྱོད་གང་སར་ཁྱབ་སྤེལ་བཏང་སྟེ་སྲུང་སྐྱོབ་ཁྲོད་འཕེལ་རྒྱས་སུ་གཏོང་བ་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོབ་བྱེད་ཀྱིན་ཡོད་ལ།  སྤུས་ལེགས་དང་ནུས་ལྡན། དྲང་བདེན། རྒྱུན་མཐུད་ཐུབ་པ་བཅས་ཀྱི་པད་མའི་ལག་ལེན་མངོན་འགྱུར་ཡོང་བར་སྐུལ་འདེད་བྱེད་ཀྱིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།