ནམ་མཁའ་གཡའ་དག་པའི་ཉིན་མོ་དེར། བསམ་འཕེལ་དར་རྒྱས་ཀྱིས་ཚ་བོ་ཁྲིད་དེ་བུལ་ཆུའི་འགྲམ་ལ་འཆམ་འཆམ་དུ་སྐྱོད་སྐབས་གད་སྙིགས་མཐོང་ཚད་འཐུ་ཞོར། ཆུ་འགྲམ་དང་རྩྭ་ཐང་དུ་གད་སྙིགས་འཕངས་ཚེ་འབྲི་དང་མཛོ་མོར་ནད་ཕོག་ནས་ཞོ་དང་འོ་མ་འཐུང་རྒྱུ་མེད་པར་འགྱུར་བ་རེད་ཅེས་ཚ་བོར་ཁ་ཏ་བསླབ་བྱ་གནང་།
སྐད་ཆ་དེ་དག་བསམ་འཕེལ་དར་རྒྱས་ཀྱིས་ཁོའི་ཚ་བོར་བཤད་པར་མ་ཟད། ལོ་ན་གཞོན་པའི་སྐབས་སུ་དུས་རྒྱུན་རང་ཉིད་ཀྱི་བུ་གཉིས་ལའང་བཤད་མྱོང་བ་དང་། མཚམས་ལན་རེར་བོད་རིགས་ཀྱི་དམངས་ཁྲོད་གཏམ་རྒྱུད་ལ་སྦྱར་ནས་ཀྱང་བཤད་མྱོང་། བསམ་འཕེལ་དར་རྒྱས་ཀྱི་ཁ་ཏ་བསླབ་བྱ་དེ་དག་ནི་ཁོ་རང་ཆུང་དུས་སྤོ་བོ་དང་ཨ་ཕའི་ངག་ལས་ཐོས་པ་རེད།
ད་ལོར་ལོ་ན་དོན་གསུམ་ལ་སླེབས་པའི་བསམ་འཕེལ་དར་རྒྱས་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྫ་ཆེན་ཡུལ་ཚོ་སྡེ་ཆེན་སྡེ་བའི་མི་ཡིན་པ་དང་། དེ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་འབྱུང་ཡུལ་གྱི་ལྟེ་བའི་ས་ཁུལ་ཡིན་ལ། གནས་དེ་ལ་གསའ་ཡི་ཕ་ས་ཞེས་ཀྱང་འབོད།
བསམ་འཕེལ་དར་རྒྱས་ཚང་བུལ་ཆུའི་འགྲམ་ངོགས་སུ་ཡོད་པ་དང་། གཙང་པོའི་ཚུར་ངོགས་ནི་ཁུལ་སྐོར་གཞུང་ལམ་ཡིན་ལ་གཞུང་ལམ་གྱི་འགྲམ་དུ་བསམ་འཕེལ་དར་རྒྱས་ཚང་གི་ཁང་པ་ཡོད། དེ་ནི་ཁོ་ཚང་གི་དགུན་སའི་ཁང་པ་རེད། གཙང་པོའི་ཕར་ངོགས་ནི་བསམ་འཕེལ་དར་རྒྱས་ཚང་གི་དབྱར་ས་རེད། དབྱར་དགུན་གྱི་སྡོད་སའི་བར་ན་བུལ་ཆུ་མ་གཏོགས་མེད། ད་ལྟའི་དུས་འདིར་ཁྱིམ་མི་གང་པོ་དབྱར་སའི་སྦྲ་གུར་ནང་བསྡད་ཡོད།
བུལ་ཆུ་ནི་རྫ་ཆུའི་ཡན་ལག་གཙོ་བོ་ཞིག་ཡིན་ཞིང་། སྡེ་ཆེན་སྡེ་བ་བརྒྱུད་ནས་བཞུར་དེ་རྫ་ཆུ་དང་འདྲེས་རྗེས་རྫ་ཆུ་ཞེས་པའི་མིང་གསར་པ་ཞིག་ཐོགས་ཡོད།
རྫ་ཆེན་ནི་རྫ་ཆུའི་འབྱུང་ཡུལ་གྱི་ཡུལ་ཚོ་དང་པོ་ཡིན་ཞིང་། དེར་མཚེའུ་དང་བརླན་ས། མཐོ་གྲང་སྤང་ལྗོངས། རི་སྐྱེས་སྲོག་ཆགས་སོགས་ཐོན་ཁུངས་སྣ་ཚོགས་ཡོད། གསར་འགོད་པ་སྡེ་ཆེན་སྡེ་བར་བསམ་འཕེལ་དར་རྒྱས་ལ་བཅར་འདྲི་བྱེད་པར་སྐྱོད་པའི་ལམ་བར་དུ། བྲག་ནག་རི་ལྡེབས་སུ་ཤྭ་བ་མཆུ་དཀར་བརྒྱ་ལྷག་ཙམ་མཐོང་བ་དང་། ད་དུང་གསར་དུ་རྩེབས་པའི་ཤྭ་ཕྲུག་ཀྱང་ཁྲིད་ནས་འགྲོ་བཞིན་འདུག་ལ། ཚོད་དཔག་བྱས་ན་ཉིས་བརྒྱ་ལྷག་ཡོད་པ་རེད། གྲངས་འབོར་དེ་འདྲའི་མང་བའི་ཤྭ་བ་མཆུ་དཀར་མཐོང་རྒྱུ་ཡོད་པ་དེ་ནི་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱི་སྲུང་སྐྱོབ་དང་ཁ་འབྲལ་ཐབས་མེད།
བསམ་འཕེལ་དར་རྒྱས་སྔོན་ཆད་ན་གོར་མོ་རུ་དམག་མི་བྱས་པ་དང་དམག་ཁོངས་ལས་བུད་རྗེས་ཕྱིར་སྡེ་བར་ལོག་པ་དང་། གཅིག་སྟོང་དགུ་བརྒྱ་དོན་བརྒྱད་ལོར་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མིར་གྱུར། སྐབས་དེ་ནས་བཟུང་སྡེ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཆེན་པོ་བྱས་ཤིང་། ད་རག་བར་ལོ་གང་མང་ཞིག་འདས་ཟིན་པས། བསམ་འཕེལ་དར་རྒྱས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་དངོས་སུ་བརྒྱུད་མྱོང་ཡོད།
ཉིས་སྟོང་ལོའི་ཡས་མས་སུ་དུས་ཚིགས་འདིར་རྩྭའི་སྐྱེ་ཚད་མདུན་ཅོག་ཅིག་གི་མཐོ་ཚད་ཡོད། ལོ་འདི་འགའི་སྐྱེ་ཚད་སྔོན་ལྟ་བུ་ཞིག་མ་རེད་ཅེས་བསམ་འཕེལ་དར་རྒྱས་ཀྱིས་བཤད། དེ་ལྟར་དབྱར་ཁར་སྡོད་སའི་སྦྲ་གུར་དུ་བསམ་འཕེལ་དར་རྒྱས་ཀྱིས་རྩྭ་ཐང་གི་འགྱུར་ལྡོག་སྐོར་གླེང་ཞིང་། ཁོའི་བུ་རྩྭ་ཐང་དུ་སྐོར་སྲུང་དང་གད་སྙིགས་འཐུ་རུ་བུད་སོང་བ་དང་། མནའ་མས་སྦྲ་གུར་དུ་འོ་མ་དཀྲོག་བཞིན་འདུག
ཉིས་སྟོང་བཅུ་དྲུག་ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་བྱ་བ་སྤེལ་མགོ་ཚུགས་རྗེས། སྡེ་ཆེན་སྡེ་བའི་ཁྱིམ་ཚང་རེ་རེར་སྐྱེ་ཁམས་བདག་སྐྱོང་པ་རེ་ཡོད་པ་དང་། སྡེ་བ་ཡོངས་སུ་སྐྱེ་ཁམས་བདག་སྐྱོང་པ་དྲུག་བརྒྱ་དོན་གསུམ་ཡོད་ལ། བསམ་འཕེལ་དར་རྒྱས་ཀྱི་བུ་ཡང་དེའི་ཁྲོད་ཀྱི་གཅིག་རེད། ཁྱིམ་ཚང་གང་པོར་སྐྱེ་ཁམས་བདག་སྐྱོང་པ་གཅིག་ལས་མེད་ཀྱང་ཕྱི་རུ་སྐོར་སྲུང་བྱེད་པར་སྐྱོད་ཐེངས་རེར། བསམ་འཕེལ་དར་རྒྱས་ཀྱིས་བུ་གཉིས་ཁྲིད་ནས་མཉམ་དུ་འགྲོ་ལ། ཐག་རིང་སར་འགྲོ་ཐུབ་ཀྱི་མེད་པས་བསམ་འཕེལ་དར་རྒྱས་ཀྱིས་ཐག་ཉེ་སར་རང་ཉིད་གཅིག་པུས་སྐོར་སྲུང་བྱེད་བཞིན་ཡོད་པ་དང་། བུ་ཕྱིར་ལོག་རྗེས་ཉིན་དེའི་སྐོར་སྲུང་གནས་ཚུལ་འདྲི་རྩད་བྱེད་ཀྱིན་ཡོད།
“ངས་དེ་རིང་གསའ་ཡིས་གནའ་བ་འཛིན་བཞིན་པ་མཐོང་བྱུང་། གསའ་དེ་བྲག་རྒྱབ་ནས་གནའ་བའི་ཐོག་ཏུ་མཆོངས་ཏེ། གནའ་བའི་སྐེ་ནས་བཟུང་ཞིང་། གནའ་བ་འཕག་འཚག་འགའ་བརྒྱབ་རྗེས་འགུལ་རྒྱུ་མེད་པར་གྱུར། ”
“ངས་དེ་རིང་སྐོར་སྲུང་བྱེད་སྐབས་གནའ་བ་ཞིག་རྒྱ་རྙི་ལས་བསྐྱབས་པ་ཡིན། ”
“ངས་དེ་རིང་གད་སྙིགས་འགྱིག་ཁུག་གང་བཏུས་ནས་ཁྱིམ་དུ་ལོག་པའི་ལམ་བར་དུ་གད་སྙིགས་བསྡུ་རུབ་བྱ་ཡུལ་དུ་འཕངས་པ་ཡིན།”
བསམ་འཕེལ་དར་རྒྱས་ཀྱི་ཉིན་རེའི་རེ་སྒུག་ཆེ་ཤོས་ནི་བུ་ཡིས་བརྗོད་པའི་སྐོར་སྲུང་སྐབས་ཀྱི་གཏམ་རྒྱུད་དེ་དག་ཡིན་པ་དང་། གཏམ་རྒྱུད་རེ་རེར་མཉན་ནས་རི་སྐྱེས་སྲོག་ཆགས་རྩྭ་ཐང་དུ་བདེ་འཇགས་ངང་འཚོ་སྡོད་བྱས་ཡོད་པ་ཤེས་རྗེས་ཁོའི་སེམས་པ་ཧ་ཅང་སྐྱིད་པོ་བྱུང་།
ལོ་འགའི་སྔོན་ལ་ཕྱིར་སྐོར་སྲུང་བྱེད་དུ་འགྲོ་སྐབས་རྔོན་པས་རྙི་བཙུགས་ཡོད་པ་མཐོང་རྒྱུ་འདུག ལོ་གཅིག་གི་ནང་ལ་རྙི་ཉི་ཤུ་ལྷག་ཙམ་གཏོར་དགོས། ལོ་འདི་དག་གི་ནང་དུ་གནས་ཚུལ་ཇེ་ལེགས་སུ་ཕྱིན་ནས་ཕལ་ཆེར་རྙི་མཐོང་རྒྱུ་མི་འདུག་ཅེས་བསམ་འཕེལ་དར་རྒྱས་ཀྱིས་དེ་ལྟར་བཤད།
གནས་ཚུལ་ཇེ་ལེགས་སུ་ཕྱིན་མོད། འོན་ཀྱང་བསམ་འཕེལ་དར་རྒྱས་ཀྱི་བསམ་པར་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་དེ་སྔ་ལས་ཇེ་ཉུང་དུ་ཕྱིན་ལ། ཉིས་སྟོང་བཅུ་དགུ་ལོའི་ལོ་མགོར་ཡུས་ཧྲུའུ་ལ་གངས་སྐྱོན་བྱུང་རྗེས་ལྷག་ཏུ་ཇེ་ཉུང་རེད། ལོ་དེའི་གངས་སྐྱོན་ནང་། ང་ཚོས་རི་སྐྱེས་སྲོག་ཆགས་ལ་གཟན་རྩྭ་བྱིན་ནའང་། རི་སྐྱེས་སྲོག་ཆགས་མང་པོ་ཞིག་ཤི་བ་དང་། དེ་དག་གི་རོ་མཐོང་སྐབས་སེམས་པ་ཧ་ཅང་སྡུག་བྱུང་ཞེས་བསམ་འཕེལ་དར་རྒྱས་ཀྱིས་བཤད།
ཉིས་སྟོང་བཅུ་དགུ་ལོའི་ལོ་མགོར། བུ་ཆུང་བ་འཇམ་རྡོས་སྐོར་སྲུང་བྱེད་པའི་ལམ་བར་དུ་གནའ་བ་ཞིག་ཁ་བ་སྟུག་པོར་བྱིང་ནས་འགུལ་མི་ཐུབ་པར་གྱུར་ཡོད་པ་མཐོང་ལ། འཇམ་རྡོས་གནའ་བ་དེ་བསྐྱབས་ཏེ་ཁྱིམ་དུ་ཁྱེར་ཡོང་། གཟན་རྩྭ་ཉུང་ཙམ་ལྷག་ཡོད་པ་དེ་བྱིན་ནས་གསོས། ཟླ་གཅིག་གི་རྗེས་སུ་ཁ་བ་ཞུ་སོང་བ་དང་གནའ་བ་གཞི་ནས་རང་བྱུང་ཁམས་སུ་བཏང་། བསམ་འཕེལ་དར་རྒྱས་ཀྱིས་འབྲོག་པས་རི་སྐྱེས་སྲོག་ཆགས་ལ་རོགས་སྐྱོབ་བྱེད་པ་དེ་ནི་རང་བཞིན་གྱི་ནུས་པ་ཞིག་དང་། མི་རབས་ནས་མི་རབས་བར་བརྒྱུད་པའི་རིག་གནས་ཀྱི་འདུ་ཤེས་ཤིག་ཡིན་པས། རང་བྱུང་གི་ཆ་རྐྱེན་སྡུག་པོའི་འོག་རི་སྐྱེས་སྲོག་ཆགས་དང་ཁྱིམ་ཚང་གི་སྒོ་ཕྱུགས་ལ་ཁྱད་པར་སྤུ་ཙམ་ཡང་མེད་པར་ཐོག་མར་དེའི་སྲོག་སྐྱོབ་ངེས་ཡིན་ཟེར།
འབྲོག་པ་ཚོས་མི་རབས་ནས་མི་རབས་བར་ལྟ་སྲུང་བྱས་པ་བརྒྱུད། རྩྭ་ཐང་སྔར་ལས་མཛེས་སྡུག་ལྡན་པ་དང་རི་སྐྱེས་སྲོག་ཆགས་སྔར་ལས་ཇེ་མང་དུ་འགྲོ་ངེས་པར་བསམ་འཕེལ་དར་རྒྱས་ལ་ཡིད་ཆེས་བརྟན་པོ་འདུག
འབྱུང་འགྱུར་ལ་ཡིད་སྨོན་བྱེད་པ་དང་མཉམ་དུ། བསམ་འཕེལ་དར་རྒྱས་ཀྱིས་མིག་སྔའི་རྩྭ་ཐང་ལ་ཡང་སེམས་ཁྲལ་བྱེད་ཀྱིན་ཡོད། ལོ་རེ་བཞིན་དབྱར་རྩྭ་དགུན་འབུ་བརྐོ་མཁན་གྱི་མི་མང་པོ་ཞིག་གནས་དེར་ཡོང་བཞིན་ཡོད་པ་དང་། དབྱར་རྩྭ་དགུན་འབུ་བརྐོ་བ་བ་ནི་རྩྭ་ཐང་གི་ངོས་ནས་བརྗོད་ན་གནོན་ཤུགས་ཆེན་པོ་ཞིག་རེད།
གསར་འགོད་པས་རྫ་ཆེན་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་མགོ་གཙོ་གཞོན་པ་ཉི་མ་བཟང་པོའི་ངག་ལས་ཤེས་རྟོགས་བྱུང་བ་ལྟར་ན། རྫ་ཆེན་ཡུལ་ཚོའི་ཁོངས་སུ་སྡེ་ཆེན་སྡེ་བ་ཁོ་ནར་མ་གཏོགས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་མེད་པས། ལོ་འདི་དག་གི་ནང་དུ་ཡུལ་དེ་གའི་འབྲོག་པས་དབྱར་རྩྭ་དགུན་འབུ་བརྐོས་རྗེས། རྫོང་གཞན་པའི་མི་ལ་དུས་ཡུན་ཉིན་བཅུའི་རིང་གི་དབྱར་རྩྭ་དགུན་འབུ་བརྐོ་རུ་འཇུག་གིན་ཡོད་པས། ད་ལོའི་དབྱར་ཁར་དབྱར་རྩྭ་དགུན་འབུ་བརྐོ་མཁན་ཕལ་ཆེ་བ་སྡེ་ཆེན་སྡེ་བའི་ས་ཐོག་ཏུ་འདུས་ཡོད།
དབྱར་རྩྭ་དགུན་འབུ་བརྐོས་ཚར་རྗེས། བསམ་འཕེལ་དར་རྒྱས་ཀྱིས་ཉིན་བཅུའི་རིང་ལ་ལྷོད་པ་མེད་པར་རྩྭ་ཐང་གི་གད་སྙིགས་བཏུས་ཤིང་། ཁོས་རྩྭ་ཐང་ཇེ་གཙང་ནས་ཇེ་གཙང་དུ་ཡོང་བའི་རེ་བ་འཆང་གིན་འདུག
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།