མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་རྨ་ཆུའི་འགོ་ཁུངས་སྲུང་སྐྱོབ་ཡག་པོ་བྱས།
2023.10.09 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 13

 ཉེ་བའི་ལོ་ཤས་རིང་ལ། མཚོ་སྔོན་གྱིས་རྨ་ཆུའི་འགོ་ཁུངས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ།  རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་མགྱོགས་མྱུར་ངང་བསྐྲུན། རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་མངོན་གསལ་སྒོས་ཇེ་མང་དུ་ཕྱིན་ཏེ།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་རྣམ་པ་ཡག་པོ་ཞིག་བསྐྲུན་ཡོད།

མཚོ་སྔོན་ཞིང་ཆེན་ཉ་ལས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་བརྟག་དཔྱད་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན།  མཚོ་སྔོན་ས་ཁོངས་ནང་གི་རྨ་ཆུའི་འབབ་རྒྱུད་དུ་གདོད་མའི་ཉ་རིགས20ཙམ་ཡོད་པའི་ནང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་ཉ་རིགས་ཡང་མང་པོ་ཡོད་པ་རེད།

2021ལོའི་ཟླ10པར། རྨ་ཆུའི་འགོ་ཁུངས་སུ་ལོ5ཡི་རིང་ཉ་རིགས་ཕྱོགས་ཡོངས་ནས་འཛིན་མི་ཆོག་པ་བཟོས་ཏེ། རང་བྱུང་ཉ་རིགས་འཛིན་རྒྱུ་གཏན་འགོག་བྱས་པ་རེད། རྨ་ཆུའི་འགོ་ཁུངས་སུ་གནས་པའི་མཚོ་སྐྱ་རེངས་དང་། མཚོ་སྔོ་རེངས། རྨ་ཆུའི་འབབ་རྒྱུད་བཅས་དང་དེ་མིན་འཇུ་ལག་ཆུ་བོ་དང་ཙོང་ཆུ་སོགས་ཡན་ལག་ཆུ་བོ་གཙོ་བོ9ཉ་རིགས་འཛིན་མི་ཆོག་པའི་ཆུ་ཁོངས་སུ་བཀོད་པ་རེད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་ཉ་པ་ཧྲི་དབན་ཡན་གྱིས་བཤད་རྒྱུར། རྨ་ཆུའི་འགོ་ཁུངས་སུ་ཉ་འཛིན་རྒྱུ་གཏན་འགོག་བྱས་པས།   ང་ཚོའི་ཡོང་འབབ་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད་མོད། འོན་ཀྱང་དེ་ནི་བུ་རབས་ཚ་རྒྱུད་ལ་ཕན་པའི་དོན་དག་བཟང་པོ་ཞིག་ཡིན་པས་ང་ཚོས་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད་ཟེར།

རྨ་ཆུའི་འགོ་ཁུངས་སུ་ཉ་འཛིན་པ་ཕྱོགས་ཡོངས་ནས་གཏན་འགོག་བྱས་ཚེ། གདོད་མའི་ཉ་རིགས་ཀྱི་ཐོན་ཁུངས་འཕེལ་རྒྱས་འབྱུང་བར་མ་ཟད། ད་དུང་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་མ་ལག་གི་སྐྱེ་དངོས་སྣ་མང་རང་བཞིན་ཡང་ནུས་ལྡན་ངང་ཆེ་རུ་གཏོང་ཐུབ།

ད་ལོ་ལོ29ཡིན་པའི་སྡོམ་འཇིགས་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོ་རྫ་སྐྱ་སྡེ་བའི་ཉ་རིགས་སྲུང་སྐྱོབ་པ་ཞིག་ཡིན་ཞིང་། ཁོའི་ལས་ཀ་གཙོ་བོ་ནི་ཁག་བགོས་འབབ་རྒྱུད་ཀྱི་ཉ་རིགས་དང་གཙང་པོའི་སྐྱེ་ཁམས་ལ་སྐོར་སྲུང་བྱེད་རྒྱུ་དེ་ཡིན།

སྡོམ་འཇིགས་ཀྱིས་བཤད་རྒྱུར། སྔོན་ཆད་མི་ཁ་ཤས་ཀྱིས་རྨ་ཆུའི་ནང་ལྐོག་ཏུ་ཉ་རིགས་ཚེ་ཐར་གཏོང་བའི་ཁྲོད་ཆུ་ཁོངས་གཞན་གྱི་ཉ་རིགས་ཁག་གཅིག་ཡོད་པ་དེས་ས་ཆ་དེ་གའི་ཉ་རིགས་ཀྱི་འཚོ་གནས་དང་རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་དོ་མཉམ་ལ་ཤུགས་རྐྱེན་བཟོས་ཤིང་།  གནས་ཚུལ་དེ་རིགས་འཕྲད་སྐབས་ང་ཚོས་དུས་ཐོག་ཏུ་བཀག་འགོག་བྱས་པར་མ་ཟད་ཁོ་ཚོར་སློབ་གསོ་ཡང་བཏང་བ་ཡིན།  ཕྱོགས་མང་པོའི་ཐད་ནས་སྲུང་སྐྱོབ་བྱས་པ་བརྒྱུད་ས་གནས་འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་ནས། རྨ་ཆུའི་ནང་ཉ་རིགས་ཚེ་ཐར་གཏོང་མཁན་མངོན་གསལ་སྒོས་ཇེ་ཉུང་དུ་སོང་ཡོད་ཟེར།

ལོ་འགའི་སྔོན་ལ། འོད་མཚོས་རྩྭ་ཆུར་བསྙེགས་ནས་ཕྱུགས་འཚོ་བའི་འཚོ་བ་སྐྱེལ་གྱིན་ཡོད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱས་པའི་ཚུན་ལ།  མཚོ་སྔོན་གྱིས“ཁྱིམ་ཚང་རེར་ལས་གནས་རེ”ཡོད་པའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས། ས་གནས་ཀྱི་འབྲོག་པ་མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པར་སྐུལ་ལྕག་བཏང་ཞིང་།   འོད་མཚོས་ཕྱུགས་འཚོ་མཚམས་བཞག་ནས་སྐྱེ་ཁམས་ལྟ་སྲུང་པ་ཞིག་བྱས་པ་རེད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འགོ་ཁུངས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀན་ཞུའེ་པིན་གྱིས་བཤད་རྒྱུར། རྨ་ཆུའི་འགོ་ཁུངས་གླིང་ཁུལ་དུ་སྐྱེ་ཁམས་ལྟ་སྲུང་པ3142ཀྱིས་དཔང་ཡིག་འཁྱེར་ནས་ལས་གནས་སུ་ཞུགས་པས། མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ཡོད་པ་རེད་ཟེར།

དེ་དང་ཆབས་ཅིག  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འགོ་ཁུངས་གླིང་ཁུལ་དུ་ཡུལ་ཚོ་དང་གྲོང་རྡལ་གྱི་སྲུང་སྐྱོབ་ས་ཚིགས3དང་།  སྡེ་བ་རིམ་པའི་སྲུང་སྐྱོབ་རུ་ཁག19། སྲུང་སྐྱོབ་ཡན་ལག་རུ་ཁག123བཅས་བཙུགས་ནས། ཁྱོན་ཡོངས་ལ་ཁྱབ་པའི་དོ་དམ་མ་ལག་ཅིག་གྲུབ་སྟེ་འབྲོག་པ་མང་ཚོགས་རྩྭ་ཐང་སྤྱོད་མཁན་ནས་སྐྱེ་ཁམས་ལྟ་སྲུང་པར་རིམ་བཞིན་བསྒྱུར་ཏེ།     སྐྱེ་ཁམས་སྲུང་སྐྱོབ་ཀྱི“གཙོ་ཤུགས་དམག་དཔུང”ཞིག་གྲུབ་ཡོད།

ད་ལྟ་འོད་མཚོར་ཟླ་རེར་གཏན་འཇགས་ཀྱི་གླ་ཕོགས་ལེན་རྒྱུ་ཡོད་པར་མ་ཟད། ད་དུང་ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་རང་ནུས་འདོན་བཞིན་ཡོད།  འོད་མཚོས་བཤད་རྒྱུར།  ང་ཆུང་དུས་ནས་རྨ་ཆུའི་འགོ་ཁུངས་སུ་འཚར་ལོངས་བྱུང་བ་ཡིན་ལ།  ད་ལྟ་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར་ནས། རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་དངོས་སུ་ཞུགས་ཐུབ་པ་བྱུང་བས་འདི་ནི་ངའི་གཟི་བརྗིད་ཅིག་ཡིན་ཟེར།

“མཚོ་མོ་སྟོང་གི་རྫོང”ཞེས་བརྗོད་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནི་རྨ་ཆུའི་འགོ་ཁུངས་སུ་གནས་པ་དང་ཆ་སྙོམས་མཚོ་འཕང་ལ་སྨི4500ཟིན་གྱི་ཡོད།  དེ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འགོ་ཁུངས་གླིང་ཁུལ་གྱི་ལྟེ་བའི་ས་ཁུལ་ཞིག་ཡིན།

སྔོན་ཆད་ས་གནས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཞན་པ་དང་དུས་ཡུན་རིང་པོའི་ནང་ཕྱུགས་རིགས་འཚོ་དྲག་པ་སོགས་ཀྱི་རྐྱེན་གྱིས་རྩྭ་ཐང་རིམ་བཞིན་ཉམས་ཞན་དུ་གྱུར་བ་དང་། ས་ཆུ་ཤོར་བ་ཚབས་ཆེན་དུ་གྱུར་བ། མཚོ་དང་མཚེའུ་ཉིན་བཞིན་ཇེ་ཉུང་དུ་སོང་ཡོད།

རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པའི་ཚུན་ལ། རྨ་ཆུའི་འགོ་ཁུངས་གླིང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཕྱོགས་བསྡུས་བཅོས་སྐྱོང་གི་བླང་བྱ་གཞིར་བཟུང་སྟེ།  ས་གནས་སྲིད་གཞུང་གིས་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་ལྷག་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་འགོད་སོགས་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ལས་གཞི་སྤྱི་འདོམས་ལག་བསྟར་བྱས།

སྐྱེ་ཁམས་སླར་གསོ་བྱེད་པར་འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུ་ནི་གནད་འགག་ཡིན། འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་གྱུར་བ་དང་བསྟུན་ནས། མི་སྔར་ལས་མང་པོ་ཞིག་གིས་རང་འགུལ་ངང་རྩྭ་ར་བསྐོར་ནས་གསོ་སྤེལ་བྱེད་པ་དང་ཆབས་ཅིག   ཕྱུགས་ཟོག་ཇེ་ཉུང་དུ་བཏང་ནས་རྩྭ་ཕྱུགས་དོ་མཉམ་ཡོང་བར་འབད་ཀྱིན་ཡོད།

འབྲོག་པ་བསོད་བསོད་ཀྱིས་བཤད་རྒྱུར།  ལུགས་མཐུན་ངང་ཕྱུགས་འཚོས་ནས་ང་ཚོ་འཚོ་སྡོད་བྱེད་པའི་རྩྭ་ཐང་འདི་སྲུང་སྐྱོབ་ཡག་པོ་བྱས་ཚེ། ང་ཚོར་གཞི་ནས་འཕེལ་རྒྱས་ཀྱི་བར་སྟོང་སྔར་ལས་མང་བོ་ཡོད་སྲིད་ལ།   འདི་ནི་ངས་ཤེས་རྟོགས་ཐུབ་པའི་ལྗང་མདོག་འཕེལ་རྒྱས་ཡིན་ཟེར།

ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན།  རྨ་ཆུའི་འགོ་ཁུངས་ཀྱི་ལྟག་ཆུ་བསྐྱིལ་གསོག་ཁུལ་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང། མཚེའུ་ཡི་གྲངས་ཀ་ཡང་སྔོན་ཆད་ཀྱི4077ནས་ད་ལྟའི5849བར་ཇེ་མང་དུ་ཕྱིན་པ་དང་། བརླན་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ104ཆེ་རུ་ཕྱིན་ཡོད།  མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་རྒྱ་ཁྱོན་དེ2015ལོ་ལས་སོ་སོར་སྤྱི་ལེ་གྲུ་བཞི་མ74.6དང་སྤྱི་ལེ་གྲུ་བཞི་མ117.4ཆེ་རུ་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ཡོད།

དེ་དང་ཆབས་ཅིག་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འགོ་ཁུངས་གླིང་ཁུལ་གྱི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད56.3%ཟིན་པ་དང་།  ཁུལ་ནང་གི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་སྒོས་ཇེ་མང་དུ་ཕྱིན་པར་མ་ཟད། གསའ་དང་རྐྱང་། དགོ་བ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་མངོན་གསལ་ སྒོས་ཇེ་མང་དུ་ཕྱིན་ཡོད།

ཀན་ཞུའེ་པེན་གྱིས་བཤད་རྒྱུར།  ང་ཚོས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི’འདུ་ཤེས་བརྟན་པོར་བཙུགས་ནས།  སྐྱེ་ཁམས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་ཀྱི་རང་རྟོགས་ཆེ་རུ་གཏོང་བ། སྐྱེ་ཁམས་ཀྱི་རང་སྟོབས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ལ།  རྨ་ཆུའི་འགོ་ཁུངས་སྲུང་སྐྱོབ་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།