བློ་གཅིག་སེམས་གཅིག་གིས་སྔོ་ལྗང་རི་ཆུར་སྲུང་སྐྱོབ་བྱེད་དགོས།
2023.09.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

སྟོན་དུས་ཀྱི་དྲོད་འཇམ་ནམ་ཟླ་དང་འགྲོགས་ནས། གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ནས་ལམ་ལ་ཆས་ཤིང་། མཚོ་འཕང་སྨི4700ཡོད་པའི་འབྲི་སྟོད་རྫོང་ཟོ་སྐྱ་ཡུལ་ཚོའི་ཕྱོགས་སུ་ཆས། རླངས་འཁོར་ལ་བསྡད་དེ་ལ་དང་ལུང་པ་བརྒལ་ཞིང་ཀྱག་ཀྱོག་གི་རི་ལམ་དེད་ནས་ཆུ་ཚོད་ལྔ་ལ་བསྐྱོད་མཐར་ཟོ་སྐྱ་ཡུལ་ཚོ་འདམ་ཆུ་སྡེ་བར་འབྱོར། གནས་དེ་རུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་གྱི་སྐྱེ་ཁམས་བདག་སྐྱོང་པ་བེ་རུ་ཚེ་བཟང་དང་འཕྲད།

གསར་འགོད་པ་བེ་རུ་ཚེ་བཟང་ལ་འཕྲད་མ་ཐག་ཁོང་ཅུང་ཙམ་འཚབ་སྣང་ཞིག་མངོན་ཡོད་མོད། འོན་ཀྱང་རྐང་འོག་གི་ས་གཞི་དེ་གླེང་བ་ན། ཁོས་ལྷུག་པོར་བཤད་རྒྱུར། “ང་རང་ཟོ་སྐྱ་ཡུལ་དུ་འཚར་ལོངས་བྱུང་བ་ཡིན། ས་འདིའི་འགྱུར་ལྡོག་གླེང་ན་ལོ་འདི་དག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྔོན་ཆད་ང་ཚོ་ཟོ་སྐྱ་ཡུལ་ཚོ་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་ཁོར་སྲུང་འཐབ་མོ་པ་རྗེ་བཟང་བསོད་ནམས་དར་རྒྱས་ཀྱི་རྐྱེན་གྱིས་གཞན་གྱིས་དོ་ཁུར་བྱུང་བ་རེད། 2016ལོར། གཙང་གསུམ་འབྱུང་ཡུལ་དེ་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁུལ་ཐོག་མར་གྱུར་རྗེས། ཟོ་སྐྱ་ཡུལ་ཚོའི་མངའ་ཁོངས་ཡོངས་རྫོགས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་གྱི་ལྟེ་བའི་ས་ཁུལ་དུ་བཅུག་པ་དང་། འབྲོག་པ་སྔར་ལས་མང་པོ་ཞིག་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔུང་ཁག་ནང་ཞུགས་པས་ང་ཡང་དེའི་ནང་གི་གཅིག་ཡིན”ཟེར།

གསར་འགོད་པ་མུ་མཐུད་དུ་མདུན་དུ་བསྐྱོད་པ་ན། ཡུག་གཅིག་ཏུ་འབྲེལ་བའི་རྩྭ་ར་དེས་གནམ་སྔོན་པོ་དང་སྤྲིན་དཀར་གྱི་འོག་ཏུ་ཡིད་དབང་འཕྲོག་པར་བྱེད། དུས་ངེས་མེད་དུ་རྐྱང་དང་། གནའ་བ། སྦྲེ་སོགས་རི་སྐྱེས་སྲོག་ཆགས་མཐོང་ཡོང་ལ། ང་ཚོས་པར་ཆས་བླངས་ཏེ་པར་ལེན་མགོ་བརྩམས་པ་ན། བེ་རུ་ཚེ་བཟང་གིས་བག་ལྷོད་པོར་བཤད་རྒྱུར། “ལོ་འདི་དག་ལ། ཚང་མའི་ཐུན་མོང་གི་འབད་བརྩོན་འོག རྩྭ་ཐང་སྔར་ལས་ལྗང་མདོག་ཏུ་གྱུར་ལ། ནམ་མཁའ་སྔར་ལས་སྔོ་བསངས་སུ་གྱུར་ཅིང་། སྔོ་ཁེབས་ཚད་ལོ་རེ་བཞིན་ཇེ་མང་དུ་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་གྱུར་ཡོད”ཟེར།

“གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་བདེན་དཔང་པ་དང་ཟབ་ཞུགས་མཁན་ཞིག་ཡིན་པའི་ངོས་ནས། རྒྱལ་ཁབ་སྤྱི་གླིང་གི་འགྱུར་ལྡོག་ཆེ་ཤོས་དེ་གང་རེད”ཅེས་ང་ཚོས་དྲི་བ་བཏོན་དུས། བེ་རུ་ཚེ་བཟང་གིས་དེ་མ་ཐག་ཏུ་ལན་མ་བཏབ་པར། ཁ་པར་བླངས་ཏེ། སྐོར་སྲུང་ལ་བསྐྱོད་པའི་ལམ་བར་དུ་བླངས་པའི་རི་སྐྱེས་སྲོག་ཆགས་ཀྱི་འདྲ་པར་ང་ཚོར་སྟོན་མགོ་བརྩམས། གཙོད་དང་རྐྱང་། གཉན། ཤྭ་བོ་ཁ་སྐྱ། དྲེད་མོང་། ཁྲུང་ཁྲུང་སྐེ་ནག་སོགས་བརྙན་མིག་ཏུ་མངོན་བྱུང་། བེ་རུ་ཚེ་བཟང་གིས་བཤད་རྒྱུར། “ལོ་འདི་དག་གི་འགྱུར་ལྡོག་ཆེ་ཤོས་ནི་རི་སྐྱེས་སྲོག་ཆགས་ཇེ་མང་དུ་གྱུར་པ་དེ་རེད། ནང་སྒོས་སུ་གསའ་ཇེ་མང་དུ་སོང་ཡོད། སྔོན་ཆད་ཀྱི‘མཐོང་དཀོན་པའི་འགྲུལ་པ’ལྟ་བུ་ནས་དེང་སྐབས‘རྒྱུན་འོང་མགྲོན་པོ’རུ་གྱུར། ང་ཚོའི་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་རེ་རེའི་ཁ་པར་དུ་གསའ་ཡི་འདྲ་པར་འགའ་རེ་ཡོད། སྔོན་ཆད་འཇིག་ལ་ཉེ་བའི་སྲོག་ཆགས་མང་པོ་ད་ལྟ་སླར་ཡང་ཕྱིར་ལོག་པ་དང་། མཚམས་རེར་མིང་མི་ཐོགས་པའི་སྲོག་ཆགས་འགའ་རེ་ཡང་མཐོང་རྒྱུ་འདུག”ཟེར།

བེ་རུ་ཚེ་བཟང་གི་རྗེས་སུ་འབྲངས་ནས། ང་ཚོ་འདམ་ཆུ་སྡེ་བའི་མངའ་ཁོངས་སུ་སོང་བ་ཡིན། ལམ་བར་དུ་བརླན་ས་དང་མཚེའུ། ནེའུ་གསིང་བཅས་མཐོང་ཞིང་། ཨ་སྔོན་དང་སྤྲིན་དཀར་ལ་ལག་སྙོབ་བྱེད་ཐུབ་པའི་སྣང་བ་སྟེར་བས། ཐུན་མོང་མ་ཡིན་པའི་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དེས་ང་ཚོ་ཧ་ལས་སུ་བཅུག་སོང་།

“སྤྱི་གླིང་ཐོག་མར་འཛུགས་སྐབས། མི་ཚང་མ་ནི་གད་སྙིགས་འཐུ་མཁན་དང་སྐོར་སྲུང་པ་ཙམ་ཡིན་ལ། ད་ལྟ་གླིང་ཁུལ་དོ་དམ་ཁྲུའུ་ཡིས་ང་ཚོར་གཅིག་གྱུར་གྱི་ལས་གོས་དང་། པར་ཆས། བརྙན་ལེན་འཕྲུལ་ཆས། རྒྱང་མཐོང་། སྤོ་སྒུལ་གྱོད་སྒྲུབ་མཐའ་སྣེ། ཡུལ་དངོས་རྩད་ཞིབ་སྒམ། མཚེ་འཕྲིན། སྨན་སྤྱོད་དབྱང་རླུང་བླུགས་སྣོད། སྨན་སྤྱོད་མྱུར་སྐྱོབ་སྒམ། ཕྱི་རོལ་ཐབ་ཆས་ཆ་ཚང་སོགས་ཀྱི་སྒྲིག་ཆས་བྱིན་ཡོད་ལ། ཐེངས་གང་མང་ལ་ཆེད་ལས་གསབ་སྦྱོང་བྱས་པ་བརྒྱུད། ང་ཚོའི་བདག་སྐྱོང་བྱ་བ་སྔར་ལས་ཆེད་ལས་ཅན་དུ་གྱུར་ཡོད།” བེ་རུ་ཚེ་བཟང་གིས་སྤོབས་པ་ཆེན་པོའི་ངང་བཤད་རྒྱུར། “དེ་ཙམ་གྱིས་མ་ཚད་པར། ང་ཚོ་ཟོ་སྐྱ་ཡུལ་ཚོས་རྐྱང་ཆུ་སྡེ་བ་རུ་རྐྱང་སྲུང་སྐྱོབ་ས་ཁུལ་བཙུགས་པ་དང་། སྨུག་ཆུ་སྡེ་བ་རུ་འབྲོང་སྲུང་སྐྱོབ་ས་ཁུལ་བཙུགས་ལ། གཡག་ཆུ་སྡེ་བ་རུ་གསའ་སྲུང་སྐྱོབ་ས་ཁུལ་བཙུགས། འདམ་ཆུ་སྡེ་བ་རུ་གཙོད་སྲུང་སྐྱོབ་ཁུལ་སོགས་བཙུགས་ཡོད། མིག་སྔར་ཟོ་སྐྱ་ཡུལ་ཚོ་རུ་སྲུང་སྐྱོབ་ས་ཁུལ་ཆེན་པོ་བདུན་དང་། སྲུང་སྐྱོབ་ས་ཁུལ་ཆུང་བ་རེ་བཞི་བཙུགས་ནས། སྡེ་བ་རེ་ལ་སྲུང་སྐྱོབ་ས་ཁུལ་ཆེན་པོ་རེ་ཡོད་པ་དང་། སྲུང་སྐྱོབ་ས་ཁུལ་ཆུང་བ་བཅུ་དྲུག་རེ་ཡོད་པའི་དྲ་མིག་ཅན་གྱི་སྲུང་སྐྱོབ་བྱེད་སྟངས་རགས་ཙམ་ཆགས་ཡོད། དེང་སྐབས་ཀྱི་གླིང་ཁུལ་དོ་དམ་སྔར་ལས་ཞིབ་ཚགས་ཅན་དང་། ཚད་ལྡན་ཅན། སྔར་ལས་ཚན་རིག་ཅན་དང་། མ་ལག་ཅན་དུ་གྱུར་ཡོད”ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།