རྩྭ་ཐང་བཅོས་སྐྱོང་བྱེད། སྲོག་ཆགས་སྲུང་སྐྱོབ་བྱེད།
2023.07.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 9

ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ་དང་ཨ་བྲའི་གནོད་འཚེ་བཀག་སྟེ་རྩྭ་ཐང་གི་རང་མདངས་སླར་གསོ་བྱེད་པ།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། མངའ་ཁོངས་སུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་ཆུ་བོ་དང་བརླན་ས་འཛོམས་པོ་ཡོད།

ལོ་འདི་དག་གི་རིང་ལ། གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་དྲོར་སོང་བ་དང་དེའི་ཁར་ཕྱུགས་ལས་ཐོན་སྐྱེད་བྱས་པས་རྩྭ་ཐང་གི་སྐྱེ་ཁམས་མ་ལག་ལ་ཉེན་ཁ་བྱུང་། དེ་ནི་གཙོ་བོ་ཨ་བྲའི་གནོད་འཚེ་དང་ས་ནག་ཐང་གི་སྟེང་ནས་མཐོང་ཐུབ། རྩེ་ཁོག་རྫོང་ཡང་དེ་ལས་མ་འདས།

རྩེ་ཁོག་རྫོང་ལ་མཚོན་ན། རྩྭ་ཐང་གི་གནོད་སྐྱོན་གཙོ་བོ་དེ་ཨ་བྲའི་གནོད་པ་ཡིན་ལ། དེའི་རྐྱེན་གྱིས་ས་ནག་ཐང་དུ་གྱུར་ཡོད། གསར་འགོད་པས་བཅར་འདྲི་བྱེད་པའི་བརྒྱུད་རིམ་ཁྲོད་དུ་དེ་སྔ་འབྲོག་པ་ཁ་ཤས་ལ་དྲིས་མྱོང་། ཁོ་ཚོས་ས་ནག་ཐང་དུ་གྱུར་པའི་རྒྱུ་རྐྱེན་གཙོ་བོ་དེ་ཨ་བྲའི་གནོད་འཚེ་ཡིན་པར་འདོད་ཀྱིན་ཡོད། “གལ་ཏེ་རྩྭ་ས་ཞིག་ལ་ཨ་བྲའི་གནོད་འཚེ་མང་དུ་བྱུང་ཚེ། རྩྭ་ས་དེ་ནི་ས་ནག་ཐང་དུ་འགྱུར་བར་ཐག་མི་རིང་།”

གསར་འགོད་པ་རྩེ་ཆུ་གྲོང་རྡལ་རི་འཕྱོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་ལྷུན་གྲུབ་དང་འགྲོགས་ནས་སྡེ་བའི་སྤྱི་སྤྱོད་རྩྭ་རར་སྐོར་བ་གཅིག་བརྒྱབ་པ་ན། རྩྭ་སའི་སྟེང་དུ་གོམ་པ་གཉིས་གསུམ་རེ་སྤོས་ན་ཨ་བྲའི་ཁུང་བུ་རེ་ཡོད་པ་དང་། ཨ་བྲའི་ཁུང་བུ་རེ་རེའི་མཐའ་འཁོར་དུ་ཨ་བྲའི་ཁུང་བུ་གཉིས་གསུམ་རེ་བསྒྲིགས་ཤིང་། ཨ་བྲའི་ཁུང་བའི་ཉེ་འགྲམ་གྱི་གདོད་མའི་རྩྭ་སར་གཏོར་བརླག་ཐེབས་ནས་བྱེ་སའི་རྣམ་པ་མངོན་འདུག་པའི་གནས་ཚུལ་ཚབས་ཆེན་དེ་མཐོང་།

“ཨ་བྲས་ས་འོག་གི་རྩྭའི་རྩད་པ་ཟོས་ཚར་བས། ཨ་བྲའི་ཁུང་བུ་མང་བའི་ས་ཁོངས་སུ་སྔོ་རྩྭ་ཁྱོན་ནས་རྙིད་དེ་སྐམ་འགྲོ་བ་རེད། གལ་ཏེ་ཨ་བྲའི་ཁུང་བུ་དེ་དག་རྒྱ་ཇེ་ཆེར་གྱུར་ཚེ། རྒྱ་ཁྱོན་ཆེ་བའི་ས་ནག་ཐང་མངོན་སྲིད”ཅེས་སྐལ་བཟང་ལྷུན་གྲུབ་ཀྱིས་ཐག་རིང་དུ་ཨ་བྲ་མེད་པར་གཏོང་བཞིན་པའི་སྡེ་མི་རྣམས་ལ་ལྟ་ཞོར་དེ་ལྟར་བཤད།

ལོ་ངོ20ལྷག་ལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བའི་སྐལ་བཟང་ལྷུན་གྲུབ་ཀྱིས་ད་དུང་ཡིད་ན་བརྗེད་མེད་པ་ནི། རྩྭ་ཐང་ཞན་འགྱུར་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པར་བྱུང་ལ། རྩྭ་ས་འགན་གཙང་ལེན་བྱས་པ་ནས་བཟུང་འབྲོག་པའི་གསོ་སྤེལ་གྱི་སྤྲོ་སེམས་འཕེལ་བས། སྡེ་བའི་ནང་དུ་གསོ་སྤེལ་བྱས་པའི་གནག་ཕྱུགས་ཀྱི་གྲངས་ཀ6000ལྷག་ལ་བུད་པ་དང་། ལུག་ཁྲི1ལྷག་ལ་བུད་ཡོད། རྩྭ་ཐང་གི་ག་ས་གང་དུ་ནོར་ལུག་གིས་ཁེབས་པ་དང་རི་སྐྱེས་སྲོག་ཆགས་མཐོང་ལམ་ནས་ཡལ་ཏེ། ས་ནག་ཐང་གི་རྒྱ་ཁྱོན་མགྱོགས་མྱུར་ངང་ཇེ་ཆེར་གྱུར།

དགའ་འོས་པ་ཞིག་ལ་ལོ་འདི་འགར་རྩྭ་ས་རིམ་བཞིན་སླར་གསོ་འབྱུང་གིན་འདུག དེ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་བྱས་པའི་བཟོ་འགོད་དང་འབྲལ་ཐབས་མེད།  ས་ནག་ཐང་བཅོས་སྐྱོང་དང་། ཕྱུགས་བསྐྱུར་རྩྭ་སྐྱོང་། རྩྭ་ཐང་གི་ཨ་བྲ་མེད་པར་བཟོ་བ། རྩྭ་ཕྱུགས་དོ་མཉམ་ཡོང་བའི་ལས་གཞི་སྐོར་ཞིག་གཅིག་རྗེས་གཉིས་མཐུད་ངང་ལག་ཏུ་བསྟར་བས་སྤང་རྒོད་ཀྱི་རྩྭ་ཐང་ལ་རིམ་བཞིན་གསོན་ཤུགས་རྒྱས།

སྲིད་གཞུང་གི་ངོས་ནས་ལས་གཞི་ལག་བསྟར་བྱས་པ་ལས་གཞན། འབྲོག་པ་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྐལ་བཟང་ལྷུན་གྲུབ་ཀྱིས་མྱོང་ཚོར་ཟབ་མོའི་ངང་བཤད་རྒྱུར།“སྡེ་མི་རྣམས་ཀྱིས་ཕྱུགས་ལས་འཕེལ་རྒྱས་གཏོང་བར་གྲངས་འབོར་ཁོ་ན་གཙིགས་སུ་འཛིན་མི་རུང་བར་སྤུས་ཚད་ལ་དེ་བས་མཐོང་ཆེན་བྱེད་དགོས་པ་ཤེས་ཡོད་པས། རང་འགུལ་གྱིས་རྩྭ་ཕྱུགས་དོ་མཉམ་ཡོང་བར་འབད་བཞིན་ཡོད་པ་དང་། ད་དུང་དུས་བཞིར་རྩྭ་ས་རེས་སྐོར་གྱིས་ཕྱུགས་འཚོས་ཏེ། རང་ནུས་ཅི་ལྕོགས་ཀྱིས་རྩྭ་ས་སླར་གསོ་བྱེད་ཀྱིན་ཡོད། གོ་ཐོས་ལྟར་ན་ལོ་རེའི་དཔྱིད་ཀར་སྡེ་དམངས་སྐོར་ཞིག་གིས་རང་གིས་ཨ་བྲ་མེད་པར་གཏོང་བའི་སྨན་རྫས་ཉོས་ཏེ་ལོ་རེའི་དཔྱིད་ཀར་རང་ཚང་གི་རྩྭ་རའི་ནང་གི་ཨ་བྲ་མེད་པར་གཏོང་བཞིན་ཡོད། ”

རྒྱུན་དུ་སྐོར་སྲུང་དང་རོགས་སྐྱོབ་མང་ཙམ་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་པ།

དགེ་ལེགས་རྒྱ་མཚོ་ནི་ཆུ་དམར་ལེབ་རྫོང་འབའ་དགོན་ཡུལ་ཚོ་གཏེར་ཆུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཡིན་ལ། སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཀྱང་ཡིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་བྱེད་མགོ་ཚུགས་པ་ནས་བཟུང་། དགེ་ལེགས་རྒྱ་མཚོ་དང་སྡེ་བའི་ནང་གི་རི་སྐྱེས་སྲོག་ཆགས་ཟིན་ཐོར་འགོད་པ་ལ་སྤྲོ་བ་ཡོད་མཁན་ཚོས་གསའ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་རུ་ཁག་ཅིག་བཙུགས་ཏེ། རི་སྐྱེས་སྲོག་ཆགས་ཀྱི་འཚོ་བའི་གོམས་གཤིས་དང་འགུལ་སྐྱོད་ཀྱི་ཁྱབ་ཁོངས་ལ་ལྟ་ཞིབ་ཚད་ལེན་བྱས།

“ང་ཚོའི་ཐོག་མའི་བསམ་ཚུལ་ནི་ཧ་ཅང་སླ་མོ་ཡིན་ཏེ། མི་སྔར་ལས་མང་པོ་ཞིག་ལ་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་གཏོང་རྒྱུ་ཙམ་ཡིན། ང་ཚོས་ཉིན་རྒྱུན་སྐོར་སྲུང་བྱེད་སྐབས་བླངས་པའི་འདྲ་པར་སྟེང་ཡི་གེ་རེ་འགའ་སྦྱར་ཏེ། གྲོགས་ཚོམས་སུ་སྤེལ་བ་ན་མི་མང་པོས་བསྟོད་པ་ཡང་ཡང་བྱས་ཤིང་། འདྲ་པར་ལེགས་པོ་ཁ་ཤས་སྨྱན་བྱད་སྟེགས་བུའི་སྟེང་དུ་མཐོང་བྱུང”ཞེས་དགེ་ལེགས་རྒྱ་མཚོས་དེ་ལྟར་བཤད།

གཏེར་ཆུ་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པས་ཐེངས་ཤིག་ལ་འབྲི་ཆུའི་མགོ་ཁུངས་སུ་སྐོར་སྲུང་བྱེད་པའི་སྐབས་སུ། ཤྭ་སྐྱ6དར་ཐོག་ཏུ་ལུས་འདུག་ལ། དར་ཐོག་གི་ཁ་བ་སྟུག་པོས་དེ་ཚོའི་ལུས་པོ་མནན་འདུག་པ་མཐོང་བྱུང་།

གཏེར་ཆུ་སྡེ་བ་མཚོ་འཕང་སྨི4000ལས་བརྒལ་ཡོད་པ་དང་། ཉིན་དེའི་དྲོད་ཚད་གོར་ཐིག་མན་གྱི་ཏུའུ20ཡིན་ལ། སྐྱེ་ཁམས་བདག་སྐྱོང་པ་སྐོར་ཞིག་གིས་མྱུར་དུ་དར་བཅག་ཅིང་རྡོ་བ་བཏིང་བ་དང་། གྲང་ངར་རུས་རྐང་ལ་ཟུག་པའི་ཆུ་འཁྱག་ནང་བརྒལ་ཏེ། ཉེན་ཁར་མ་འཛེམས་པར་ཐག་པས་འཐེན་ཏེ་སྲོག་ཆགས་སྐྱོབ་པའི་ལས་ལ་ཞུགས། སྐྱེ་ཁམས་བདག་སྐྱོང་པ་དག་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་དུས་ཚོད་འགའ་ལ་མྱུར་སྐྱོབ་བྱས་པས་ཤྭ་སྐྱ6པོ་ཡོངས་སུ་བསྐྱབས་ནས་ཕྱིར་རང་བྱུང་ཁམས་ལ་བཏང་།

དགེ་ལེགས་རྒྱ་མཚོས“ང་ཚོ་རྨ་ཆུའི་མགོ་ཁུངས་སུ་བསྡད་ཡོད་ནའང་། རྒྱལ་ཁབ་ཀྱིས་ང་ཚོར་གཟིགས་སྐྱོང་གི་སྲིད་ཇུས་དེ་འདྲ་མང་པོ་ཞིག་བཏོན་ཡོད་པས། མང་ཚོགས་ཀྱི་འཚོ་བ་ཡང་ཇེ་བཟང་ནས་ཇེ་བཟང་དུ་ཕྱིན། ང་ཚོས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱས་ཏེ། གནས་འདི་ནི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་སའི་དགའ་ཚལ་ཞིག་ལ་འགྱུར་དུ་འཇུག་རྒྱུ་ཡིན”ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།