གཙང་གསུམ་རྒྱུན་ལ་སྔོ་ལྗང་རླབས་ཕྲེང་འཕྱོ།། སྐྱེ་དངོས་ཀུན་གྱིས་མཛེས་པའི་ཉམས་འགྱུར་ངོམས།།
2023.09.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 1

རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ།

“རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱ་རྒྱུ་ནི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བྱ་བ་གལ་ཆེན་ནང་གི་འགངས་ཆེར་བརྩིས་ནས། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ།‘ཀྲུང་ཧྭའི་ཆུ་མཛོད’སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱིས་ཚད་གཞི་མཐོ་བའི་སྒོ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུར་རྩ་བའི་གཞི་འཛིན་ས་དང་བྱ་བའི་ཁ་ཕྱོགས་མཁོ་འདོན་བྱས་ཡོད།

2015ལོར་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒོ་མོ་གནས་འདི་ནས་འབྱེད་མགོ་བརྩམས་ཤིང་། ལོ་ངོ་དྲུག་སོང་རྗེས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་རེད།

གླིང་ཁུལ་ནང་བརླན་སའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རིགས་སྣ་མང་ལ། རྒྱ་ཁྱོན་ཆེ་བས་འཛམ་གླིང་ཐོག་མཚོ་འཕངས་མཐོ་ཤོས་དང་། རྒྱ་ཁྱོན་ཆེ་ཤོས། བརླན་སའི་ཁྱབ་རྒྱ་ཆེ་ཤོས་བཅས་ཀྱི་ས་ཁུལ་ཞིག་རེད། དོ་དམ་ཅུའུ་སྐྱེ་ཁམས་སྲུང་སྐྱོབ་ཁྲུའུ་ཡི་ཁྲུའུ་ཀྲང་བློ་བཟང་ཚེ་རིང་གིས་བཤད་རྒྱུར། བརླན་ས་ནི་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་བྱས་ཏེ་ལམ་ལུགས་ཀྱི་འགན་ལེན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། སྲུང་སྐྱོབ་དང་དོ་དམ་ཚོད་འཛིན་བྱེད་ཐབས་ནན་པོ་བྱེད་པ།སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། བརླན་སའི་ཐོན་ཁུངས་ཀྱི་གཞི་རྩའི་གནས་ཚུལ་བརྟག་དཔྱད་བྱེད་པ་སོགས་ཀྱི་བྱ་བ་སྤེལ་བ་བརྒྱུད། 《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》དང་《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་གཞི》བཟོས་ནས་འགྲེམས་སྤེལ་བྱས་པ་དང་། ས་ནག་ཐང་བཅོས་སྐྱོང་དང་། རྩྭ་ཐང་ཞན་འགྱུར་སླར་གསོ་བྱེད་པ་སོགས་རྩྭ་ཐང་སླར་གསོའི་རིགས་ཀྱི་ལས་གཞི་ལག་བསྟར་བྱས་ཤིང་། 《རྨ་འབྲི་རྫ་གསུམ་འབྱུང་ཡུལ་བརླན་སའི་ཐོན་ཁུངས་ཀྱི་གཞི་རྩའི་གནས་ཚུལ་བརྟག་དཔྱད་གྲུབ་འབྲས》སོགས་གྲུབ་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་བརླན་སའི་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་ཆད་མེད་པར་བཀོལ་སྤྱོད་དང་ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་བྱེད་པར་གཞི་གྲངས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས།

“སྐྱེ་ཁམས་མ་ལག་གི་ཐོག་མའི་རང་བཞིན་དང་ཆ་ཚང་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ཚད་གཞི་མཐོ་བའི་སྒོ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུའི་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། རང་བྱུང་གི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས་བྱ་བ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་ཏེ་མུ་མཐུད་བཅོས་བསྒྱུར་གཏིང་ཟབ་གཏོང་བ་དང་། དོ་དམ་གྱི་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་པ་བཅས་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་སླར་གསོའི་བྱ་བ་སོ་སོར་སྐུལ་འདེད་གཏོང་དགོས”ཞེས་སུན་ལི་ཅུན་གྱིས་བཤད།

ཡུན་རིང་བྱས་རྗེས་བཞག་སྟེ་དམངས་ཀྱི་དོན་དུ་ལྗང་མདོག་བསྐྲུན་པ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནི་རྨ་ཆུའི་མགོ་ཁུངས་ཀྱི་གླིང་ཁུལ་ཡིན་པ་དང་། རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ཡོན་ལྷན་ཁང་སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་ཧན་ཁྲང་ཕིང་གིས་གསར་འགོད་པར་གླིང་ཁུལ་དུ་མིག་སྔར་ཡུལ་ཚོ་རིམ་པའི་བདག་སྐྱོང་ས་ཚིགས་གསུམ་དང་། སྡེ་བ་རིམ་པའི་བདག་སྐྱོང་རུ་ཁག་བཅུ་དགུ་དང་བདག་སྐྱོང་ཡན་ལག་རུ་ཁག་བརྒྱ་དང་ཉེར་གསུམ་བཅས་བཙུགས་ནས་སྐྱེ་ཁམས་བདག་སྐྱོང་པ་སྟོང་གསུམ་དང་བརྒྱ་དང་ཞེ་གཉིས་ཡོད་པ་དང་། སྐྱེ་ཁམས་བདག་སྐྱོང་དང་། གཞི་རིམ་ཏང་འཛུགས། སྤྱི་ཚོགས་བརྟན་བརླིང་། མི་རིགས་མཐུན་སྒྲིལ། བསམ་བློའི་དཔལ་ཡོན། གྲོང་གསེབ་དར་སྤེལ་བཅས“གནས་དྲུག་གཞི་གཅིག”གི་དྲ་མིག་ཅན་གྱི་དོ་དམ་བྱེད་ཐབས་བསྐྲུན་ཡོད།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྫ་ཆུའི་མགོ་ཁུངས་གླིང་ཁུལ་དུ་རྣམ་སྲས་གྲོག་རོང་ཆེན་མོའི་དམིགས་བསལ་བདག་གཉེར་ནི་གླིང་ཁུལ་གྱིས་སྐྱེ་ཁམས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ་དང་རྗེས་ཐོན་ལེགས་ཆ་འཚོལ་ཞིབ་ནུས་ལྡན་བྱས་པ་ཞིག་རེད།

ཚན་རྩལ་ནུས་པར་བརྟེན་ནས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།

ཚན་རྩལ་གྱི་བྱེད་ཐབས་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་རང་རེའི་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་རྒྱུན་ཆད་མེད་པར་བྱས་པ་ཞིག་རེད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ངོས་ནས་བརྗོད་ན་སྤུས་ཚད་མཐོ་བ་དང་ལས་ཕྱོད་ཆེ་བའི་སྒོ་ནས་བྱ་བ་སྤེལ་རྒྱུར་བླང་བྱ་སྔར་ལས་མཐོན་པོ་བཏོན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་གཞི་གྲངས་ཆེན་མོའི་ལྟེ་གནས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་གཙོ་གནད་སྐྱེ་ཁམས་ས་ཁོངས་སུ་ཁྱབ་པའི“གནམ་ས་གཞི་གཅིག་ཅན”གྱི་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་དང་། གཞི་གྲངས་དོ་དམ་ལས་སྟེགས་བཅས་ལ“ལྟེ་གནས་གཅིག་དང་སྟེགས་བུ་གཉིས”ཀྱི་ཚན་རྩལ་འདེགས་སྐྱོར་མ་ལག་གྲུབ་ཡོད།

སྐྱེ་ཁམས་བདག་སྐྱོང་པའིAppརྨ་ཆུའི་མགོ་ཁུངས་གླིང་ཁུལ་དུ་ཁྱོན་ཡོངས་ནས་བེད་སྤྱོད་བྱས་པ་དང་བསྟུན་ནས། ལག་ཐོག་མཐའ་སྣེས་སྐྱེ་ཁམས་བདག་སྐྱོང་ལ་སྐུལ་འདེད་གཏོང་བའི་འཚོལ་ཞིབ་ཀྱིས་བློ་རིག་གླིང་བསྐྲུན་པར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། “Appསྤྱད་ཚེ་ཕྱོགས་གཅིག་ནས་སྐྱེ་ཁམས་བདག་སྐྱོང་པར་དོ་དམ་ནུས་ལྡན་བྱེད་ཐུབ་ཀྱིན་ཡོད། ཕྱོགས་གཅིག་ནས་དུས་ཚོད་དངོས་ཀྱི་ནང་སྐོར་སྲུང་བྱེད་པའི་རིང་གི་གནས་ཚུལ་གསར་ཤོས་བརྒྱུད་གཏོང་བྱས་ནས་ལམ་ཐག་རིང་བ་དང་དུས་ཚོད་ཀྱི་ཧེ་བག་ཆེ་བའི་གནད་དོན་ཐག་གཅོད་ཐུབ་ལ། ལས་ཕྱོད་ཆེ་རུ་འགྲོ་ཐུབ་པར་མ་ཟད། མི་ཤུགས་དང་དངོས་ཤུགས་ཀྱི་མ་རྩའང་གྲོན་ཆུང་བྱེད་ཐུབ”ཅེས་ཅིན་ཏའེ་ཡིང་གིས་དེ་ལྟར་བཤད།

འཐབ་ཇུས་དང་སྲིད་ཇུས་ཀྱི་གོ་སྐབས་གཅིག་ཏུ་འདུས་པའི་ཁྲོད་ནས་འགྱུར་ལྡོག་བྱུང་སྟེ། “ཀྲུང་ཧྭའི་ཆུ་མཛོད”སྔར་ལས་སྲ་བརྟན་དུ་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ནས་མཚེའུ་སྟོང་གི་མཛེས་ལྗོངས་སླར་ཡང་མངོན་ཡོད།

                                                                                            རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།