མཚོ་སྔོན་གྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་བ་བསྐྲུན།
2023.09.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

 མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད96%ཡན་དང་ནགས་ཚལ་གྱི་ཁེབས་ཚད7.5%ཟིན་ཞིང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་57.9%ཟིན་པ་དང་། མཚོ་སྔོན་པོའི་གསེར་ཉའི་གསོག་ཚད་ཏུན་འབུམ་གཅིག་ཁྲི་གཅིག་ལྷག་ཏུ་སླེབས་པ།  གཙོད་ཀྱི་གྲངས་ཀ་ཁྲི7ལྷག་ཏུ་སླར་གསོ་བྱུང་བ་སོགས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་མངོན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ཐོག་མ་ཡིན་ལ།  རྒྱལ་ཡོངས་ཀྱི་ཁག་དང་པོར་བཙུགས་པ་མ་ཟད་རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་ཞིག་ཀྱང་ཡིན། གཙང་པོའི་འགོ་ཁུངས་སུ་སྐྱོད་པ་ན་ལང་ལོང་དུ་བཞུར་བའི་ཆུ་འགོ་དང་། ཁྱུ་དང་ཁྱུ་བྱས་ནས་རྒྱུག་བཞིན་པའི་རི་དྭགས་རྐྱང་།  མཛེས་སྡུག་རྣམ་པར་བཀྲ་བའི་མཚེའུ་སྟོང་གི་མཛེས་ཉམས་བཅས་ཀྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་ལ།  དེ་ལས་ཀྱང་ཡིད་དབང་འཕྲོག་པ་ཞིག་ནི་སྐྱེ་ཁམས་ལྟ་སྲུང་པ་རེ་རེ་ཡིན་ཞིང་།   ཁོ་ཚོས་བློ་གཅིག་སེམས་གཅིག་གིས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་བྱས་ཏེ་རི་ཆུ་རྩི་ཤིང་དང་སྐྱེ་དངོས་སྣ་མང་གི་སྲུང་སྐྱོབ་བྱེད་མཁན་ཞིག་ཏུ་གྱུར་ཡོད།

བཀྲ་ཤིས་རྣམ་རྒྱལ་གྱི་ཕ་ཡུལ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་དགེ་ཡུལ་ཚོ་དར་དམར་སྡེ་བ་ཡིན་ཞིང་།  དེ་ལ“ རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྫོང་དང་པོ”ཞེས་བརྗོད་ཀྱིན་ཡོད།  བཀྲ་ཤིས་རྣམ་རྒྱལ་ལ་མཚོན་ནས་བཤད་ན།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་རང་ཁྱིམ་ལྟ་བུ་ཡིན་ཞིང་།   དེར་གནས་པའི་མི་རྣམས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་འཁུར་གྱིན་ཡོད།  2018ལོར་འབྲི་ཆུའི་འགོ་ཁུངས་གླིང་ཁུལ་ཆུ་དམར་ལེབ་དོ་དམ་ཁྲུའུ་ཡི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར་པ་དང་། ལོ25ལ་སླེབས་པའི་ཁོ་ནི་མིག་སྔའི་དར་དམར་སྡེ་བའི་ལོ་ན་ཆུང་ཤོས་ཀྱི་ལྟ་སྲུང་པ་ཞིག་ཡིན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་བཀྲ་ཤིས་རྣམ་རྒྱལ་དང་འདྲ་བའི་སྐྱེ་ཁམས་ལྟ་སྲུང་པ་ཁྲི2ལྷག་ཡོད་པ་དང།  ཁོ་ཚོར་ཟླ་རེར་གཏན་འཇགས་ཀྱི་གླ་ཕོགས་ཡོད་པ་རེད།     ད་ལྟ་བལྟས་ཚེ།  “ཁྱིམ་ཚང་རེར་ལས་གནས་རེ”ཡོད་པའི་སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་གནས་དེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འཚོལ་ཞིབ་ནུས་ལྡན་ཞིག་ཏུ་གྱུར་ཡོད། རྒྱ་ཆེའི་འབྲོག་པ་རྣམས་སྔོན་ཆད་རྩྭ་ཐང་བེད་སྤྱོད་བྱེད་མཁན་ནས་ད་ལྟ་སྐྱེ་ཁམས་ལྟ་སྲུང་པ་དང་ཕན་ཁེ་ཐོབ་མཁན་དུ་གྱུར་ཡོད་ལ། ཐོབ་ཐང་འགན་འཁྲི་དང་སྲུང་སྐྱོབ་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག་ཡོང་འབབ་ཀྱི་གྲུབ་ཆ་དང་འཕེལ་རྒྱས་གཏོང་སྟངས་ལའང་དེ་དང་བསྟུན་ནས་འགྱུར་ལྡོག་བྱུང་ཡོད།

འབྲོག་པ་ཚོར་སྐྱེ་ཁམས་སྲུང་སྐྱོབ་ལ་བརྟེན་ནས་སྐྱེ་ཁམས་ཀྱི་ཕན་འབྲས་ཐོབ་པ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་ཁྲོད་མིག་མཐོང་ལག་ཟིན་གྱི་ཁེ་ཕན་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད། ཡོན་ཏན་ནི་ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བའི་མི་ཡིན་པ་དང་།  སྔོན་ཆད་གསོ་སྤེལ་ཡོང་འབབ་ནི་ཁོ་ཚང་གི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཡིན་པ་དང་ད་ལྟ་ཁོ་རང་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར་པར་མ་ཟད། རྣམ་སྲས་གྲོག་རོང་ཆེན་མོའི་དམིགས་བསལ་གཉེར་སྐྱོང་ཁྲོད་ཞུགས་མཁན་ཞིག་ཏུ་གྱུར་ཡོད། ཡོན་ཏན་དང་འདྲ་བར་གནས་མདོ་སྡེ་བའི་འབྲོག་པ་ཁྱིམ་ཚང22དམིགས་བསལ་གཉེར་སྐྱོང་ཁྲོད་ཞུགས་པ་དང་། ལ་ལ་ཉམས་ལེན་སྣེ་ཤན་པར་གྱུར་པ་དང་། ལ་ལ་འབྲོག་པའི་སྤྲོ་སྐྱིད་ཁང་གི་སྦྱིན་བདག་ཏུ་གྱུར་པ།  སྐྱེ་ཁམས་ཀྱི་ཁྱད་སྟོབས་དེ་དཔལ་འབྱོར་རྗེས་ཐོན་ཁྱད་སྟོབས་སུ་གྱུར་བ།  ཡོང་འབབ་ཀྱི་ཐབས་ལམ་སྔར་ལས་སྣ་མང་དུ་གྱུར་པ་བཅས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱིས་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བཏང་ཡོད།

མདོ་ལ་རི་བོ་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཞིག་ཡིན་པ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དང་བསྟུན་ནས། གཅིག་གྱུར་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་པའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ས་ཚིགས40དེ་མདོ་ལ་རི་བོའི་དབུས་སུ་ཆགས་པའི་ མཛེས་ལྗོངས་ཤིག་ཏུ་གྱུར་པ་དང་།  མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཆེ་ཡངས་ལུང་བའི་དོ་དམ་སྲུང་སྐྱོབ་ས་ཚིགས་སུ་བུད་མེད་ལྟ་སྲུང་རུ་ཁག་ཅིག་ཡོད་པ་དང་། ནམ་རྒྱུན་རི་ཁུལ་དུ་བསྐྱོད་སྐབས་ལྟ་སྲུང་ཟིན་ཐོ་ལེགས་པར་འགོད་བཞིན་ཡོད།

དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་གཡང་མོ་མཚོས་ངོ་སྤྲོད་བྱས་པ་ལྟར་ན།  ཆེ་ཡངས་ལུང་བའི་དོ་དམ་སྲུང་སྐྱོབ་རུ་ཁག་གི་བུད་མེད་རུ་མི་ཡིས་གསུམ་ཆའི་གཅིག་ཟིན་པ་དང་། དང་ཐོག་གི་བུད་མེད་རུ་མི་གཉིས་ནས་བུད་མེད་རུ་མི8བར་ཇེ་མང་དུ་སོང་ནས་ད་ལྟ་རུ་མི30ལྷག་ཏུ་འཕར་ཡོད།      རླངས་འཁོར་དོ་དམ་སྲུང་སྐྱོབ་ས་ཚིགས་དང་བར་ཐག་སྤྱི་ལེ16ཙམ་ལས་བསྐྱོད་མི་ཐུབ་པ་དང་།    སྤྱི་ལེ80ལྷག་གི་སྐོར་སྲུང་བྱ་ཡུལ་དུ་རླངས་འཁོར་འགྲོ་མི་ཐུབ་པ་རེད།    སྐོར་སྲུང་བྱེད་ཐེངས་རེར་ཁོ་ཚོས་འཕྲུལ་རྟར་བཞོན་པའམ་ཡང་ན་འབྲོག་པའི་བཞོན་རྟ་གཡར་གྱིན་ཡོད་པར་མ་ཟད།    ད་དུང་རླངས་འཁོར་དང་རྟ་ཡང་འགྲོ་མི་ཐུབ་པའི་ས་ཆར་རྐང་ཐང་དུ་འགྲོ་དགོས་པ་དང་། ནགས་ཚལ་དང་རྩྭ་ཐང་། གཙང་བོ་བཅས་བརྒལ་རྒྱུ་ནི་ཁོ་ཚོའི་རྒྱུན་ལྡན་གྱི་སྐོར་སྲུང་ཞིག་རེད།

སྐོར་སྲུང་བྱེད་པའི་ཉིན་མོ་སླེབས་ཚེ་ཁོ་ཚོས་ཉིན་གཅིག་ཀྱང་འགོར་འགྱངས་གཏན་ནས་བྱེད་མ་མྱོང་པ་དང་། སྐོར་སྲུང་བྱེད་པའི་ལམ་བར་དུ་སྐབས་འགར་སྤྱང་ཀི་དང་འཕྲད་སྲིད་པ་དང་། སྐབས་འགར་རླངས་འཁོར་ཡང་དར་ནང་དུ་ལྷུང་ནས་འགྲོ་མི་ཐུབ་པ་སོགས་ཀྱི་དཀའ་ངལ་ལ་ཡང་འཕྲད་ཀྱིན་ཡོད།  ཁོ་ཚོས་ཕ་ཡུལ་གྱི་རི་ཆུ་སྲུང་སྐྱོབ་བྱེད་རྒྱུ་ནི་གཟི་བརྗིད་ཀྱི་ལས་དོན་ཞིག་ཡིན་པས་དཀའ་སྡུག་ཆེན་པོ་ཡོད་ཀྱང་རིན་ཐང་ལྡན་པ་ཞིག་ཏུ་བརྩི་བཞིན་ཡོད་ལ།   སྐྱེ་ཁམས་ལྟ་སྲུང་པ་དེ་གཞི་རིམ་གྱི་སྐྱེ་ཁམས་ལྟ་སྲུང་གི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

ད་ལྟའི་མདོ་ལ་རི་བོར། མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་འཚོ་སྡོད་བྱེད་ས་ཡག་པོ་ཞིག་བསྐྲུན་ཡོད། དེ་གར་གསའ་དང་བྱེ་ཐང་ཞི་ལ། རི་བོང་བཅས་ལ་ལྟ་ཞིབ་ཚད་ལེན་ཐུབ་བྱེད་པ་དང་། རང་བྱུང་སྐྱེ་ཁམས་མ་ལག་ལ་སྤྱི་ཡོངས་ནས་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།

མཚོ་སྔོན་གྱི“སྲུང་ཡོལ་གཉིས་དང་ས་ཁུལ་གསུམ”གྱི་སྐྱེ་ཁམས་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། མཚོ་སྔོན་པོ་ནི་ཤུགས་རྐྱེན་ཆེ་ཞིང་མཚོན་བྱེད་རང་བཞིན་ལྡན་པའི“རྩྭ་དང་གཙང་པོ། མཚེའུ།   ཉ།  བྱ་བཅས”ཀྱི་འཚོ་སྡོད་མ་ལག་ཅིག་ཡིན་པར་མ་ཟད།  འབབ་རྒྱུད་དུ་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཧ་ཅང་མང་པོ་འཛོམས་པས། དགོ་བ་དང་ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས་གཅིག་སྡུད་སྒོས་ཁྱབ་ནས་མཚོ་སྔོན་པོ་ལྟེ་བར་བྱས་པའི་རང་བྱུང་མཛེས་རིས་ཤིག་ཡོངས་སུ་མངོན་ཡོད།

རྒྱ་མཚོ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོ་མདའ་བཞི་སྡེ་བའི་མི་ཡིན་ལ།  མཚོ་སྔོན་པོའི་འགྲམ་གྱི་སྐྱེ་ཁམས་ལྟ་སྲུང་རུ་ཁག་གི་རུ་མི་ཞིག་ཡིན། ཆུང་དུས་ནས་མཚོ་སྔོན་པོའི་འགྲམ་དུ་འཚོ་བ་སྐྱེལ་ཞིང་།  མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་དངོས་སུ་བརྒྱུད་མྱོང་བས།  མཚོ་སྔོན་པོའི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་འགྱུར་བར་ཆོད་སེམས་བརྟན་པོ་བཅངས་ཡོད།

ཟླ་བཞི་པའི་མཚོ་སྔོན་པོའི་བྱང་ངོགས་སུ་སྔར་བཞིན་གྲང་རླུང་ལྡང་ཞིང་།  རྒྱ་མཚོས་རྨས་སྐྱོན་ཕོག་པའི་དགོ་བ་ཞིག་བསྐྱབས་ཏེ་རྨ་ཁར་དུག་སེལ་དང་། སྨན་བྱུག་པ། རྨ་དཀྲིས་རྒྱག་པ་སོགས་བྱང་ཆ་དོད་པའི་རོགས་སྐྱོབ་ལས་དགོ་བ་ལ་དམིགས་བསལ་གྱི་བརྩེ་སེམས་ཤིག་བཅངས་ཡོད་པ་མཐོང་ཐུབ།  མཚོ་སྔོན་པོར་བལྟ་ཞོར་དུ་རྒྱ་མཚོས་ལོ་འདི་དག་གི་སྐོར་སྲུང་ཁྲོད་དགོ་བ་སྲུང་སྐྱོབ་བྱེད་པ་དང་། གད་སྙིགས་འཐུ་བ། ཁྲུང་ཁྲུང་སྐེ་ནག་ལ་ཚང་བཟོ་རོགས་བྱེད་པ་སོགས་ནི་གླེང་རིན་མེད་པའི་བྱ་བ་ཞིག་ཡིན་མོད། འོན་ཀྱང་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བ་མཐོང་སྐབས།  སེམས་ལ་སྤྲོ་བས་བརྟས་ཤིང་། དེ་ལས་ལྷག་པ་ནི་མཚོ་སྐོར་མཐའ་འཁོར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།

མཚོ་སྔོན་པོ་ནི་རི་དྭགས་དགོ་བ་འཚོ་སྡོད་བྱ་ཡུལ་གྱི་ཁྱིམ་གཞིས་ཤིག་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འབད་བརྩོན་བྱས་པ་དང་རྒྱ་ཆེའི་མང་ཚོགས་ཧུར་ཐག་གིས་ཞུགས་པར་བརྟེན། དགོ་བའི་གྲངས་ཀ་དེ300ཙམ་ནས་3000ལྷག་ཏུ་འཕར་བ་དང་ཆབས་ཅིག  ད་དུང་ཙོང་ཉའི་ཐོན་ཁུངས་གསོག་ཚད་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་པ་དང་། ལྟ་ཞིབ་ཚད་ལེན་བྱས་པའི་ཆུ་བྱའི་རིགས་དང་ཁྱུ་ཚོགས་ཀྱི་གྲངས་ཀ་ཡང་ཟིན་ཐོ་གསར་པ་བསྐྲུན་ཡོད།

མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་འཆར་འགོད་བྱས་ཤིང་།  2022ལོའི་ཟླ4པར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་སྐྲུན་བྱེད་པའི་དུས་རིམ་ཏུ་སླེབས་པ་དང་། མིག་སྔར་འཛུགས་སྐྲུན་ལས་འགན་གོ་རིམ་ལྡན་པའི་ངང་སྤེལ་བར་མ་ཟད། ད་ལོར་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་བསྐྲུན་འགོ་ཚུགས་པ་དང་།  སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཚད་གཞིའི་ཁྲོད་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  སྐྱེ་ཁམས་རིན་ཐང་གཞན་སྒྱུར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་བཅས་བྱས་ནས། མི་རྣམས་ཀྱིས་སྔོ་ལྗང་རི་ཆུར་སྲུང་སྐྱོབ་ལེགས་པོ་བྱས་ན་དེ་ཡིས་མི་རྣམས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་པའི་དོན་སྙིང་ཟབ་མོ་དེ་མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།