ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོབ་ལས་ལ་བྲེལ། སྲོག་ཆགས་གསའ་ཡི་རྗེས་ཤུལ་འཚོལ་བར་སྙེག
2023.09.04 ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚིགས། ཀློག་གྲངས། 3

གཞི་རིམ་གྱི་ལྟ་སྲུང་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ཕན་འབྲས་ལ་དཔང་པོ་བྱེད་པ།

རྒྱང་རིང་ན་ཅི་དགར་རོལ་བའི་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ལ་ལྟ་བཞིན་ངག་དབང་ཚེ་རིང་གིས་གོམ་པ་སྤོ་མཚམས་ཇེ་དལ་དུ་བཏང་ནས་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀར་རྩིས་རྒྱག་བཞིན“དབྱར་ཐོག་མའི་དུས་ནི་ཁྲུང་ཁྲུང་སྐེ་ནག་གི་རྒྱུད་སྤེལ་དུས་ཚིགས་ཡིན་ཞིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དབུས་ཀྱི་བརླན་ས་སྣ་ཚོགས་ནི་འདབ་ཆགས་ཀྱི་ཞིང་ཁམས་ལྟ་བུར་གྱུར་ཡོད”ཅེས་གསར་འགོད་པར་དེ་ལྟར་བཤད།

ད་ལོ་ལོ36ཡིན་པའི་ངག་དབང་ཚེ་རིང་ནི་མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་བརླན་སའི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཡིན་ཞིང་། སྲུང་སྐྱོབ་ཁུལ་དེ་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་དུ་གནས་ཡོད།  དེ་གར་ཆ་སྙོམས་མཚོ་འཕང་སྨི4200ཟིན་ནས་འཛམ་གླིང་གི་མཚོ་འཕང་མཐོ་ཤོས་ཀྱི་བརླན་སའི་གྲས་ཤིག་ཡིན་ལ། རང་རྒྱལ་གྱིས་བསྐྲུན་པའི་ཁྲུང་ཁྲུང་སྐེ་ནག་དང་དེའི་རྒྱུད་སྤེལ་སྲུང་སྐྱོབ་ཁུལ་དང་པོའང་ཡིན།

རོང་པོ་བརླན་སར་སྐྱོད་སྐབས་ཁྲུང་ཁྲུང་སྐེ་ནག་ཆ་དང་ཆ་འགྲིག་ནས་བརླན་སའི་ཁྲོད་ཅི་དགར་རོལ་བ་དང་། ཁྲུང་ཁྲུང་མགོ་ཁྲ་དང་ངུར་བ་སོགས་འདབ་ཆགས་ཀྱི་ཁྱུ་ཚོགས་འཕུར་ལྡིང་བྱེད་བཞིན་ཡོད་ཅིང་། ད་ལྟ་གནས་དེ་འདབ་ཆགས་ཀྱི་ཞིང་ཁམས་ཞིག་ཏུ་གྱུར་ཡོད།  རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ས་ཚིགས་ཀྱི་འགོ་གཙོ་པ་སངས་ཚེ་རིང་གིས་བཤད་རྒྱུར། ས་ཚིགས་བཙུགས་ནས་ལོ30ལྷག་གི་རིང་སྲུང་སྐྱོབ་ཁུལ་གྱི་འདབ་ཆགས་ཀྱི་རིགས་ཐོག་མའི་རིགས12དང་། ནང་ཚན20 སྣ་ཁ30བཅས་ནས་མིག་སྔའི་རིགས17དང་།  ནང་ཚན39   སྣ་ཁ138བཅས་ཀྱི་བར་ཇེ་མང་དུ་སོང་ཡོད་ཟེར།

ངག་དབང་ཚེ་རིང་ནི་རོང་པོ་གྲོང་རྡལ་མཚོ་སྨད་སྡེ་བར་གནས་ཡོད་པ་དང་སྡེ་བ་དེ་རོང་པོ་བརླན་སའི་འགྲམ་དུ་ཆགས་ཤིང་། ཁོ་ཆུང་དུས་ནས་ཁྲུང་ཁྲུང་སྐེ་ནག་དང་འབྲེལ་འདྲིས་ཆེན་པོ་ཡོད།  ལོ་བཞིའི་ཡར་སྔོན་དུ་སྲིད་གཞུང་གིས་ཁོ་སྐྱེ་ཁམས་ལྟ་སྲུང་པར་བཀོད་སྒྲིག་བྱས་པའི་ཚུན་ལ་རྒྱུན་ལྡན་གྱི་སྐོར་སྲུང་ནས་འདབ་ཆགས་ལ་ལྟ་ཞིབ་བྱེད་པའི་བར་ཁྱིམ་མིར་ལྟ་སྐྱོང་བྱེད་པ་ལྟར་འདབ་ཆགས་འདི་དག་ལ་སྲུང་སྐྱོབ་བཟང་བོ་བྱེད་བཞིན་ཡོད།

ལོ་རེའི་དཔྱིད་ཐོག་མའི་དུས་སུ་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ཡུན་ནན་གྱི་ནགས་ཕག་མཚོ་དང་བོད་ཀྱི་ཡར་ཀླུང་གཙང་པོ་སོགས་ནས་རོང་པོར་འཕུར་ཡོང་བཞིན་ཡོད་པས།  ངག་དབང་ཚེ་རིང་ལ་མཚོན་ན་དུས་དེ་ནི་ཆེས་བྲེལ་འཚུབ་ཆེ་བའི་དུས་ཤིག་རེད།  ཉིན་ རེར་འདབ་ཆགས་ཀྱི་རིམས་ནད་འགོ་ཁུངས་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་དགོས་པ་མ་ཟད།  ད་དུང་བརླན་སའི་ཁྲུང་ཁྲུང་སྐེ་ནག་གི་སྲུང་སྐྱོབ་ཁུལ་དུ་ཡོང་མཁན་དག་བཀག་འགོག་བྱེད་དགོས་པ་དང་།   རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་སྐྱོབ་ཆེད།   མཚམས་ལར་ལྟ་སྲུང་པ་རྣམས་དར་ཆགས་པའི་མཚོའི་ནང་དུའང་འཛུལ་དགོས་བ་རེད།  དུས་ཡུན་རིང་བོར་མཐོ་སྒང་དུ་ལས་ཀ་སྒྲུབ་དགོས་སྟབས་ལྟ་སྲུང་པ་ཚོའི་ངོ་གདོང་སྨུག་པོར་གྱུར་ཡོད།

ངག་དབང་ཚེ་རིང་གིས་བཤད་རྒྱུར། མིག་སྔར་སྲུང་སྐྱོབ་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱས་པ་དང་བསྟུན་ནས། སྲུང་སྐྱོབ་ཁུལ་དུ་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀ་དེ་ཐོག་མའི་བཅུ་ལྷག་ནས་ད་ལྟའི200ལྷག་ཏུ་འཕར་ཡོད་པ་དང་། ཁྲུང་ཁྲུང་མགོ་ཁྲའི་གྲངས་ཀ་ཡང་ཁྲི་ལྷག་ཏུ་སླེབས་ཡོད།  ད་ལོར་རོང་པོ་རང་བྱུང་སྲུང་སྐྱོབ་ཁུལ་དེ་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཁྲོད་བདེ་བླག་ངང་ཚུད་པས་སྲུང་སྐྱོབ་ཁུལ་གྱི་བརླན་སའི་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སྲུང་སྐྱོབ་བྱེད་ཐུབ་ཟེར།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ལིས་ཞའོ་ནན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཀྲུང་གོས་ཐོག་མར་ཚོད་ལྟ་འཛུགས་སྐྲུན་བྱས་པ་ནས་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་བར།  མིག་སྔར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་རེར་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད།

རང་བྱུང་ཉམས་ལེན་ཡུལ་སྐོར་བར་སྐྱེལ་མ་བྱས་རྗེས། འབྲོག་པ་ཚེ་རིང་ཉི་མས་གྲོག་རོང་ནས་དྲག་ཏུ་རྒྱུག་པའི་རྫ་ཆུར་ལྟ་བཞིན་པར་ཆས་ཁྱེར་ནས་ཡང་བསྐྱར་རི་མགོར་འགོས།

ཚེ་རིང་ཉི་མ་ནི་ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་རས་ཁྱིམ་སྡེ་བའི་མི་ཡིན་ཞིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཡིན།  རྣམ་སྲས་ཡུལ་ཚོར་རང་བྱུང་ཉམས་ལེན་ཚོད་ལྟའི་ཚོང་གཉེར་གྱི་དམིགས་བསལ་ཆོག་འཐུས་ཐོབ་རྗེས་ཚེ་རིང་ཉི་མ་སྣེ་ལེན་ཁྱིམ་ཚང་ཞིག་ཏུ་གྱུར་ཞིང་། ཁོས་ཡུལ་སྐོར་བ་ཁྲིད་དེ་རང་བྱུང་ཁམས་དང་ཉེ་བར་བཅར་ནས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་བྱེད་ས་མྱོང་རོལ་བྱེད་བཞིན་ཡོད་པས།  ལོ་རེར་ཡོང་འབབ་ཇེ་མང་དུ་འགྲོ་བཞིན་ཡོད།

རི་དྭགས་གསའ་འཚོལ་བ་དང་། ཤེས་བྱ་གསལ་འགྲེལ་བྱེད་པ།  སྐོར་སྐྱོད་སྲུང་སྐྱོབ་དང་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་ལོ་འགའི་ནང་ཚེ་རིང་ཉི་མ་གསའ་ལ་ཞིབ་འཇུག་བྱེད་མཁན་གྱི་རིགས་གཅིག་མཁས་ཅན་ཞིག་ཏུ་གྱུར་ཏེ། རི་སྐྱེས་སྲོག་ཆགས་ཀྱི་སྐྱེ་ཁམས་འཕེལ་རྒྱས་བཟང་པོ་བྱུང་བའི་འགྱུར་ལྡོག་སྣ་ཚོགས་ལ་ཆ་རྒྱུས་ཤིན་ཏུ་ཆེ་བ་རེད།

ཁོས་བཤད་རྒྱུར།  རྩྭ་ཡག་པོ་སྐྱེས་ན་གནའ་བ་ཇེ་མང་དུ་འགྲོ་སྲིད། གནའ་བ་ཇེ་མང་དུ་སོང་ན་གསའ་ཡི་ཁྱུ་ཚོགས་ཀྱང་རིམ་གྱིས་ཇེ་མང་དུ་འགྲོ་བ་དང་། ད་ལྟ་གང་ས་གང་ནས་གསའ་ལ་པར་རྒྱག་ཐུབ་ཟེར།

གཞི་གྲངས་ལས་མངོན་པ་ལྟར་ན།  རྣམ་སྲས་ཡུལ་ཚོ་ནས་གསའ80ལྷག་ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པ་དང་། གཟིག་ཁྲ་ཐིག་ཅན་དང་། དབྱི། ཤ་བ་མཆུ་དཀར་སོགས་རི་སྐྱེས་སྲོག་ཆགས་ཀྱང་གནས་དེར་འཚོ་སྡོད་བྱེད་ཅིང་། རྫ་ཆུའི་ཆུ་འགོ་ནི་སྲོག་ཆགས་ཀྱི་ཞིང་ཁམས་སུ་གྱུར་ཡོད།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་ཆེན་མོ་ཐེན་ཅན་གྱིས་བཤད་རྒྱུར། མིག་སྔར་མཚོ་སྔོན་གྱི་རི་སྐྱེས་སྲོག་ཆགས85%ཙམ་གྱི་འཚོ་སྡོད་བྱེད་ས་དེ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་བྱེད་ཁོངས་སུ་བཅུག་པས། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་སྒོས་ཇེ་མང་དུ་སོང་ཡོད། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་མ་ལག་གལ་ཆེན་དང་། རང་བྱུང་རྗེས་ཤུལ།  རང་བྱུང་མཛེས་ལྗོངས། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་གདོད་མའི་རང་བཞིན་དང་མ་ལག་རང་བཞིན་གྱི་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་ཡོད་ཟེར།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།