མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་མཛོད”ཡིན་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་ཐེངས་གཉིས་ལ་མཚོ་སྔོན་དུ་གཟིགས་ཞིབ་གནང་བར་ཕེབས་པ་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྐབས་སུ་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པར་མ་ཟད། གསུང་བཤད་གལ་ཆེན་གནང་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་།
ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱེད་འགོ་བརྩམས་པ་ནས་རྒྱལ་ཁབ་སྤྱི་གླིང་ཁག་དང་པོ་དངོས་སུ་བཙུགས་པའི་བར། མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་རྨང་གཞིའི་ཐོག་སྔོན་སྤེལ་གྱི་དོན་སྙིང་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་བསྐྲུན་ནས། རྒྱལ་ཁབ་སྤྱི་གླིང་ཚོགས་པ་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་པ་ཞིག་བཏོད་ཡོད།
མདོ་ལ་རི་བོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་འཁྱགས་རོམ་དང་ཆུ་ཁུངས་གསོ་འཁྱོངས་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་ཞིག་ཡིན་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དོ་མཉམ་སྲུང་སྐྱོབ་དང་། རྨ་ནུབ་དོག་ལམ་གྱི་ལྗང་མདོག་བརྟན་བརླིང་སྲུང་འཛིན། བྱང་ཕྱོགས་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་བཅས་ཀྱི་རང་བྱུང་སྲུང་ཡོལ་ཞིག་ཀྱང་ཡིན་པས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་བ་གཏོད་པའི་ཁྲོད་འདེགས་སྐྱོར་གྱི་གོ་གནས་གལ་ཆེན་བཟུང་ཡོད།
2017ལོའི་ཟླ་དྲུག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་བཅོས་སྒྱུར་ཟབ་སྤེལ་ཚན་ཆུང་གི་ཚོགས་འདུ་ཐེངས་སོ་དྲུག་པ་གཙོ་སྐྱོང་གནང་ནས《མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་མགོ་བརྩམས་པ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཡོངས་ཀྱི་སྐོར་དང་པོའི་རྒྱལ་ཁབ་སྤྱི་གླིང10ཡི་ཚོད་ལྟའི་ས་ཚིགས་དང་སྐོར་དང་པོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལས་བརྒལ་བའི་རྒྱལ་ཁབ་སྤྱི་གླིང3གྱི་ཚོད་ལྟའི་ས་ཚིགས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།
མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བྱས་ནས། “སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཐོ་ས་དང་། སྐྱེ་ཁམས་ཚན་ཞིབ་ཀྱི་མཐོ་ས། སྐྱེ་ཁམས་རིག་གནས་ཀྱི་མཐོ་ས”བཅས་ཀྱི་ལག་ལེན་ཐབས་ལམ་འཚོལ་ཞིབ་གཏིང་ཟབ་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་ཚོགས་འཛུགས་སྐྲུན་བྱེད་པར“མདོ་ལ་རི་བོའི་ཉམས་མྱོང”འཚོལ་ཞིབ་བྱས།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ནས་རྒྱལ་ཡོངས་ཀྱི་སྐོར་དང་པོའི་རྒྱལ་ཁབ་སྤྱི་གླིང་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་དུ་གྱུར། སྤྱི་གླིང་དངོས་སུ་བཙུགས་རྗེས《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》བཟོ་བཅོས་བྱས་ནས་ས་ཁོངས་དབྱེ་བའི་རྒྱ་ཁྱོན་དེ་ཚོད་ལྟའི་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་ལྷག་ནས་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་དགུ་ལྷག་བར་རྒྱ་སྐྱེད་པ་རེད།
མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བདེ་བླག་ངང་ལེགས་འགྲུབ་བྱུང་བར་མ་ཟད་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད། སྤུས་ཚད་མཐོ་བའི་སྒོ་ནས་ཚད་ལྡན་ཅན་གྱི་དོ་དམ་སྲུང་སྐྱོབ་ས་ཚིགས40བཙུགས་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་རྐྱེན་སྲོལ་ཞིབ་འཇུག་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་དངོས་སུ་སྤྱི་གླིང་འཛུགས་པར་རྨང་གཞི་བརྟན་པོ་བཏིང་།
མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ལས་དོན་ལ་ཐོད་བརྒལ་གསར་པ་བྱུང་ནས《རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ཕྱོགས་སྟོན》དང་ཡིག་ལན་ནང་བཏོན་པའི་ཕྱོགས8ཀྱི་བླང་བྱ་དང་ཞིབ་བསྡུར་བྱས་ཏེ། གཞི་གདན་བརྟག་དཔྱད་དང་ཁྱབ་ཁོངས་གཏན་འཁེལ། དོ་དམ་ཚོད་འཛིན་ཁུལ་དབྱེ། སྒྲིག་སྲོལ་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད།
ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་རྟོག་ཞིབ་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ་དང་། གསར་འཛུགས་རེ་ཞུ་སོགས་དུས་སྐབས་སྔོན་མའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
མིག་སྔར། མཚོ་སྔོན་འདི་ཉིད་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གསུམ་བསྐྲུན་པའི་ཞིང་ཆེན་ཁོ་ནར་གྱུར་ཡོད། མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་ཚོགས་པས་འཛམ་གླིང་སྐྱེ་བོ་ཀུན་ལ“རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་དང་། རབ་མཛེས་མཚོ་སྔོན་གྱི་བརྩེ་བ”ཡི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད།
2023ལོའི་འཛམ་གླིང་བརླན་སའི་ཉིན་མོའི་ཀྲུང་གོའི་ཚོགས་ར་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་ཐོག རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རང་རྒྱལ་དུ་རྒྱལ་སྤྱིའི་བརླན་ས་གལ་ཆེན18གསར་དུ་བསྣན་པ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་རོང་པོ་བརླན་ས་དེའི་ཁྲོད་དུ་ཚུད་ཡོད།
ཡུས་ཧྲུའུ་རོང་པོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་ནི་མཚོ་སྔོན་པོའི་བྱ་གླིང་དང་། མཚོ་སྐྱ་རེངས། མཚོ་སྔོ་རེངས་སོགས་རྒྱལ་སྤྱིའི་འདམ་ར་གལ་ཆེན་དང་། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ། ཁུ་ནུ་རི་བོའི་འཛམ་གླིང་ས་གཤིས་སྤྱི་གླིང་བཅས་རྗེས་ཀྱི་རྒྱལ་སྤྱིའི་རིམ་པའི་སྲུང་སྐྱོབ་ཁུལ་དྲུག་པ་དེ་ཡིན་ལ། རང་རྒྱལ་འབྲི་ཆུའི་འགོ་ཁུངས་ཀྱི་རྒྱལ་སྤྱིའི་བརླན་ས་གལ་ཆེན་དང་པོའང་ཡིན།
ཡུས་ཧྲུའུ་རོང་པོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་ནི་ཐུན་མོང་མ་ཡིན་པའི་ས་ཁམས་གནས་བབ་དང་། མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག ཀྲུང་གོའི་རྩ་ཆེའི་འདབ་ཆགས་ཁྲུང་ཁྲུང་སྐེ་ནག་འཚོ་སྡོད་དང་སྐྱེ་འཕེལ་བྱ་ཡུལ་བཅས་ཡིན་པས་འདབ་ཆགས་རིགས་གཅིག་མཁས་ཅན་གྱིས“ཁྲུང་ཁྲུང་སྐེ་ནག་གི་ཕ་ས”ཞེས་བརྗོད་ཀྱིན་ཡོད།
རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ས་ཚིགས་ཀྱི་འགོ་གཙོ་པ་སངས་ཚེ་རིང་གིས་བཤད་རྒྱུར། རོང་པོ་བརླན་ས་དེ་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཁྲོད་དངོས་སུ་བཅུག་པ་དེ་ནི་གཟི་བརྗིད་ཅིག་ཡིན་པར་མ་ཟད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་འཁུར་སེམས་དང་སྲུང་སྐྱོབ་ཀྱི་ཕན་འབྲས་མངོན་པར་བྱས་པ་དང་ཆབས་ཅིག ང་ཚོའི་ཕྲག་སྟེང་གི་ལས་འགན་དང་འགན་འཁྲི་སྔར་ལས་ཆེ་རུ་ཕྱིན་པ་མཚོན་ཐུབ། ང་ཚོས་ནུས་ཤུགས་ཡོད་རྒུས་བརླན་ས་འདི་སྲུང་སྐྱོབ་བྱས་ནས་ཁྲུང་ཁྲུང་སྐེ་ནག་འཚོ་སྡོད་ཀྱི་ཁྱིམ་གཞིས་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ཡིན་ཟེར།
རོང་པོ་བརླན་ས་ནི་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གྲས་ཤིག་ཡིན་ཞིང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་དམིགས་འབེན་གཙོ་བོ་གཞིར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་སུ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཀྱིས་ཁ་གསབ་བྱེད་པ། རིགས་དབྱེ་ཚན་རིག་དང་མཐུན་པ། བཀོད་སྒྲིག་ལུགས་དང་མཐུན་པ། སྲུང་སྐྱོབ་ནུས་ལྡན་བྱེད་པ། དོ་དམ་ཕན་འབྲས་ལེགས་པ་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་པ་བཅས་བྱས་ནས། རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་གསར་པ་དང་། རྐྱེན་སྲོལ་གསར་པ། དཔེ་དབྱིབས་གསར་པ་བཅས་ཆགས་པར་བྱེད་དགོས།
རང་བྱུང་སྲུང་སྐྱོབ་ཁུལ་གྱི“མ་ལག་གསར་པ”བསྐྲུན་པར་མཚོ་སྔོན་གྱི་གོམ་སྟབས་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད། རང་བྱུང་སྲུང་སྐྱོབ་ཁུལ་གྱི་བརྟག་དཔྱད་དཔྱད་དཔོག་དང་ཧྲིལ་བསྡུས་ལེགས་བཅོས་ལས་དོན་སྔོན་ལ་སྤེལ་འགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོ་དང་རིགས་སྣ་ཚོགས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་སྡོམ་པས་རིགས3དང་གནས83ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཉིས་དང་ཁྲི་བདུན་ལྷག་ཡོད་པ་དེས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི39.08%ཟིན་ཡོད།
རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལམ་ལུགས་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་སྟེ། 《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》བཟོ་སྒྲིག་བྱས་ནས། རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་སྒྲིག་སྲོལ་འཛུགས་པའི་ཇུས་གཞི་སོགས་ལམ་ལུགས་དང་བྱེད་ཐབས་ཁག18གཏན་འཁེལ་འགྲེམ་སྤེལ་བྱས་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ཚད་ལྡན་སོགས་ལག་རྩལ་ཚད་གཞི་ཁག4ཁྱབ་སྤེལ་བྱས་ནས། ཚད་ལྡན་གཅིག་གྱུར་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལམ་ལུགས་ཚད་གཞིའི་མ་ལག་ཆགས་པར་མ་ཟད། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྲིམས་འཛུགས་ཐོག་མར་འཚོལ་ཞིབ་ཀྱང་བྱས་པ་རེད།
རྗེས་ཕྱོགས་མཚོ་སྔོན་གྱིས་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《བརླན་སའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་སྐབས་བཅུ་བཞི་པའི་ཚོགས་ཆེན་འགོ་རྩོམ་པའི་མཛད་སྒོའི་ཐོག་གནང་བའི་ཤིས་ཚིག་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོ་སོགས་བརླན་སའི་རིགས་ཀྱི་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། རྒྱལ་ཁབ་ས་ཆའི་བར་སྟོང་གསར་སྤེལ་སྲུང་སྐྱོབ་ཀྱི་རྣམ་པ་སྔར་ལས་ཇེ་ལེགས་སུ་བཏང་ནས། 《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་དེ་མིན་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ཀྱི་བཟོ་འགོད་གལ་ཆེན་འཛུགས་སྐྲུན་གྱི་འཆར་འགོད(2021ལོ་ནས2035ལོའི་བར)》བཟོ་རྒྱུ་རེད།
དེ་དང་ཆབས་ཅིག་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་གི་རིགས་པའི་གཞུང་ལུགས་དེང་རབས་ཅན་དང་། རྩ་འཛུགས་དོ་དམ་དེང་རབས་ཅན། མི་སྣའི་བྱང་ཚད་དེང་རབས་ཅན། སྒྲིག་བཀོད་སྒྲིག་ཆས་དེང་རབས་ཅན་བཅས་ཀྱི“དེང་རབས་ཅན་བཞིར”དམིགས་ནས་ཞིབ་འཇུག་དང་འཚོལ་ཞིབ་ལག་ལེན་གཏིང་ཟབ་བྱས་ཏེ། 《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་དེང་རབས་ཅན་གྱི་འཕེལ་རིམ་ཞིབ་འཇུག》སྤེལ་བ་དང་། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི“གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ནས། རང་བྱུང་སྲུང་སྐྱོབ་ཁུལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་རྒྱུ་རེད།
སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ་དང་། གངས་རི་འཁྱག་རོམ་ཡང་གསེར་རི་དངུལ་རི་ཡིན། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད་སྐྱེ་ཁམས་སྲུང་སྐྱོབ་དང་། དམངས་ཚིས་ལེགས་བཅོས། ལྗང་མདོག་འཕེལ་རྒྱས། འཆམ་མཐུན་བརྟན་ལྷིང་བཅས་ཟུང་འབྲེལ་དམ་ཟབ་དང་མཐུན་སྦྱོར་མཉམ་འགུལ་ལ་སྐུལ་འདེད་བཏང་བས། འབྲོག་པ་མང་ཚོགས་སྔར་ལས་མང་པོ་ཞིག་གིས་སྐྱེ་ཁམས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་ཐུབ་པ་བྱུང་བ་དང་། ཁོ་ཚོ་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཧུར་ཐག་གིས་ཞུགས་པས་མི་རིགས་སྐྱེ་ཁམས་རིག་གནས་འདུས་པའི་སྲོལ་རྒྱུན་རིག་གནས་ལ་བརྩི་འཇོག་ཐོབ་པ་དང་། མང་ཚོགས་ཀྱིས་རྒྱལ་ཁབ་སྤྱི་གླིང་ལ་མོས་མཐུན་བྱེད་ཚད་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད།
མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ལ་བརྟེན་ནས་དམངས་ལ་ཕན་ཁེ་བསྐྲུན་པར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་སུ་རྩྭ་ཐང་དང་ནགས་ཚལ། བརླན་ས་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་འབུམ་གཅིག་ཁྲི་བཞི་ལྷག་བཀོད་སྒྲིག་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཁྱིམ་ཚང་རེར་ལས་གནས་རེ་ཡོད་པ་མངོན་འགྱུར་བྱས་ནས། སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཉིས་ལྷག་གི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱར་བསླེབས་ཡོད།
མཚོ་སྔོན་ཞིང་ཆེན་དུ་ནགས་ཚལ་ཁྱབ་ཚད7.5%ཟིན་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད57.8%ཟིན་པ། བརླན་ས་སྲུང་སྐྱོབ་བྱས་ཚད64.3%ཟིན་པ། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཆུ་ཁུངས་གསོ་འཁྱོངས་ནུས་པ་མངོན་གསལ་སྒོས་མཐོ་རུ་ཕྱིན་པ། ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུ་ཕྱིར་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་དགུ་ལས་བརྒལ་ཡོད།
མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་པ་དང་། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས་རིགས་ཀྱི་གྲངས་ཀ་མངོན་གསལ་སྒོས་ཇེ་མང་དུ་ཕྱིན་ནས། གཙོད་ཆེས་ཉུང་བའི་དུས་ཀྱི་ཁྲི་གསུམ་ནས་ཁྲི་བདུན་ལྷག་བར་འཕར་སྣོན་བྱུང་བ་དང་། དགོ་བ་སུམ་བརྒྱ་ལྷག་ནས་སྟོང་གཉིས་དང་བདུན་བརྒྱ་ལྷག་བར་འཕར་སྣོན་བྱུང་བ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་གསའ་ཡི་གྲངས་ཀ་ཇེ་མང་དུ་སོང་ཡོད།
སྔོན་དཔག་བྱས་ན2025ལོར་སླེབས་སྐབས། མཚོ་སྔོན་གྱིས་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་ཁྱད་ཆོས་མངོན་གསལ་དོད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྣམ་པ་བསྐྲུན་ནས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་དཔེ་སྟོན་ཁུལ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཁུལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྔོན་སྐྱོད་ཁུལ། མཐོ་སྒང་གི་རང་བྱུང་ཁམས་ཆེན་མོ་སྲུང་སྐྱོབ་འགྲེམས་སྟོན་ཁུལ། ཕུལ་བྱུང་སྐྱེ་ཁམས་རིག་གནས་རྒྱུན་འཛིན་ཁུལ་བཅས་སུ་འགྱུར་བར་བྱེད་རྒྱུ་རེད།
ལོ་ཙཱ་བ། སྒྲོལ་མ་སྐྱིད།