ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ཡག་པོ་བྱེད་དགོས།
2023.07.27 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 3

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ། སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པས། ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་མངོན་གསལ་དོད་པའི་གོ་གནས་ཐོག་བཞག་ནས་དམ་འཛིན་བྱས་ཏེ།  རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བཅས་བྱེད་པ་དང་།  རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ནས་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བ་བྱེད་དགོས”ཞེས་གསུངས་ཡོད།  འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཆུ་བོ་གསུམ་གྱི་ཆུ་འགོ་མཚོ་སྔོན་དུ་ཡོད་ཅིང་། གཙང་པོ་དང་ཆུ་བོ་དེ་དག་གིས་ཀྲུང་ཧྭའི་དཔལ་ཡོན་གྱི་ཞིང་ས་བརླན་ཡོད་ལ། ཨེ་ཤ་ཡའི་དཔལ་ཡོན་འཕེལ་རྒྱས་ལའང་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཡག་པོ་དང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཡག་པོ་བྱེད་པ་ནི།  མཚོ་སྔོན་གྱི་འདོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཡོངས་ཀྱི་སྔོན་དུ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་འགོ་བརྩམས་སྟེ།  རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་པར་མདུན་གྲལ་དུ་སྐྱོད་པ་དང་གྲུབ་འབྲས་ཆེན་པོ་ཐོབ་ཡོད།

མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་ཚོགས་འཛུགས་སྐྲུན་བྱེད་པ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མདོ་དབུས་མཐོ་སྒང་གི་རི་ཀླུང་ཀུན་ཏུ་གསོན་ཉམས་དོད་པོས་ལག་བསྟར་བྱེད་པའི་མཚོན་ཚུལ་ཞིག་ཡིན།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ཁུལ་དང་པོ་དང་ཁག་དང་པོའི་སྤྱི་གླིང་བཙུགས་པ་ནས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བའི་བར་དང་།  དེ་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་མྱུར་ངང་ཇེ་བརྟན་དུ་བཏང་བའི་བར་མཚོ་སྔོན་གྱིས་མཐོ་སྒང་གི་ཁྱད་ཆོས་ལྡན་ཞིང་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་མགྱོགས་མྱུར་ངང་བསྐྲུན་བཞིན་ཡོད།  མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་ཚོགས་བསྐྲུན་པ་དེས་མདོ་དབུས་མཐོ་སྒང་གི་རང་བྱུང་སྐྱེ་ཁམས་མ་ལག་གལ་ཆེན་དང་། སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཁུལ། དམིགས་བསལ་མཛེས་ལྗོངས་ཀྱི་རྗེས་ཤུལ་བཅས་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྲུང་སྐྱོབ་བྱས་ཡོད།

བཅོས་སྒྱུར་ལ་བརྟེན་ནས་གསོན་ཤུགས་འཕེལ་བར་བྱེད་དགོས་ཤིང་། རྒྱལ་ཁབ་སྤྱི་གླིང་འཚོལ་ཞིབ་འཛུགས་སྐྲུན་བྱེད་པ་ནི“ཤོག་བུ་དཀར་པོའི་སྟེང་རི་མོ་འབྲི་བ”ལྟ་བུ་ཡིན་པས་འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་ཐོག་ནས་འཛུགས་སྐྲུན་བྱེད་དགོས་ལ། སྐྱེ་ཁམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཀྱང་གཏོང་དགོས།  དེར་བརྟེན་ངེས་པར་དུ་བཅོས་སྒྱུར་གྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་།  བཅོས་སྒྱུར་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཅོས་སྒྱུར་གྱིས་གསོན་ཤུགས་འཕེལ་བར་བྱེད་པ།  བཅོས་སྒྱུར་གྱི་བསམ་ཕྱོགས་ལ་བརྟེན་ནས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ།  བཅོས་སྒྱུར་གྱི་བྱེད་ཐབས་ལ་བརྟེན་ནས་སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་འགོག་རྐྱེན་སེལ་བ། ནུས་ཤུགས་ཡོད་རྒུས་བཅོས་སྒྱུར་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་མཚོ་སྔོན་གྱིས་གྲོས་གཞི་མང་ཡང་ཐག་གཅོད་བྱེད་མ་ཐུབ་པའི་རྣམ་པ་རྙིང་པ་མེད་པར་བཟོས་ཏེ། ཚོད་ལྟའི་ཁུལ་གྱི་རིགས6གི་སྲུང་སྐྱོབ་ཁུལ15དང་དེ་བཞིན་དེ་མཚུངས་ཀྱི་དོ་དམ་སྒྲིག་གཞི་བསྡུ་སྒྲིལ་བྱས་ནས། སྲིད་འཛིན་ལས་དོན་གྱི་སྒྲིག་ཁོངས་གཅིག་ཀྱང་ཇེ་མང་དུ་མི་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག  ཁོངས་གཏོགས་ཁུལ་གྱི་དེ་མཚུངས་སྒྲིག་གཞི་བཅད་སྤྲོད་རྩིས་སྒྱུར་བྱས་ཡོད།  དོ་དམ་ཅུས་ཀྱིས་སྣེ་ཁྲིད་བྱེད་པ་དང་། དོ་དམ་ཨུ་ཡོན་ལྷན་ཁང་གིས་འདེགས་སྐྱོར་བྱེད་པ། སྲུང་སྐྱོབ་ས་ཚིགས་རྟེན་གཞིར་བྱེད་པ། གྲོང་ཚོར་ཁྱབ་པ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་གྱི་སྒྲིག་སྲོལ་གསར་པ་བཙུགས་ནས། ཚན་ཁག་གཅིག་གིས་ཆ་ཚང་ལ་དོ་དམ་མཐར་ཕྱིན་པ་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་ཏན་ཏིག་བྱེད་དགོས།  རྒྱལ་ཁབ་སྤྱི་གླིང་གི་ཆེད་དོན་ཁྲིམས་སྲོལ《 རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》བཏོན་ནས་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་འགལ་བྱ་སྤྱོད་རིགས17ལ་བཅའ་ཁྲིམས་ཀྱི་འགན་འཁྲི་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། ཁྲིམས་སྐྱོང་གི་བསམ་གཞིགས་ལ་བརྟེན་ནས་སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་པོ་བསྐྲུན་དགོས། སྤྱི་དམངས་དང་སྤེལ་རེས་བྱེད་སྟངས་གསར་གཏོད་བྱས་ཤིང་། ཚོད་ལྟའི་ལས་དོན་གྱི་ཐོག་མའི་དུས་སུ་ རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གཞུང་ཕྱོགས་དྲ་ཚིགས་དང་། པོད་འཕྲིན། སྐད་འཕྲིན་སྤྱི་རྟགས་བཅས་ཕྱོགས་ཡོངས་ནས་སྤྱོད་འགོ་བརྩམས་ཏེ།  རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ཁྲོད་ཐོན་པའི་གཞུང་ཕྱོགས་ཀྱི“པོད་འཕྲིན་དང་སྐད་འཕྲིན།   དྲ་བ་བཅས་ཐོག་མ་དེར་གྱུར་ཡོད།

ཚན་རྩལ་ལ་བརྟེན་ནས་སྒུལ་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྒྱལ་ཁབ་སྤྱི་གླིང་བསྐྲུན་ནས་སྐྱེ་ཁམས་ཀྱི་མཐའ་ཚད་བསྲུངས་པར། ངེས་པར་དུ་ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་དགོས། སྦགས་བཙོག་གི་འབྱུང་ཁུངས་གཙོ་བོར་ལྟ་ཞིབ་ཚད་ལེན་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན། ཁོར་ཡུག་སྲུང་སྐྱོབ་ལ་ལྟ་སྐུལ་དོ་དམ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞིའི་ཕན་འབྲས་ལ་ཚན་རིག་དང་མཐུན་པར་གདེང་འཇོག་བཅས་བྱེད་པར་ཚན་རྩལ་གྱི་འདེགས་སྐྱོར་བྱེད་དགོས། མཚོ་སྔོན་གྱིས་གཅིག་གྱུར་གྱི་ལྟ་ཞིབ་ཚད་ལེན་འཆར་འགོད་དང་། རྨང་གཞིའི་ས་ཚིགས་གཅིག་གྱུར། ཚད་གཞི་གཅིག་གྱུར་བཅས་ཀྱི་བླང་བྱ་གཞིར་བཟུང་སྟེ།  “གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་བ་དང་། ལེ་དབར་ཁྲི་ཡི་ས་མཐོར་གནམ་མིག་གི་དྲ་བ་ཆེན་པོ་ཞིག་བསྐྲུན་ཡོད། རང་རྒྱལ་གྱིས་བཟོས་པའི་དབྱེ་འབྱེད་མཐོ་བའི་སྲུང་སྐར་ལ་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྔོ་ཁེབས་དང་ཆུ་གཟུགས་སོགས་སྐྱེ་ཁམས་ཀྱི་ཆ་འཕྲིན་དབྱེ་འབྱེད་བྱས་ཚད་དང་མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་ཆ་འཕྲིན་གནད་འཁེལ་བྱས་ཚད་བཅས་ཇེ་མཐོར་བཏང་ཡོད། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་།  བྱེ་མ་འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པ། ཚན་རྩལ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བྱེད་པ།  ལྟ་སྲུང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས།  མཚོ་སྔོན་གྱི་ས་གཞི་ཆེན་མོ་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཞིག་ཏུ་བསྐྲུན་རྒྱུ་རེད།   ཉེ་བའི་ལོ་ཤས་རིང་སྐྱེ་ཁམས་སྲུང་སྐྱོབ་ལ་ཕན་འབྲས་རགས་ཙམ་ཐོན་ཡོད། ཚོད་རྩིས་བྱས་པ་ལྟར་ན། མཚོ་སྔོན་ས་ཁོངས་ནང་གི་ཆུ་བོའི་ལོ་རེའི་རྒྱུག་ཚད་ལོ་མང་པོའི་རིང་གི་ཆ་སྙོམས་གྲངས་འབོར་དང་བསྡུར་ན་མངོན་གསལ་དོད་པོས་ཇེ་མང་དུ་ཕྱིན་པ་དང་། ས་ངོས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་རིགས་གཉིས་པ་ཡན་ཟིན་པ། ཆུ་རྩ་གསོ་སྐྱོང་ཁུལ་གྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་བཅས་རེད།

མཉམ་སྐྲུན་མཉམ་སྤྱོད་ཀྱི་མཉམ་ཤུགས་ཆགས་པར་བྱེད་དགོས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་མི་ཚང་མ་དང་འབྲེལ་བ་དམ་ཟབ་ཡོད་པས། སྤྱི་ཚོགས་ཡོངས་སུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། མི་རྣམས་ལྗང་མདོག་གི་འཚོ་བ་སྐྱེལ་མཁན་དང་དེར་སྐུལ་འདེད་གཏོང་མཁན་ཞིག་བྱེད་དུ་འཇུག་དགོས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་མཉམ་སྐྲུན་མཉམ་སྤྱོད་ཀྱི་ལས་དོན་ཡག་པོར་བསྒྲུབས་ནས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱ་ཆེད་སྤྱི་ཚོགས་ཡོངས་ཀྱི་མཉམ་ཤུགས་གཅིག་སྒྲིལ་བྱེད་དགོས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་མཚོན་བྱེད་ཡིན་པའི་མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་ཤུགས་སྣོན་བྱས་ཏེ།   ཕྱུགས་ལས་ཐོན་སྐྱེད་དང་།  རོང་འབྲོག་པའི་འཚོ་བ། རང་བྱུང་སྐྱེ་ཁམས་བཅས་ཡག་པོ་ཡོང་བར་བྱས་ཡོད།  མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི“ཁྱིམ་ཚང་རེར་ལས་གནས་རེའི”སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་གནས་བཙུགས་པས། མིག་སྔར་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་སྟོང་བདུན་ལྷག་ལས་གནས་སུ་ཞུགས་ཡོད།   སྐྱེ་ཁམས་ལྟ་སྲུང་གི་ཁ་གསབ་ཐད་མ་དངུལ་འབོར་ཆེན་ཞིག་བཏང་བས།  ཁྱིམ་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་ལྷག་ཇེ་མང་དུ་སོང་བ་དང་། སྐྱེ་ཁམས་ལྟ་སྲུང་པ་རྣམས་ཐོན་ཁུངས་བཀོལ་སྤྱོད་བྱེད་མཁན་ནས་སྐྱེ་ཁམས་ལྟ་སྲུང་པ་དང་ཕན་ཁེ་ཐོབ་མཁན་ལ་གྱུར་ནས།  ལྟ་སྲུང་དྲ་བ་ཁོངས་གཏོགས་ཀྱི་ས་ཆ་ཚང་མར་ཁྱབ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་གཞི་རིམ་གྱི་དྲ་རྒྱའི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར“དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནམ་ཡང་མཚོ་སྔོན་གྱི་དགེ་མཚན་དང་སྤོབས་པ་ཞིག་ཏུ་འགྱུར་བར་བྱས་ནས། མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་བུ་རབས་ཚ་རྒྱུད་ལ་ཕན་ཁེ་སྐྲུན་དགོས་པའི” མངགས་བཅོལ་གནང་ཡོད།  འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་ཏེ་ང་ཚོས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྤུས་ཚད་མཐོན་པོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།  མཚོ་སྔོན་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་པ་ཞིག་སྔར་ལས་ཆགས་པར་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་ཡག་པོ་བསྐྲུན་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་འགན་འཁྲི་འཁུར་སེམས་མངོན་པ་དང་མཚོ་སྔོན་གྱི་ལེགས་སྐྱེས་ཧུར་ཐག་གིས་འབུལ་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།