སྐྱེ་ཁམས་ཀྱིས་གྲོང་གསེབ་ཡུལ་སྐོར་ལ་སྔར་ལས་མཚར་སྡུག་བསྩལ།
2023.08.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བིས་མདོ་བོད་རིགས་ཡུལ་ཚོའི་དྭངས་གཙང་གི་དཀྱིལ་འཁོར་ཆུ་བོའི་འགྲམ་ནས་ཡར་སོང་ན། ལམ་ངོགས་གཉིས་སུ་ཚང་ཚིང་གི་ནགས་ཚལ་སྟུག་ཅིང་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་ལ་ཡུལ་ལྗོངས་ལྟ་ན་སྡུག་པས། མི་རྣམས་ལ་རང་བྱུང་ཁམས་ཀྱི་པང་དུ་ལོག་སོང་སྙམ་པའི་སྣང་བ་སྐྱིད་པོ་ཞིག་སྦྱིན་འོང་།

ཉེ་བའི་ལོ་འགའི་རིང་ལ། “མཛེས་པའི་གྲོང་རྡལ”དང“མཐོ་སྒང་གི་མཛེས་པའི་གྲོང་གསེབ།” “སྲོལ་རྒྱུན་སྡེ་བ་སྲུང་སྐྱོབ”སོགས་ཀྱི་ལས་གཞི་ལག་བསྟར་བྱས་པ་དང་བསྟུན་ནས། བིས་མདོ་ཡུལ་ཚོའི་བོད་རིགས་སྡེ་བ་དག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

རྩྭ་ཐང་ལ་སྔས་ཤིང་ནགས་ཚལ་སྐེད་པར་བཅིངས་པ། ཞིང་ས་རྡོག་སྣེར་ཡོད་པ་ལྟ་བུའི་མཛེས་པ་ཡོད་ལ། མཛེས་དཔྱོད་རིན་ཐང་དང་སྐྱེ་ཁམས་རིན་ཐང་། དཔལ་འབྱོར་རིན་ཐང་བཅས་གཞི་གཅིག་ཏུ་འདུས་པའི་རི་ཆུ་དང་ཞིང་སའི་མཛེས་པ་དེ་བས་ཀྱང་ཡོད།

གནའ་ཉམས་གནའ་མདངས་དོད་ཅིང་ཕྲེང་ཤར་རེ་རེ་བཞིན་བསྒྲིགས་པའི་བོད་ཁྱིམ་དང་སྲང་ལམ་འགྲམ་ངོགས་གཉིས་སུ་རིམ་པ་ལྟར་བསྒྲིགས་པའི་ཚོང་ཁང་དང་། སྡེ་བའི་ཕུགས་སུ་ཀྱག་ཀྱོག་ངང་བསྲིངས་པའི་བགྲོད་ལམ་དང་དེའི་འགྲམ་གྱི་གློག་སྒྲོན་སོགས་ནི་སྡེ་བའི་ཕྱིའི་བཀོད་པ་ཡིན་ན། རྩེད་རིགས་དང་གླུ་ཤགས་སོགས་ཀྱི་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་དག་གིས་བོད་ཀྱི་སྡེ་བ་འདིར་རྣམ་ཤེས་བསྩལ་ཡོད།

བིས་མདོ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་མོའུ་ཙའེ་མིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཡུལ་དེའི་སྤྲོ་གསེང་དང་རྩེད་འཇོར་རོལ་སྟངས་ནི་སྣ་རྐྱང་ཡིན་པ་སྟེ། ལོ་རེའི་དཔྱིད་ཀ་དང་དབྱར་ཁར་ཉི་མ་དྲོ་ཞིང་རླུང་ཁ་འཇམ་པའི་སྐབས་སུ། དཀྱིལ་འཁོར་ལུང་པའི་འགྲམ་ངོགས་ཀྱི་སྤྲོ་སྐྱིད་ཁང་དག་ནི་ཞུན་ཧྭ་རྫོང་གི་མི་ཚོགས་ཆེས་ཆེ་བའི་ཡུལ་དེ་ཡིན་ལ། མི་རྣམས་ཀྱིས་བག་ཕེབས་ངང་ཇ་འཐུང་བའི་ཚུལ་དེ་ཡང“མཛེས་ལྗོངས”ཤིག་ཡིན་པ་དང་། མང་ཚོགས་ཕྱུག་པོར་གྱུར་ནས་འབྱོར་འབྲིང་དུ་ཐོན་པའི་ད་ལྟའི་འཚོ་བའི་འགྲེལ་བཤད་ཅིག་ཡིན་ཟེར་ནའང་ཆོག

“སྔོན་ཆད་ཀྱི་ཇ་ཁང་ནི་ཧ་ཅང་སྟབས་བདེ་ཡིན། སྡོང་གསེང་དུ་རས་དཀར་པོ་ཞིག་འཐེན་ཏེ་དེའི་འོག་ཏུ་རྐུབ་སྟེགས་དང་ཅོག་ཙེ་འགའ་བསྒྲིགས་པས་ཆོག” ཉ་གཤོང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པད་མ་རྒྱལ་གྱིས་སྡེ་བའི་འཕེལ་རྒྱས་ཐད་འཕྲད་པའི་དཀའ་ཁག་དག་གླེང་བྱུང་། ཐོན་ལས་རྗེས་ལུས་ཡིན་པས་རྒྱང་མི་ཆོད་ལ་གོང་འཕེལ་དུའང་འགྲོ་དཀའ།

ད་ལྟ། བིས་མདོ་ཡུལ་ཚོས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་བརྟེན་ནས། སྐྱེ་ཁམས་ལྟད་མོ་དང་རིག་གནས་སྤྲོ་གསེང་གཞི་གཅིག་ཏུ་འདུས་པའི་ཚ་བྱོལ་གནས་མཆོག་སྟེ་དམངས་སྲོལ་རིག་གནས་ར་བ་དང་ཉ་གཤོང་སྡེ་བའི“ཚ་བོ་ཆེ”ཞིང་ལས་སྤྲོ་གསེང་བྱེད་གནས་བཙུགས་པ་རེད། ལྟད་མོར་ལྟ་ས་གཉིས་ཀྱིས་ལོ་གཅིག་ལ་ཡུལ་སྐོར་པ་ཁྲི་དྲུག་ལྷག་སྣེ་ལེན་བྱས་པ་དང་ལོ་གཅིག་ལ་ཡོང་སྒོ་སྒོར་འབུམ་གསུམ་དང་ཁྲི་གཉིས་བླངས་པ་དང་། ཉེ་འགྲམ་གྱི་དབུལ་ཕོངས་ཁྱིམ་ཚང་བརྒྱ་ལ་ཉེ་བ་ཞིག་གི་ལས་ཞུགས་གནད་དོན་ཐག་བཅད།

“ད་ལོའི་ཚོང་ཧ་ཅང་བཟང་། ད་སོ་མ་འགྲུལ་བ་སྐོར་ཞིག་སྒོར་བསྐྱལ་བ་ཡིན། ‘ལྔ་གཅིག’གུང་གསེང་དུ་ཡོང་སྒོ་རྐྱང་བ་སྒོར་ཁྲི་བརྒྱད་བླངས། དུས་མཚུངས་སུ་བིས་མདོ་ཡུལ་ཚོའི་མཐའ་འཁོར་གྱི་སྤྲོ་སྐྱིད་ཁང་དག་གི་ཚོང་ཡང་བྲིན་དུ་བཅུག ཉིན་རེར་ཡུལ་སྐོར་པ་ཁྲི་ལྔ་ལས་བརྒལ་བ་སྣེ་ལེན་བྱས”ཞེས་དམངས་སྲོལ་རིག་གནས་ར་བའི་འགན་འཁུར་པ་རྡོ་རྗེ་ཚེ་རིང་གིས་གདོང་ལ་འཛུམ་གྱིས་ཁེངས་ནས་དེ་ལྟར་བཤད།

ད་ལོ་ལོ22ཡིན་པའི་སྒྲོལ་མ་ཚེ་རིང་གིས་བོད་ཁྱིམ་སྤྲོ་སྐྱིད་ཁང་ཞིག་གི་མདུན་དུ་ལས་ཀ་ལས་ཞོར་བཤད་རྒྱུར། ངས་སྔོན་ཆད་ཞིང་ཆེན་གཞན་པ་རུ་གླ་རྒྱག་སྐབས་ཡོང་སྒོ་ཅུང་མང་ནའང་འགྲོ་འདུག་སྤྱོད་གསུམ་ཚང་མར་སྒོར་མོ་བཀོལ་དགོས་པས། བཙལ་བའི་སྒོར་མོ་མང་ཆེ་བ་གླ་རྒྱག་སའི་ཡུལ་ནས་བཀོལ་དགོས། ད་ལྟ་རང་ཚང་གི་སྒོ་ཁ་རུ་ལས་ཞུགས་བྱས་ཡོད་ལ། ཟླ་རེར་ཡོང་སྒོ་སྒོར3000ཡོད། ཟླ་ངོ་འགའི་རིང་ལ་གཞན་ཡུལ་ནས་དཀའ་ལས་མྱངས་ཏེ་ལོ་གཅིག་ལ་བཙལ་བའི་སྒོར་མོ་དེ་གནས་འདི་ནས་བཙལ་ཐུབ་བྱུང་ཟེར།

ཇི་ལྟར་བྱས་ན་ད་གཟོད་གྲོང་གསེབ་དར་སྤེལ་ལ་འབྲས་བུ་བཟང་པོ་ལེན་ཐུབ་བམ་ཞེ་ན། ཚོད་བགམ་བྱས་པ་ནི་གཞི་རིམ་དོ་དམ་གྱི་བློ་གྲོས་ཡིན་ལ། བཤེར་འཇལ་བྱས་པ་ནི“གནད་འགག་གྲངས་ཉུང”གི་དམངས་དོན་སྒྲུབ་པའི་ཚད་ཡིན།

མོའུ་ཙའེ་མིན་གྱིས་བིས་མདོ་ཡུལ་ཚོའི་ཏང་འཛུགས་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་བྱས་ཤིང་གྲོང་གསེབ་དར་སྤེལ་དུ་བཏང་བའི་མན་ངག་དེ་བཤད་པ་སྟེ། ས་གཤིས་ཀྱི་དགེ་མཚན་དང་རི་ཆུའི་མཛེས་ལྗོངས་ཀྱི་ཐོན་ཁུངས་ལ་བརྟེན་ཞིང་། བོད་ཀྱི་སྲོལ་རྒྱུན་ཟློས་གར་གྱི་གཟུགས་འདས་རིག་གནས་ཤུལ་བཞག་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་སོགས་ཀྱིས་རམ་འདེགས་བྱེད་པ། སྣ་མང་ཅན་གྱི་ཞིང་སྡེའི་དམངས་སྲོལ་དང་ཞིང་སྡེའི་ཟས་མཆོག ཞིང་སྡེའི་ཁྱད་ལྡན་ཐོན་ལས། ཞིང་ལས་རོལ་མྱོང་། ཞིང་པའི་འཚོ་བ་སོགས་ཀྱི་ཕྱོགས་བསྡུས་ཡུལ་སྐོར་ཐོན་རྫས་བསྐྲུན་ནས། ཡུལ་སྐོར་པར་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་ལ་རོལ་མྱོང་བྱེད་དུ་བཅུག་པ་དང་། “ཀྲི་པུའུ་ཐོན་ལས་སྦྲེལ་ཐག་གི་སྟེང་དུ་འཛུགས་པ་དང་ཏང་ཡོན་ཐོན་ལས་སྦྲེལ་ཐག་གི་སྟེང་དུ་འཛོམས་པ། ཞིང་པ་ཐོན་ལས་སྦྲེལ་ཐག་གི་སྟེང་ནས་ཕྱུག་པ”ཡི་རིག་ལམ་ལ་དམིགས་ཏེ། ཏང་འཛུགས་ཀྱིས་སྣེ་འདྲེན་བྱེད་པར་བརྟེན་པ་དང་། འཛད་སྤྱོད་པས་ཡུལ་ཁོངས་ཡོངས་ལ་ཡུལ་སྐོར་བྱེད་པའི་ཁྲོད་ཀྱི“ངོས་ཟིན་དང་ཐོབ་སྣང”ཇེ་མཐོར་བཏང་ཞིང་། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་ཁྲོད་ཀྱི“གསར་སྙེག་དང་མཚར་སྙེག ཤེས་འདོད་དང་སྐྱིད་འདོད”བཅས་ཀྱི་འདོད་མོས་བསྐང་ཅི་ཐུབ་བྱས།

ཡུལ་སྐོར་པ་ཇེ་མང་དུ་སོང་བ་དང་བསྟུན་ནས་ཆུ་རྫོད་ཅིང་འཚོ་བའི་གད་སྙིགས་ཇེ་མང་དུ་སོང་བས། ཐོན་ལས་ཀྱི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་བར་གྱི་གནད་དོན་ཇི་ལྟར་ཐག་གིས་གཅོད་རྒྱུ་དེ་བསམ་གཞིགས་བྱེད་དགོས་པའི་བྱ་བ་ཞིག་ཏུ་གྱུར།

“སྐྱེ་ཁམས་དམིགས་བསལ་སྒོས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་དེ་བསམ་བློ་དང་འགུལ་སྐྱོད་ཀྱི་རང་རྟོགས་སུ་གྱུར་ཡོད་པས། ང་ཚོས་དུས་ངེས་གཏན་དང་དུས་ངེས་མེད་དུ་སྡེ་བའི་བགྲོད་ལམ་དང་ཆུ་བོའི་གྲམ་པ། སྡོད་ཁང་གི་མདུན་རྒྱབ་བཅས་ཀྱི་གད་སྙིགས་གཙང་བཤེར་བྱས་པར་མ་ཟད། སྡེ་སྲོལ་དམངས་ཆིངས་ཁྲོད་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཇུས་གཞི་གཏན་འབེབས་བྱས་ཏེ་གྲོང་གསེབ་དར་སྤེལ་དེ་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་དང་འཕྲོད་དུ་བཅུག་པ་ཡིན། སྡེ་བ་མཛེས་ན་ད་གཟོད་བདེ་སྐྱིད་ཀྱི་འཚོ་བ་ཡོད་ངེས།”ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཡུལ་ཚོའི་འགོ་གཙོ་རྟ་མགྲིན་ཚེ་བརྟན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཤོག་བུ་གང་སར་མི་འཕེན་པ་དང་རང་འགུལ་གྱིས་གད་སྙིགས་འཐུ་བ། ལྗང་མདོག་ཐཱན་དམའི་འཚོ་བ་རོལ་བ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འདུ་ཤེས་དེ་ཡུལ་མི་རྣམས་ཀྱི་སེམས་སུ་རི་མོ་ལྟར་བརྐོས་ཡོད། མང་ཚོགས་ཀྱིས་རང་མོས་སྒོས་དང་བླངས་པའི་དཔུང་སྡེ་བཙུགས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཕོ་ཉ་རུ་གྱུར་ཡོད།

དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་བརྒྱབ་པ་ནས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱེད་པའི་བར་དུ། བིས་མདོ་ཡུལ་ཚོའི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དམངས་ཕྱུག་སྡེ་ཕྱུག་གི་ཐོག་མའི་བསམ་འདུན་མ་བརྗེད་པར་སྡེ་མི་རྣམས་ལ་སྣེ་ཁྲིད་ནས“དབུལ་ཞིང་སྟོང་བ”ནས“དམངས་ཕྱུག་སྡེ་ཕྱུག”གི་འགྱུར་ལྡོག་ཆེན་མོ་མངོན་འགྱུར་བྱས་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།