རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བརླན་ས། ཁྲུང་ཁྲུང་སྐེ་ནག་གི་ཕ་ས།
2023.09.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 11

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་ནི་ཁྲུང་ཁྲུང་སྐེ་ནག་འཚོ་གནས་བྱེད་ཡུལ་གལ་ཆེན་ཞིག་རེད།

ཉེ་ལམ། གསར་འགོད་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནས་ལམ་ལ་ཆས་ཏེ། རྨ་ཆུ་ཡུལ་ཚོ་རུ་སྐྱེ་ཁམས་བདག་སྐྱོང་པར་བཅར་འདྲིར་བསྐྱོད། རླངས་འཁོར་རྨ་ཆུ་ཡུལ་ཚོའི་ལམ་མདོར་སླེབས་སྐབས་གསར་འགོད་པས་པར་ཆས་ལག་ཏུ་བཟུང་ནས་སྒེའུ་ཁུང་ཕྱི་རོལ་ལ་ཡང་ཡང་དོ་སྣང་བྱས་ཏེ་རྐྱང་དང་དགོ་བར་འཕྲད་པའི་རེ་བ་བཅངས། རྐྱང་དང་དགོ་བར་འཕྲད་ངེས་པར་འདོད་པའི་རྒྱུ་མཚན་ནི་གསར་འགོད་པ་དེ་སྔ་རྨ་ཆུ་ཡུལ་ཚོ་རུ་ཐེངས་མང་པོར་བསྐྱོད་པའི་ཉམས་མྱོང་གིས་ཡིན་ལ། ལམ་དེའི་འགྲམ་གཉིས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་རྐྱང་བརྒྱ་ཕྲག་སྟོང་ཕྲག་མཐོང་ཐུབ་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད།

འོན་ཀྱང་ད་ཐེངས་བསམ་དོན་ཇི་བཞིན་དུ་མ་འགྲུབ། གསར་འགོད་པ་དུས་ཡུན་རིང་པོར་བསྐྱོད་དེ་རྨ་ཆུ་ཡུལ་ཚོའི་སྲིད་གཞུང་གི་གནས་ཡུལ་དུ་འབྱོར་ཡང་། རི་སྐྱེས་སྲོག་ཆགས་གཅིག་ཀྱང་མཐོང་མ་བྱུང་། རྨ་ཆུ་ཡུལ་ཚོ་སྐྱེ་ཁམས་བདག་སྐྱོང་ས་ཚིགས་ཀྱི་འགན་འཁུར་པ་འཇམ་དབྱངས་རྡོ་རྗེས་བཤད་པ་ལྟར་ན། “མིག་སྔར་ནི་རྐྱང་གིས་རྐྱང་ཕྲུག་རྩེབས་པའི་དུས་ཚིགས་ཡིན་པས་རྐྱང་དང་གཙོད་ཚང་མ་གནས་སྤོ་བྱས་ཡོད་ལ། དེ་དང་བསྟུན་ནས་ཤ་གཟན་སྲོག་ཆགས་གཞན་དག་ཀྱང་གནས་སྤར་སོང་”ཟེར།

སྐབས་དེར་ངས་གཞི་ནས་ཚོར་བྱུང་བ་ནི། ལོ་མང་པོའི་རིང་གཙང་གསུམ་འབྱུང་ཡུལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་མོའི་སྟེང་སྐྱོད་སྐབས་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་བྱེད་པའི་བརྒྱུད་རིམ་ནང་གལ་འགངས་ཆེ་བའི་དུས་ཚིགས་ལ་དོ་ཁུར་བྱ་རྒྱུ་མ་འདང་བ་དེ་རེད། ང་རང་ཅུང་ཙམ་རེ་ཐག་ཆད་པའི་མཚམས་དེར་འཇམ་དབྱངས་རྡོ་རྗེས“དགོ་བ་མཐོང་རྒྱུ་མེད་ཀྱང་ང་ཚོས་བྱ་རིགས་དང་ལྷག་པར་ཁྲུང་ཁྲུང་སྐེ་ནག་མཐོང་ཐུབ་པ་ཁོ་ཐག་ཡིན། ཁྲུང་ཁྲུང་སྐེ་ནག་གི་གནས་ཡུལ་ཞིབ་ཕྲ་ངས་གསལ་པོར་ཤེས་ཡོད”ཅེས་བཤད།

ཡིད་ཆེས་ལ་མ་ཆེས་ཀྱི་ངང་ནས་ང་ཚོ་མུ་མཐུད་དུ་རྨ་ཆུ་ཡུལ་ཚོའི་ས་ཐོག་ཏུ་བསྐྱོད་པ་ཡིན། ཅང་མ་འགོར་བར། རྒྱང་རིང་ནས་སྔོ་ལྟེམ་ལྟེམ་གྱི་མཚེའུ་ཆེན་པོ་ཞིག་མིག་ལམ་དུ་མངོན་བྱུང་། འཇམ་དབྱངས་རྡོ་རྗེའི་རླངས་འཁོར་བསྡད་མ་ཐག་ཁོས་ཁྲུང་ཁྲུང་སྐེ་ནག་མཐོང་བྱུང་བ་ཐག་གིས་ཆོད། དངོས་གནས་དེ་འདྲ་ཡིན་ཏེ། འཇམ་དབྱངས་རྡོ་རྗེ་ཡིས་མཚེའུ་ཕ་རོལ་ལ་མཛུབ་གུས་བསྟན་བྱུང་ལ། ཁོས་མཛུབ་མོས་བསྟན་པའི་ཕྱོགས་སུ་བལྟས་པ་ན། ཁྲུང་ཁྲུང་སྐེ་ནག་ཆ་གཅིག་གིས་མགོ་བོ་མཐོན་པོར་བཏེགས་ནས་རྩྭ་ཆུ་བཟང་སར་འཆམ་འཆམ་དུ་སྐྱོད་པ་མཐོང་བྱུང་།

ང་རང་རྐང་འཇབ་ལག་འཇབ་ཀྱིས་མཚེའུ་འགྲམ་དུ་ཕྱིན་པ་དང་། དེ་ནས་ཁ་སྦུབ་ཏུ་བསྡད་དེ་ཁྲུང་ཁྲུང་སྐེ་ནག་ལ་ཞིབ་ལྟ་བྱས་ཤིང་ཁྲུང་ཁྲུང་སྐེ་ནག་ཉེ་སར་བཅར་བར་རེ་སྒུག་བྱས། ཡུན་རིང་བསྒུགས་ཀྱང་ཁྲུང་ཁྲུང་སྐེ་ནག་སྔར་བཞིན་མཚེའུ་ཕ་རོལ་དུ་ཡོད་པས་ང་ཚོ་འུ་ཐུག་ཐབས་ཟད་ངང་ཁ་མི་འབྲལ་ཐབས་མེད་བྱུང་ཞིང་། དེ་རུ་སྡོད་ཡུན་རིང་ན་ཁྲུང་ཁྲུང་སྐེ་ནག་བཟའ་ཟླ་དེ་གཉིས་མཚེའུ་དཀྱིལ་དུ་སྒོ་ང་རུམ་དུ་འགྲོ་བར་དལ་འགོར་བྱས་འགྲོ་བར་དོགས་པ་ཡིན།

ང་ཚོས་མཚེའུ་དཀྱིལ་དུ་རྩྭ་ལྕོག་གིས་བཟོས་པའི་བྱ་ཚང་ཁ་ཤས་ཡོད་པ་མཐོང་བྱུང་། འཇམ་དབྱངས་རྡོ་རྗེས་བཤད་པ་ལྟར་ན། བྱ་ཚང་དེ་དག་ནི་ཁྲུང་ཁྲུང་སྐེ་ནག་གི་ཚང་རེད།

འཇམ་དབྱངས་རྡོ་རྗེར་ཆ་རྒྱུས་དེ་འདྲ་གསལ་པོ་ཞིག་ཡོད་དོན་ནི། མཚེའུའི་ནང་གི་བྱ་ཚང་དེ་དག་ནི་ཁོས་སྐྱེ་ཁམས་བདག་སྐྱོང་པ་རྣམས་ལ་སྣེ་ཁྲིད་དེ་བཟོས་པས་རེད། “ལོ་འདི་དག་གི་ནང་དུ་ཆར་པ་འབབ་ཚད་ཇེ་མང་དུ་ཕྱིན་པ་དང་རྨ་ཆུ་ཡང་རྒྱས་བྱུང་བས། ཁྲུང་ཁྲུང་སྐེ་ནག་གིས་བཟོས་པའི་ཚང་དང་སྒོ་ང་ཆུས་འཁུར་གྱིན་ཡོད། དེར་བརྟེན་ང་ཚོས་དགུན་དཔྱིད་ཀྱི་དུས་སུ་ཁྲུང་ཁྲུང་སྐེ་ནག་གནས་སྤོར་བྱས་རྗེས་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་རྩྭ་དང་། སྡོང་རྐང་། ལྕགས་སྐུད་སོགས་ལ་བརྟེན་ནས་ཁྲུང་ཁྲུང་སྐེ་ནག་ལ་བྱ་ཚང་གསར་པ་བཟོ་བཞིན་ཡོད”ཅེས་བཤད།

ཉེ་བའི་ལོ་གསུམ་ནང་འཇམ་དབྱངས་རྡོ་རྗེས་སྐྱེ་ཁམས་བདག་སྐྱོང་པ་རྣམས་ཁྲིད་དེ་ཡུལ་ཚོ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྲུང་ཁྲུང་སྐེ་ནག་གི་ཚང་གྱ་དྲུག་བཟོས་པ་དང་། ལྟ་ཞིབ་བྱས་པ་བརྒྱུད་བྱ་ཚང་གྱ་དྲུག་གི་ནང་དུ་ཁྲུང་ཁྲུང་སྐེ་ནག་བཟའ་ཟླ་རེ་བསྡད་དེ་ཕྲུ་གུ་རྩེབས་བཞིན་འདུག

དོན་དངོས་སུ། སྐྱེ་ཁམས་བདག་སྐྱོང་པ་ཞིག་གི་ངོས་ནས་བརྗོད་ན། དུས་རྒྱུན་བྱ་ཚང་བཟོ་བ་སོགས་ལྟ་སྲུང་བྱ་བ་ཡག་པོར་བསྒྲུབ་དགོས་པ་ལས་གཞན་དུས་ཚོད་མང་ཆེ་བར་ད་དུང་ཁྲུང་ཁྲུང་སྐེ་ནག་གི་འཚོ་བའི་གོམས་གཤིས་དང་སྐྱེ་འཕེལ་གྲངས་འབོར་ལ་ལྟ་ཞིབ་དང་ཟིན་ཐོར་དགོད་དགོས།

“མིག་སྔར་ཡུལ་ཚོ་ཡོངས་སུ་བསྡོམས་པས་ཁྲུང་ཁྲུང་སྐེ་ནག་ཉིས་བརྒྱ་དང་གྱ་དྲུག་ཡོད་པ་དེ་ཉིས་སྟོང་བཅུ་དགུ་ལོ་དང་བསྡུར་ན་བརྒྱ་དང་རེ་གསུམ་གྱིས་ཇེ་མང་དུ་ཕྱིན་ཡོད།”

ཐོ་འགོད་བྱས་པ་ལྟར་ན། ཚན་རིག་པའི་སྡེ་ཡིས་ངོས་འཛིན་གཏན་འཁེལ་བྱས་པའི་ཁྲུང་ཁྲུང་སྐེ་ནག་དང་པོ་དེ་མཚོ་སྔོན་ནས་རྙེད་པ་ཡིན་ཏེ། 1876ལོར་ཨུ་རུ་སུའི་མྱུལ་དཔྱད་པ་ཕུའུ་ཨེར་རེ་ཝ་ཨེར་སི་ཅི་ཡིས་མཚོ་སྔོན་པོའི་འགྲམ་དུ་ཁྲུང་ཁྲུང་སྐེ་ནག་མཐོང་བར་མ་ཟད་མ་དཔེ་ཡང་བླངས་པ་རེད། ཚན་ཞིབ་མི་སྣས་ཚོད་རྩིས་བྱས་པར་གཞིགས་ན། འཛམ་གླིང་ཡོངས་ཀྱི་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ཁྲོད། ཕལ་ཆེར་གཉིས་ཀྱི་ནང་གི་གཅིག་མཚོ་སྔོན་དུ་རྩེབས་པ་ཡིན་ལ། གོ་ལ་ཧྲིལ་པོར་ཁྲུང་ཁྲུང་སྐེ་ནག་སྟོང་དགུ་ལྷག་ཡོད་པ་དེའི་ནང་ཁྲུང་ཁྲུང་སྐེ་ནག་བཟའ་ཟླ3000ནས4000ཡོད་པ་དང་། དེ་ཚོའི་ཁྲོད་ཉུང་མཐའ་ཡང་ཁྲུང་ཁྲུང་སྐེ་ནག་བཟའ་ཟླ1500ནས2000ཡིས་མཚོ་སྔོན་དུ་བྱ་ཕྲུག་རྩེབས་བཞིན་ཡོད་ལ། མཚོ་སྔོན་དུ་ལོ་ངོ1000ལྷག་གི་གོང་ནས་བཟུང་ལོ་རྒྱུས་ཡིག་ཆ་ཚད་ལྡན་དང་དམངས་ཁྲོད་ངག་རྒྱུན་ཁྲོད་ཁྲུང་ཁྲུང་སྐེ་ནག་སྐོར་གྱི་ཟིན་ཐོ་ཡོད།

བོད་རིགས་ཀྱི་ངག་རྒྱུན་ཁྲོད་གེ་སར་ལ་བློ་དཀར་བའི་རྫི་བོ་ཞིག་ཡོད་པ་དེས་ཚེ་གང་པོར་གེ་སར་ལ་རྟ་འཚོས། ཁོང་སྐུ་གཤེགས་རྗེས་དེ་སྔ་རྟ་འཚོས་མྱོང་སའི་ས་ཆར་ཁྲུང་ཁྲུང་སྐེ་ནག་ཅིག་ཐོན་པ་དང་། ཡུལ་དེའི་མི་རྣམས་ཀྱིས་དེ་ཉིད“གེ་སར་རྟ་རྫི”རེད་ཅེས་བརྗོད་བཞིན་ཡོད།

ཁྲུང་ཁྲུང་སྐེ་ནག་ནི་མཐོ་སྒང་དུ་སྐྱེ་འཕེལ་བྱུང་བའི་ཁྲུང་ཁྲུང་གི་རིགས་གཅིག་པུ་དེ་ཡིན་པ་དང་། མཚོ་ངོས་ལས་མཐོ་ཚད་སྨི2500ནས5000བར་གྱི་མཐོ་སྒང་དུ་འཚོ་གནས་བྱས་ཡོད།

“མཁའ་མཐའི་རྨ་སྟོད”ནི་ཁྲུང་ཁྲུང་སྐེ་ནག་འཚོ་སྡོད་བྱེད་སའི་ཁོར་ཡུག་ལེགས་པོ་ཞིག་ཡིན། གཅིག་ནས་རྨ་ཆུའི་ཆུ་མགོའི་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་གལ་ཆེ་ཤོས་ནི་ཆུ་དང་བརླན་སའི་ཐོན་ཁུངས་ཡིན་པ་དང་། རྨ་ཆུའི་ཆུ་མགོའི་ཁུལ་དུ་གནས་པའི་རྐྱེན་གྱིས་ས་ཁོངས་ནང་གི་མཚེའུ་སྐར་ཚོགས་བཞིན་མང་སྟེ། མཚེའུ་ཆེ་ཆུང་མི་འདྲ་བ5000ལྷག་ཡོད་པ་དང་། གཙང་པོ་དང་མཚེའུས་ཕུན་སུམ་ཚོགས་པའི་བརླན་སའི་ཐོན་ཁུངས་བསྐྱེད་ཅིང་། བརླན་སའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སྟོང་གསུམ་དང་སོ་གཅིག་ལྷག་ཡོད། གཉིས་ནས་ཁྲུང་ཁྲུང་སྐེ་ནག་ནི་ཁྱིམ་ཚང་ལྟར་ཁ་ཐོར་དུ་སྡོད་པ་ཞིག་ཡིན་ཞིང་། ང་ཚོས་རྒྱུན་དུ་མཐོང་བའི་ཁྲུང་ཁྲུང་སྐེ་ནག་ནི་གཉིས་རེ་གཉིས་རེ་ཆ་བྱས་ཏེ་འགྲོ་བ་ཡིན་ལ། ཁྱིམ་ཚང་རེ་རེས་བར་ཐག་ངེས་ཅན་ཞིག་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་ལ་གནོད་མི་སྐྱེལ་ཞིང་། རྨ་ཆུའི་ཆུ་མགོའི་ཁུལ་དུ་ས་རྒྱ་ཆེ་ལ་མི་འབོར་ཉུང་བས་ཁྲུང་ཁྲུང་སྐེ་ནག་ལ་འཚོ་གནས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།

མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་ཁྲུང་ཁྲུང་སྐེ་ནག་ཁྱབ་ཚད་མཐོ་བའི་ས་ཁོངས་ནི་ཡངས་ཤིང་རྒྱ་ཆེ་བའི་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་ཁུལ་གྱི་བརླན་ས་ཡིན་པ་དང་། དེའི་ནང་རྨ་ཆུའི་ཆུ་མགོའི་ས་ཁུལ་དང་རྫ་ཆུའི་ཆུ་མགོའི་ས་ཁུལ་གྱི་གྲངས་འབོར་ཆེས་མང་ཞིང་ཡུས་ཧྲུའུ་རོང་པོ་མཚོ་ནི་མིག་སྔར་ཤེས་རྟོགས་བྱུང་བའི་ཁྲུང་ཁྲུང་སྐེ་ནག་སྐྱེ་འཕེལ་ཚད་ཆེས་མང་ཤོས་ཀྱི་ས་ཁུལ་ཞིག་རེད།

ཟླ7པའི་ཚེས14ཉིན་གསར་འགོད་པས་མཛོ་རྒན་རྭ་བར་གྲོང་རྡལ་སྟོང་རི་མཚོ་ནག་གི་མཚོ་འགྲམ་ནས་བྱ་ལོང་ལྟག་ཁྲ་དང་ངུར་བ་སོགས་མང་པོ་མཐོང་བྱུང་། རླངས་འཁོར་ལམ་ཀྱག་ཀྱོག་ཅིག་ཏུ་སྐྱོད་སྐབས་ལམ་གྱི་གཡོན་ངོས་ཀྱི་རི་ལྡེབས་སུ་ཁྲུང་ཁྲུང་སྐེ་ནག་ལྔ་མཐོང་བ་དང་། སྐབས་དེ་དུས་གསར་འགོད་པ་དང་ཁྲུང་ཁྲུང་སྐེ་ནག་གི་བར་ཐག་སྨི་བཅུ་ཙམ་ལས་མེད་ཅིང་། དེ་ནི་གསར་འགོད་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་དེ་འདྲའི་ཐག་ཉེ་སར་ཁྲུང་ཁྲུང་སྐེ་ནག་མང་པོ་མཉམ་དུ་བསྐྱོད་པ་མཐོང་ཐེངས་དང་པོ་ཡིན།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།