འགན་འཁྲི་ཕྲག་ཏུ་བླངས་ཏེ་གཙང་པོའི་མགོ་ཁུངས་སྲུང་བ།
2023.09.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 9

2021ལོའི་ཟླ6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས། སའི་གོ་ལའི་མཐའ་སྣེ་གསུམ་པའི་སྐྱེ་ཁམས་ལ་དངོས་གནས་སྲུང་སྐྱོབ་བྱེད་དགོས་པ་དང་། རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་གལ་ཆེན་ནང་གི་འགངས་ཆེར་བརྩིས་ནས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ།“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་དགོས་པ་ནན་གྱིས་བསྟན།

“ཀྲུང་ཧྭའི་ཆུ་མཛོད”ཀྱི་ལྟ་སྲུང་བ་ཡག་པོ་བྱེད་པ།

ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་ལ་དཔལ་ཡོན་གྱི་འབྱུང་ཁུངས་ཀྱང་ཡིན། མཚོ་སྔོན་དུ་ཀྲུང་གོའི་ཚྭ་མཚོ་ཆེ་ཤོས་མཚོ་སྔོན་པོ་ཡོད་ལ་བརྗིད་ཉམས་ཆེ་བའི་མདོ་ལ་རིང་མོའི་རི་རྒྱུད་ཡོད་ཅིང་རྨ་འབྲི་རྫ་གསུམ་གྱི་ཆུ་མགོ་ཡང་ཡོད་པ་དང་། མཚོ་སྔོན་ནི་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་ཀྱི་བང་མཛོད་ཡིན་པ་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན་པས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཚབ་བྱེད་ཐབས་བྲལ་བའི་འཐབ་ཇུས་ཀྱི་གོ་གནས་བཟུང་ཡོད།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོ་མངའ་ཁོངས་ཀྱི་ཡོས་ཀྱི་སླང་ལེབ་ནི་རྨ་ཆུའི་མགོ་ཁུངས་ཡིན། འབྲོག་པ་བསོད་ནམས་རིན་ཆེན་གྱིས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དེར་འཚོ་བ་སྐྱེལ་བཞིན་གཙང་ཆབ་ཤར་དུ་བཞུར་བར་ལྟ་སྲུང་བྱེད་བཞིན་ཡོད།

ཉིན་རེ་རེའི་ཞོགས་པར་ཕྱིར་སྐྱོད་སྐབས་བསོད་ནམས་རིན་ཆེན་གྱིས་གད་སྙིགས་བླུགས་སའི་ཁུག་མ་དང་ལམ་རྒྱགས་ཁྱེར་ཏེ་རྨ་ཆུའི་རྒྱུད་དུ་སྐོར་གཡེང་བྱས་ནས་ཆུ་ལམ་གྱི་གད་སྙིགས་འཐུ་བཞིན་ཡོད་པ་དང་། སྤྱི་ལེ་བཅུ་ཁ་རེར་བསྐྱོད་པ་དང་ལྟོགས་དུས་ལམ་རྒྱགས་ཟ་བཞིན་ཉིན་རེའི་ལས་ཀར་བྲེལ་བཞིན་ཡོད། ཉིན་ལྟར་སྡེ་བར་ལོག་སྐབས། རྒྱབ་ཁུག་སྟོང་པ་ཡིན་ལ་གད་སྙིགས་བླུགས་སའི་ཁུག་མ་ཁ་གང་ཡིན།

“ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་གད་སྙིགས་ཚུར་བསྡུའི་ས་ཚུགས་བསྐྲུན་ཡོད་པས། ང་ཚོས་གད་སྙིགས་དག་ཚུར་བསྡུའི་ས་ཚིགས་སུ་བསྐྱལ་ན། ཡུལ་ཚོ་སྲིད་གཞུང་གིས་དུས་བཅད་ལྟར་གད་སྙིགས་དབོར་འདྲེན་རླངས་འཁོར་བཀོད་སྒྲིག་བྱས་ནས། གད་སྙིགས་རྫོང་མཁར་གྱི་གད་སྙིགས་གཙང་སེལ་བཟོ་གྲྭར་སྐྱེལ་བ་དང་། དེ་ནས་གནས་དེ་རུ་གནོད་མེད་གཙང་སེལ་བྱེད་ཀྱིན་ཡོད། སྡེ་བ་སོ་སོས་ཀྱང་རྟག་ཏུ་མང་ཚོགས་རྩ་འཛུགས་བྱས་ཏེ་ཆུ་ལམ་གྱི་གད་སྙིགས་འཐུ་བ་དང་རིགས་དབྱེ་ནས་གཙང་སེལ་ཚུར་བསྡུ་བྱས་ཏེ། ཆུ་ལམ་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བཞིན་ཡོད”ཅེས་བསོད་ནམས་རིན་ཆེན་གྱིས་དེ་ལྟར་བཤད།

ལོ་འདི་དག་གི་རིང་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་གསོག་ཚད་ལོ་རེར་ཆ་སྙོམས་ཀྱིས6%ཡན་འཕར་བ་དང་། རྩྭ་སའི་ཁེབས་ཚད་དང་རྩྭའི་ཐོན་ཚད་སོ་སོར11%དང30%ཡན་འཕར་ཞིང་། གཙང་པོ་དང་མཚེའུ་གལ་ཆེན་གྱི་ཆུའི་ནུས་པའི་ཁུལ་གྱི་ཆུའི་སྤུས་ཀ་ཚད་གཞིར་ལོངས་ཚད100%ཡིན་པ་དང་། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་བ།

2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྐང་ཚ་རྫོང་དུ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་སྐབས་རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཡག་པོ་བསྐྲུན་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་སྒོས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས“སྲུང་མཁན”ཡག་པོ་བྱེད་དགོས་པའི་མངགས་བཅོལ་གནང་།

རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་ནི་མཚོ་སྔོན་པོའི་འགྲམ་གྱི་དགོ་དམར་ཁྱབ་པའི་ས་ཁོངས་ཀྱི་གྲས་ཤིག་ཡིན། དཔལ་དགེ་གྲོང་རྡལ་གྱི་སྡེ་བ་སོ་སོའི་བར་གྱི་འགྲོ་ལམ་ཐོག་དགོ་དམར་མང་པོ་མཐོང་རྒྱུ་ཡོད་ལ་ཁྱུ་དང་ཁྱུ་བྱས་ནས་བག་ཕེབས་ངང་གཟན་འཚོལ་བཞིན་ཡོད།

དགོ་དམར་གྱིས་བདེ་འཇགས་ངང་གཟན་འཚོལ་ཐུབ་པ་དེ་ས་གནས་དེ་གའི་སྲིད་གཞུང་དང་། རི་སྐྱེས་སྲོག་ཆགས་སྐོར་སྲུང་བ། གཅེས་སེམས་ལྡན་པའི་འབྲོག་པ་བཅས་ཀྱི་རྒྱབ་སྐྱོར་བཅས་དང་འབྲལ་ཐབས་མེད། མཚོ་སྔོན་པོའི་ཞིང་རའི་ཡན་ལག་བཟོ་གྲྭ་དང་པོར་སྡོད་པའི་འབྲུག་འཛིན་ཐར་ནི་དེའི་ཁྲོད་ཀྱི་གཅིག་ཡིན།

ཐེངས་ཤིག་ཕྱུགས་འཚོ་རུ་འགྲོ་སྐབས། འབྲུག་འཛིན་ཐར་གྱིས་རྩེབས་ནས་ཡུན་རིང་འགོར་མེད་པ་དང་དགོ་མོ་གམ་དུ་མེད་པའི་དགོ་ཕྲུག་ཅིག་མཐོང་། འབྲུག་འཛིན་ཐར་གྱིས་ཐག་རིང་ནས་དགོ་ཕྲུག་ལ་ལྟ་ཞིབ་བྱས་ཏེ་དགོ་མོ་དུས་ཐོག་ཏུ་ཐོན་རྒྱུར་རེ་སྒུག་བྱས་ཤིང་། ཆུ་ཚོད་གཉིས་ལྷག་ཙམ་ལ་སྒུག་ཀྱང་དགོ་མོ་མཐོང་རྒྱུ་མ་བྱུང་།

འབྲུག་འཛིན་ཐར་གྱིས་ནགས་ཚལ་སྤྱི་བདེ་མངགས་གཏོང་ཁང་ལ་ཁ་པར་བཏང་ནས་གནས་ཚུལ་སྙན་སེང་ཞུས་པ་དང་། མི་དམངས་ཉེན་རྟོག་པ་ཡུལ་དངོས་སུ་འབྱོར་རྗེས་དུས་ཚོད་བཞི་ལྷག་ཙམ་སྒུག་ཀྱང་དགོ་མོ་མཐོང་རྒྱུ་མ་བྱུང་། དེ་ནས་འབྲུག་འཛིན་ཐར་གྱིས་རང་འགུལ་ངང་བདག་མེད་ཀྱི་དགོ་ཕྲུག་གསོ་སྐྱོང་བྱས།

གྲུབ་འབྲས་ཚང་མས་མཐོང་ཐུབ། 2022ལོའི་ཟླ10ཚེས12ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་བཙུགས་པ་དང་། ལོ་གཅིག་འཁོར་བའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ཤིང་། སྤྱི་བསྒྲགས་ནང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་དོད་པོས་ཇེ་མང་དུ་ཕྱིན་པ་དང་། གཙོད་དེ་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་པར་ཁྲི་གཉིས་ལ་མི་ལོངས་པ་ནས་ཁྲི་བདུན་ལྷག་བར་སླར་གསོ་བྱུང་བ་དང་དེ་སྔ་མཐོང་དཀོན་པའི་གསའ་དང་། གཟིག སྲམ། ས་རྟ་གྲོ་ལི། སྦྲེ། ཤྭ་སྐྱ། འབྲོང་། ཁྲུང་ཁྲུང་སྐེ་ནག་སོགས་གཅིག་རྗེས་གཉིས་མཐུད་དུ་མངོན་བྱུང་།

གཞི་གཅིག་ཅན་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་བཏང་བ།

ལོ་ངོ་མང་པོའི་རིང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་གངས་རི་དང་། འཁྱགས་རོམ། གཙང་པོའི་ཆུ་རྒྱུད། མཚེའུ་དང་བརླན་ས། རྩྭ་ཐང་། བྱེ་ཐང་སོགས་སྐྱེ་ཁམས་གཞི་གཅིག་ཅན་གྱི་བཅོས་སྐྱོང་ཆུ་ཚད་ལ་སྐུལ་འདེད་བཏང་སྟེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

ཚུལ་ཁྲིམས་ཏོག་ནི་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོ་མཚལ་རྩེ་སྡེ་བའི་འབྲོག་པ་ཞིག་ཡིན་ལ། ཁོ་ཚང་གི་རྩྭ་ས་སྤྱི་ཆིང1000ལྷག་ཙམ་མཚོ་སྔོ་རེངས་འགྲམ་དུ་ཡོད་པ་དང་དེ་ནི་སྡེ་བ་ཡོངས་ཀྱི་རྩྭ་ཆུ་བཟང་ཤོས་ཀྱི་ས་ཆ་ཞིག་རེད། གལ་ཏེ་འདི་ནས་འཚོ་དགོས་ན། གདམ་ག་ལེགས་པོ་ཞིག་ཡིན་མོད་འོན་ཀྱང་ཚུལ་ཁྲིམས་ཏོག་གིས་གདམ་ག་དེ་མ་བྱས།

“ལོ་འདི་དག་ནང་ཆར་ཆུ་ཇེ་མང་དུ་སོང་བ་དང་། གནམ་གཤིས་ཇེ་དྲོ་རུ་ཕྱིན་པས། རྩྭའི་སྐྱེ་ཚུལ་དེ་སྔར་ལས་ཡག་པོ་ཡོད། རྐྱང་དང་དགོ་བ་ཡང་ཇེ་མང་དུ་ཕྱིན་ཡོད། ཆུང་དུས་སུ་མཐོང་དཀོན་པའི་འབྲོང་དང་དྲེད་མོང་ཡང་ད་སྐབས་རྩྭ་ཐང་དུ་མཐོང་རྒྱུ་ཡོད”ཅེས་ཚུལ་ཁྲིམས་ཏོག་གིས་བཤད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་འགོད་ཀྱི་དུས་ཐེངས་དང་པོ་དང་དུས་ཐེངས་གཉིས་པའི་ལས་གཞི་ལག་བསྟར་བྱས་པ་ནས་བཟུང་། རྨ་སྟོད་རྫོང་གི་རྩྭ་ཐང་སྐྱེ་ཁམས་རིམ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་། མཚེའུ་ཡི་རྒྱ་ཁྱོན་ཆེ་རུ་ཕྱིན་པ། ཆུ་མགོའི་ཆུ་གསོག་ནུས་པ་སྔར་བས་ཆེ་རུ་ཕྱིན་ཏེ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་འཚོ་གནས་བྱེད་ས་ཡོད་པ་དང་། ཆུ་བྱའང་ཇེ་མང་དུ་ཕྱིན་ནས་ཁྱུ་དང་ཁྱུ་བྱས་པའི་རྐྱང་དང་གཙོད་སོགས་མཐོང་རྒྱུ་ཡོད་ལ། རྨ་ཆུའི་ཆུ་མགོའི་རྩྭ་ཆུ་ཇེ་བཟང་དུ་ཕྱིན་ནས“མཚེའུ་སྟོང་གི་མཛེས་ལྗོངས”ཕྱིར་མངོན་བྱུང་།

རྨ་འབྲི་རྫ་་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་སྤེལ་བ་ནས་བཟུང་། རྨ་ཆུའི་མགོ་ཁུངས་གླིང་ཁུལ་དང་མགོ་ལོག་ཁུལ་གྱིས་རི་ཆུ་ནགས་རྩྭ་མཚེའུ་ས་ཞིང་འཁྱགས་ཀླུང་བྱེ་ཐང་བཅས་མ་ལག་བཅོས་སྐྱོང་གི་བླང་བྱ་ལྟར། སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུས་ཐེངས་གཉིས་པའི་བཟོ་འགོད། ཕྱུགས་བསྐྱུར་རྩྭ་སྐྱོང་། ཞན་འགྱུར་རྩྭ་ཐང་མིས་ཐབས་ལ་བརྟེན་ནས་ཉམས་གསོ་བྱེད་པ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་གཞི་སོགས་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་ལས་གཞི་གཅིག་གྱུར་འཆར་འགོད་ཀྱིས་ལག་བསྟར་བྱས།

ལོ་འདི་དག་གི་རིང་ལ་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས། སྐྱེ་ཁམས་སྲུང་སྐྱོབ་དམིགས་སུ་འཛིན་པ་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་ཁུར་དུ་བླངས་ཤིང་། སེམས་བརྩེ་ནུས་གསུམ་ལ་བརྟེན་ནས་མགོ་ཁུངས་ཀྱི་འགན་འཁྲི་ལག་ཏུ་བསྟར་བས་ཁག་ཁུར་གྱི་རྣམ་པ་མངོན་ཞིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་རྒྱུགས་ཤོག་གསར་པ་ཕུལ་ནས་སྐྱེ་ཁམས་མཚོ་སྔོན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལེའུ་གསར་པ་བརྩམས་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།