རྨ་ཆུའི་མགོ་ཁུངས་ཀྱི་བློ་དཀར་སྲུང་དམག
2023.09.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

“རྨ་ཆུའི་ཆུ་མགོ་ནི་ངའི་ཁྱིམ་ཡིན། ངེད་ཚང་རྨ་ཆུའི་འགྲམ་དུ་ཡོད། རི་མཐོ་ས་གཙང་གི་ཡུལ་དེ་ལེགས་པོར་སྲུང་པ་ནི་ང་རང་ཉིད་ཀྱི་ཁྱིམ་གཞིས་སྲུང་པ་དང་མཚུངས། ”

“རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་དང་ཀྲུང་གོའི་ཤེས་རིག་གི་འབྱུང་གནས་ཡིན་པས། ང་ལ་རྨ་ཆུའི་མགོ་ཁུངས་ཡག་པོར་བསྲུངས་ཏེ། གཙང་ཆབ་ཤང་ཤང་ཤར་དུ་བཞུར་བར་ཁག་ཐེག་བྱེད་པའི་འོས་འགན་ཡོད།”

“ང་ཚོས་ངེས་པར་དུ་མམགོ་ཁུངས་ཀྱི་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པར་བྱེད་པ་དང་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་ཆོད་སེམས་བརྟན་པོ་བཅངས་ཏེ་དུས་རབས་གསར་པའི་རྨ་ཆུའི་མཉམ་གཞས་ཆེན་མོ་ལེན་རྒྱུ་ཡིན།”

སྐད་ཆ་དེ་དག་བཤད་མཁན་ནི་ཡང་མིན་ན་སྐྱེ་ཁམས་བདག་སྐྱོང་པ་ཡིན་ལ། ཡང་མིན་ན་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཡིན། ཡང་ན་ཕྱི་ནས་ཡོང་བའི་ལས་བྱེད་པ་དང་ལས་བཟོ་པ་ཡིན། ཁོ་ཚོ་མེས་རྒྱལ་གྱི་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བ་ཡིན་ནའང་། ཐུན་མོང་གི་དད་སེམས་ཤིག་ཡོད་དེ། རྨ་ཆུའི་བདེ་འཇགས་བསྲུངས་ནས་རྨ་ཆུའི་མགོ་ཁུངས་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་བྱེད་པའི་དཔེ་མཚོན་དུ་འགྱུར་བར་བྱེད་རྒྱུ་དེ་རེད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོ་རྐྱང་འཕོངས་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་བཀྲ་ཤིས་ཀྱིས་རི་ལ་སྐོར་སྲུང་བྱེད་པར་གྲ་སྒྲིག་བྱེད་བཞིན་འདུག ད་ཐེངས་ཀྱི་སྐོར་སྲུང་ལ་ཉུང་མཐར་ཡང་གཟའ་འཁོར་གཅིག་གི་དུས་ཚོད་དགོས་པས་ལམ་བྲོ་དང་སྦྲ་གུར་འཁྱེར་དགོས་པར་མ་ཟད། ད་དུང་ཕ་ཡུལ་གཅིག་པའི་མི་གཞན་དག་ལ་ཁལ་མ་ཁ་ཤས་གཡར་བ་དང་ཚན་ཆུང་གཅིག་པའི་སྐྱེ་ཁམས་བདག་སྐྱོང་པ་གཞན་དག་རྩ་འཛུགས་བྱས་ཏེ་ལམ་ལ་ཆས་པའི་དུས་ཚོད་གྲོས་སྡུར་བྱེད་ཀྱིན་ཡོད།

བཀྲ་ཤིས་ཡོད་སའི་སྐོར་སྲུང་ཚན་ཆུང་ལ་ཁྱོན་སྡོམ་མི་བཅོ་བརྒྱད་ཡོད་ཅིང་། ཁོ་ཚོས་རྨ་ཆུ་ཡུལ་ཚོའི་ཝ་གཞུང་མཚོ་དང་དེའི་ཉེ་འཁོར་ས་ཁོངས་ལ་སྐོར་སྲུང་བྱེད་པའི་འགན་འཁུར་ཡོད། ཝ་གཞུང་མཚོ་ནི་རྨ་ཆུའི་བཤང་ལམ་དུ་ཆགས་པའི་མཚེའུ་ཞིག་ཡིན་པ་དང་། མཚེའུ་ཡི་མཐའ་འཁོར་ནི་ཡུག་སྦྲེལ་གྱི་བརླན་ས་ཡིན་ཞིང་། བརླན་སའི་ནང་ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་མགོ་ཁྲ། སོ་བྱ་སོགས་བྱ་རིགས་མང་པོ་འཚོ་སྡོད་བྱས་ཡོད།

ཐེངས་འདིར་ཝ་གཞུང་མཚོ་ལ་སྐོར་སྲུང་བྱེད་པར་དམིགས་ཡུལ་གཉིས་ཡོད་དེ། གཅིག་ནི་འདབ་ཆགས་རིགས་ལ་ལྟ་ཞིབ་བྱས་ནས་ལོ་མགོར་བསྐྲུན་པའི་ཁྲུང་ཁྲུང་སྐེ་ནག་གི་བྱ་ཚང་དུ་ཁྲུང་ཁྲུང་སྐེ་ནག་གཞིས་ཆགས་ཡོད་མེད་ལ་ལྟ་བ་དང་། གཉིས་པ་ནི་གད་སྙིགས་འཐུ་བ་དང་། ཝ་གཞོང་མཚོའི་མཐའ་འཁོར་གྱི་འབྲོག་པའི་མཚེར་ས་སྤར་ཤུལ་དུ་འཚོ་བའི་གད་སྙིགས་བསྐྱུར་ཡོད་མེད་ལ་བལྟ་རྒྱུ་དེ་ཡིན།

“འབྲོག་ཁྱིམ་རེ་རེར་སྐྱེ་ཁམས་བདག་སྐྱོང་པ་རེ་ཡོད་པས། མཚེར་ས་སྤོ་སྐབས་ཁོ་ཚོས་རང་ཉིད་ཀྱི་འཚོ་བའི་གད་སྙིགས་བཏུས་ནས་འགྲོ་བཞིན་ཡོད། ཐེངས་འདིའི་དམིགས་ཡུལ་གཙོ་བོ་ནི་ཁྲུང་ཁྲུང་སྐེ་ནག་བྱ་ཚང་གསར་པའི་ནང་བསྡད་པའི་གནས་ཚུལ་ལ་ལྟ་ཞིབ་བྱེད་པ་དང་འབྲེལ་ཐོ་འགོད་ཡག་པོ་བྱ་རྒྱུ་དེ་ཡིན”ཞེས་བཀྲ་ཤིས་ཀྱིས་དེ་ལྟར་བཤད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་རྗེས་རྒྱལ་ཁབ་སྤྱི་གླིང་ནང་སྡོད་པའི་འབྲོག་པ་རྣམས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་བྱེད་མཁན་གཙོ་བོར་གྱུར་ཡོད། ཁོ་ཚོས་འུར་ཆ་བསྐྱུར་ཏེ་སྐྱེ་ཁམས་བདག་སྐྱོང་པར་གྱུར་པ་དང་། རང་ཁྱིམ་གྱི་རྩྭ་ས་སྲུང་སྐྱོབ་དང་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་བཞིན་ཡོད།

ལོ་རྒྱུས་ཐོག་ལུགས་དང་མི་མཐུན་པའི་སྒོ་ནས་གསར་སྤེལ་དང་བེད་སྤྱོད་བྱས་པའི་དབང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་ཁོར་ཡུག་གནད་དོན་ཅུང་ཚབས་ཆེན་དུ་གྱུར། དཔེར་ན། ད་ལྟའི་གཙང་ཆབ་རིང་མོ་དང་སྲོག་ཆགས་དགའ་ཚལ་གླིང་ནི་ཐེངས་གཅིག་གིས་གྲུབ་པ་ཞིག་མ་ཡིན་པར་མི་རབས་ཁ་ཤས་ཀྱིས་འབད་བརྩོན་ལྷོད་མེད་དང་བརྟན་སྲུང་བྱས་པ་ལས་བྱུང་བ་རེད།

1972ལོར་རྨ་ཆུའི་བཞུར་རྒྱུན་ཐེངས་དང་པོར་ཆད། 1996ལོར་རྨ་ཆུའི་ཆུ་མགོའི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་གཉིས་ཀྱི་བཞུར་རྒྱུན་ཐོག་མར་ཆད་པ་དང་། 2003ལོའི་ཟླ12པར། མཚོ་སྔོ་རེངས་ཕྱི་རུ་བཞུར་སའི་འགག་ཏུ་ལོ་རྒྱུས་སྟེང་བཞུར་རྒྱུན་ཐེངས་དང་པོར་ཆད་པ་རེད།

ཉེན་ཁ་ཆེ། ཉེན་ཁ་ཆེ། ཉེན་ཁ་ཆེ། རང་བྱུང་ཁམས་ཆེན་པོས་རྨ་ཆུའི་ཆུ་མགོའི་སྐྱེ་ཁམས་ཁོར་ཡུག་ལ་ཉེན་བརྡ་བཏང་ནས་རྨ་སྟོད་རྫོང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་དྲན་སྐུལ་བྱས།

སྤྱི་ལོ་2000ལོའི་ཡས་མས་སུ་རྨ་སྟོད་རྫོང་གིས་རང་འགུལ་ངང་སྐྱེ་ཁམས་བཅོས་སྐྱོང་གི་ལས་གཞི་ཁག་ཅིག་ལག་ཏུ་བསྟར་ནས། རྩྭ་ཐང་དུ་ཕྱུགས་འཚོ་མི་ཆོག་པ་དང་། ས་ནག་ཐང་བཅོས་སྐྱོང་བྱེད་པ། གནས་སྤོ་སོགས་ཀྱི་བྱ་བ་སྤེལ་ཡང་སྐྱེ་ཁམས་སླར་གསོའི་ཕན་འབྲས་ཡུན་རིང་ལ་མངོན་འགྱུར་མ་བྱུང་། 2005ལོ་ནས་བཟུང་རྒྱལ་ཁབ་ཀྱི་ངོས་ནས་རྨ་འབྲུ་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱེད་མགོ་བརྩམས་པ་དང་། རྒྱུན་སྲིང་ལྷོད་མེད་ངང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དམ་འཛིན་བྱས་པས་རྨ་ཆུའི་ཆུ་མགོའི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ཇེ་ལེགས་སུ་ཕྱིན།

ཉེ་ལམ།  གསར་འགོད་པ་རྨ་སྟོད་རྫོང་གི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་མ་ཀུའེ་དང་མཉམ་དུ་མཚོ་སྐྱ་རེངས་ཕྱི་རུ་བཞུར་སའི་གནས་དེར་སོང་། མཚོ་སྔོ་རེངས་བརྒྱུད་རྗེས་མཚོ་བར་དཀར་རྩེ་ཡིན་པ་དང་རི་རྩེ་ནི་རྨ་ཆུའི་ཆུ་མགོའི་ནོར་མགོའི་རྡོ་རིང་ཡིན་ཞིང་། མུ་མཐུད་དུ་ནུབ་ཕྱོགས་སུ་སྤྱི་ལེ40ལྷག་ལ་སོང་པ་ན་མཚོ་སྐྱ་རེངས་མཐོང་བྱུང་།

“ལོ་འདི་དག་གི་རིང་ལ་ང་ཚོས་སྐྱེ་ཁམས་ལས་གཞི་ལག་ཏུ་བསྟར་ཏེ་རིམ་རྩིས་ཀྱིས་ས་ནག་ཐང་མུའུ་ས་ཡ་གཅིག་དང་འབུམ་གསུམ་ཁྲི་བཞི་བཅོས་སྐྱོང་བྱས་པ་དང་། ཞན་འགྱུར་རྩྭ་ས་མུའུ་འབུམ་ལྔ་དང་ཁྲི་ལྔ་ལེགས་བཅོས་བྱས་པ། བྱེ་ཐང་ཅན་མུའུ་འབུམ་དགུ་དང་ཁྲི་དགུ་འགོག་བཅོས་བྱས་པ། བརླན་ས་གཙོ་བོ་མུའུ་འབུམ་ལྔ་སྲུང་སྐྱོབ་བྱས་ཤིང་། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས་བྱས་ཚད་མུའུ་བྱེ་བ་ལྔ་དང་ས་ཡ་བཞི་ལ་སླེབས་ཡོད” ཅེས་མ་ཀུའེ་ཡིས་བཤད།

གསར་འགོད་པས་མཚོ་སྐྱ་རེངས་ཕྱི་རུ་བཞུར་སའི་གཞོགས་གཉིས་སུ་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཡོད་པ་དང་། གཞོགས་གཅིག་ནི་མཚོ་དང་མཚེའུ་ཚོགས་ཀྱི་ཉ་རིགས་ཕྱིར་རྒྱུག་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཡིན་པ། ཚོད་འཛིན་གཙོ་བོའི་འཁོར་ཁང་གི་གློག་ཀླད་ལས་ཉ་ཡིས་དྭངས་གཙང་གི་ཆུ་རྒྱུན་ཁྲོད་རྐྱལ་རྩལ་ངོམ་པ་མཐོང་བྱུང་། མཚོ་ཕྱི་རུ་བཞུར་སའི་གཞོགས་གཞན་ཞིག་ནི་ཆུ་སྤུས་ལྟ་ཞིབ་ཚད་ལེན་གྱི་ཞིང་ཆེན་ཚོད་འཛིན་གྱི་བཅད་ངོས་ཡིན་པ་དང་། རྨ་སྟོད་རྫོང་ཁོངས་སུ་མཚོ་སྐྱ་རེངས་ཕྱི་རུ་བཞུར་སའི་ཞིང་ཆེན་གྱི་ཚོད་འཛིན་བཅད་ངོས་ཡོད་པ་ཕུད་ད་དུང་རྨ་ཆུའི་ཟམ་ཆེན་ཁུལ་དུ་ཆུ་སྤུས་ལྟ་ཞིབ་ཚད་ལེན་གྱི་རྒྱལ་ཁབ་ཀྱི་ཚོད་འཛིན་བཅད་ངོས་ཡོད།

“ལོ་འདི་དག་གི་རིང་ལ་ཐོབ་པའི་གྲུབ་འབྲས་ནི་མི་རྣམས་ཀྱིས་འབད་བརྩོན་བྱས་པ་དང་ཆར་ཆུའི་འབབ་ཚད་ཇེ་མང་དུ་སོང་བའི་རྐྱེན་རེད། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་རྒྱ་ཁྱོན་དེ2005ལོ་དང་བསྡུར་ན་སོ་སོར་སྤྱི་ལེ་གྲུ་བཞི་མ74.6དང་སྤྱི་ལེ་གྲུ་བཞི་མ117.4ཆེ་རུ་ཕྱིན་པ་དང་། ཞི་ཧུའུ་མཚེའུ30ཡི་ཆེ་ཆུང་དང་མཚུངས་ལ། མཚེའུ་ཡི་གྲངས་འབོར་དེ་སྔའི4077ནས5849བར་ཇེ་མང་དུ་ཕྱིན་པ་དང་། བརླན་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ104མང་དུ་ཕྱིན་ཡོད”ཅེས་མ་ཀུའེ་ཡིས་དེ་ལྟར་བཤད།

ལོ་འདི་དག་གི་རིང་ལ་རྨ་འབྲུ་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སྐྱེ་ཁམས་སླར་གསོའི་ལས་གཞི་འབོར་ཆེན་ཞིག་དོན་འཁྱོལ་བྱས་ཡོད།

                                                                              རྩོམ་སྒྲིག་པ། གཡང་འབུམ་རྒྱལ།