མཚོ་སྔོན་དུ“ལྷག་བསམ་སྤྱི་ཕན” ལས་སྟེགས་ཀྱིས་ཆུ་བོ་དང་གཙང་པོར་སྲུང་སྐྱོབ་ཡག་པོ་བྱས།
2023.11.07 ཁུངས། ཞིང་ཆེན་མི་དངམས་སྲིད་གཞུང་དྲ་བ། ཀློག་གྲངས། 5

 མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ལྟ་སྲུང་པ་དབང་བྷོས་རྨ་ཆུའི་སྟོད་རྒྱུད་ཀྱི་ཡན་ལག་ཆུ་བོ་དགུ་ཆུའི་འགྲམ་དུ་ལངས་ནས་ཆུ་ལམ་ལ་ཞིབ་མོར་ལྟ་བ་དང་མཉམ་དུ་ལག་འཁྱེར་ཁ་པར་གྱིས་ཡང་ཡང་པར་བརྒྱབ་ནས། གཙང་པོའི་ནང་བཙོག་ཆུ་འབུད་ཡོད་མེད་ལ་ལྟ་ཞིབ་བྱེད་ཀྱིན་ཡོད།  རྒྱུན་ལྡན་གྱི་སྐོར་གཡེང་སྲུང་སྐྱོབ་ཁྲོད་ཤེས་རྟོགས་བྱུང་བའི་སྐྱེ་ཁམས་ལ་གཏོར་བརླག་བཏང་བའི་ཁུངས་སྣེ་དུས་ཐོག་ཏུ་པར་བརྒྱབ་ནས།  “ལྷག་བསམ་སྤྱི་ཕན”ཞིབ་དཔྱོད་སྤྲིན་སྟེགས་སུ་བསྐུར་བ་དེ་ས་གནས་སྐྱེ་ཁམས་ལྟ་སྲུང་པ་མང་པོ་ཞིག་གི་གོམས་གཤིས་སུ་གྱུར་ཡོད།

2022ལོར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས“ལྷག་བསམ་སྤྱི་ཕན”ཞིབ་དཔྱོད་སྤྲིན་སྟེགས་དངོས་སུ་སྤྱོད་འགོ་ཚུགས་པ་དང་། སྤྱི་ཕན་གཏུག་བཤེར་དང་བླངས་པ་བསྡུ་བའི་བྱེད་ཐབས་བརྒྱུད་ནས་ཉེ་འགྲམ་གྱི་ཁོར་ཡུག་སྦགས་བཙོག་དང་། སྐྱེ་ཁམས་གཏོར་བརླག ཟས་རིགས་བདེ་འཇགས་སོགས་ཁྱབ་ཁོངས་ཁག་གི་སྤྱི་ཕན་གནོད་འཚེའི་གནད་དོན་དུས་ཐོག་ཏུ་གསལ་ཞུ་བྱེད་ཀྱིན་ཡོད།

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་བདུན་པའི་ཀྲུའུ་རིན་གཞོན་པ་ལུའོ་ཅུན་གྱིས་བཤད་རྒྱུར། མཚོ་སྔོན་ནི་ས་རྒྱ་ཆེ་ལ་རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་ཀྱི་འགོ་ཁུངས་ཡིན་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པའི་འགན་འཁྲི་ལྕི་མོ་འཁུར་ཡོད། འོན་ཀྱང་གཞི་རིམ་ཞིབ་དཔྱོད་ཁང་གི་གྱོད་སྒྲུབ་མི་སྣའི་མི་གྲངས་ལ་ཚད་ཡོད་པས་དུས་ཐོག་ཏུ་སྐྱེ་ཁམས་ལ་གཏོར་བརླག་གཏོང་བའི་ཁུངས་སྣེ་རྙེད་དཀའ་བ་རེད།  དང་བླངས་པའི་སྟོབས་ཤུགས་ལ་བརྟེན་ན་གྱོད་གཞིའི་ཁུངས་སྣེ་ཤེས་རྟོགས་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་ཐུབ་པ་རེད་ཟེར།

ལས་སྟེགས་འཁོར་སྐྱོད་བྱས་མ་ཐག་དབང་བྷོས་ཐོ་འགོད་བྱས་ནས་དང་བླངས་པ་ཞིག་ཏུ་གྱུར།  ན་ནིང་རྒྱུན་ལྡན་གྱི་སྐོར་གཡེང་སྲུང་སྐྱོབ་ཁྲོད།  དབང་བྷོས་དགུ་ཆུ་བཞུར་རྒྱུད་ཀྱི་རྒྱལ་ཁབ་རིམ་པའི་ཆུ་ཐོན་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་ལྟེ་བའི་ཁུལ་གྱི་གཡས་ཕྱོགས་ཆུ་ལམ་ཉེ་འཁོར་གྱི་ཆུ་རྙོག་པོར་གྱུར་ནས་དྲི་ངན་བྲོ་བ་དང་། བཙོག་ཆུ་ཆུ་ལམ་དུ་ཐད་ཀར་བཞུར་བ་དེས་རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་བ་དང་། སྲུང་སྐྱོབ་ཁུལ་གྱི་རྨ་ཆུར་དམིགས་བསལ་དུ་ཡོད་པའི་ཉ་རིགས་ཀྱི་འཚོ་སྡོད་ཁོར་ཡུག་ལ་ཉེན་ཁ་ཚབས་ཆེན་བཟོས་ཡོད་པ་དེ་མཐོང་ནས། “ལྷག་བསམ་སྤྱི་ཕན”ལས་སྟེགས་ཐོག་ཁུངས་སྣེ་བསྐུར་བ་རེད།

མགོ་ལོག་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་དབང་བྷོས་བསྐུར་བའི་ཁུངས་སྣེ་མཐོང་རྗེས།  དུས་ཐོག་ཏུ་ས་གནས་སུ་བསྐྱོད་དེ་གྲལ་བཤེར་དང་ཞིབ་བཤེར་བྱས་པ་བརྒྱུད། འཚོ་བའི་བཙོག་ཆུ་དང་རླངས་འཁོར་བཀྲུས་པའི་བཙོག་ཆུ་ཁག་གཅིག་དགུ་ཆུར་བཞུར་གྱིན་ཡོད་པ་ཤེས་རྟོགས་བྱུང་བ་དང་། སྦགས་བཙོག་ཐེབས་པའི་ཆུ་བོར་མ་དཔེ་བླངས་ནས་ཞིབ་བཤེར་ཚད་ལེན་བྱས་རྗེས། ཆུའི་སྤུས་ཚད་མ་ལོན་པ་དང་འབྲེལ་ཡོད་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་འགན་འཁྲི་ཡག་པོ་མ་བསྒྲུབ་པའི་གནད་དོན་ཤེས་རྟོགས་བྱུང་བར་མ་ཟད། དུས་ཐོག་ཏུ་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱི་གྱོད་དོན་ཐོ་འགོད་ཀྱི་གོ་རིམ་ལག་བསྟར་བྱས་པ་དང་དཔང་ཉན་ཚོགས་འདུ་འཚོགས་ཏེ། ས་གནས་ནས་སྲིད་འཛིན་གཙོ་གཉེར་སྡེ་ཚན་ལ་ཞིབ་དཔྱོད་ཀྱི་གྲོས་འགོ་ཡི་གེ་སྤྲད་པ་དང་། མིག་སྔར་འབྲེལ་ཡོད་གནད་དོན་དག་ཐེར་གནད་འཁེལ་བྱུང་ཡོད།

སྐྱེ་ཁམས་ལྟ་སྲུང་པ་ལས་གཞན།  འབྲེལ་ཡོད་སྐྱེ་ཁམས་སྲུང་སྐྱོབ་དང་བཅའ་ཁྲིམས་ཤེས་བྱ་བྱང་ཆུབ་པའི་ཚན་ཞིབ་ཁང་གི་རིགས་གཅིག་མཁས་ཅན་དང་། སྲིད་འཛིན་ལས་ཁུངས་ཀྱི་ལས་བྱེད་པ།  ཁྲིམས་རྩོད་པ་བཅས་སྔར་ལས་མང་པོ་ཞིག“ལྷག་བསམ་སྤྱི་ཕན”གྱི་དང་བླངས་པའི་དཔུང་ཁག་ནང་ཞུགས་ཡོད་པ་རེད།

ལིག་ཝུན་ཡུས་ནི་ཁྲིམས་རྩོད་པ་ཞིག་ཡིན་པར་མ་ཟད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཀྱང་ཡིན།      ཁོས་བཤད་རྒྱུར།  “ལྷག་བསམ་སྤྱི་ཕན”གྱི་དང་བླངས་པར་གྱུར་རྗེས།  རང་ཉིད་ལ་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པའི་གོ་སྐབས་ཐོབ་ནས་ཞིབ་དཔྱོད་ལས་ཁུངས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་བརྒྱབ་པར་མ་ཟད། རང་ཉིད་སྲིད་ཞུགས་སྲིད་གྲོས་བྱེད་པར་ཐོབ་དཀའ་བའི་ལས་སྟེགས་ཤིག་ཀྱང་མཁོ་འདོན་བྱས་བྱུང་། མཚོ་སྔོན་ནི་སྐྱེ་ཁམས་ལེགས་པའི་ཞིང་ཆེན་ཆེན་པོ་ཞིག་ཡིན་ཞིང་། ལོ་འདི་འགར་ངས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལས་དོན་སྤེལ་བཞིན་ཡོད། དང་བླངས་པའི་ལས་སྟེགས་ལ་བརྟེན་ནས་མིག་སྔའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤེལ་བའི་སྤྱི་ཕན་གཏུག་བཤེར་ལ་ཤེས་རྟོགས་སྔར་ལས་གཏིང་ཟབ་བྱུང་བ་དང་། འབྲེལ་ཡོད་གྲོས་གཞི་བཏོན་ནས་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ལ་སྐུལ་འདེད་གཏོང་རྩིས་ཡོད་ཟེར།

ལས་རིགས་སོ་སོའི་མི་སྣ“ལྷག་བསམ་སྤྱི་ཕན”ལས་སྟེགས་སུ་གཅིག་སྡུད་བྱས་ནས། “མང་ཚོགས་ཞུགས་པ་དང་། ཆེད་ལས་ཤེས་བྱ། བཅའ་ཁྲིམས་ལྟ་སྐུལ་བཅས་ཟུང་དུ་འབྲེལ་བའི”མཉམ་འདྲེས་གང་ལེགས་བྱུང་སྟེ།   རྨ་ཆུ་བཞུར་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དམ་འཛིན་ནུས་ལྡན་བྱུང་ཡོད། མིག་སྔར་ཞིང་ཆེན་ཡོངས་སུ་ཐོ་འགོད་བྱས་པའི་དང་བླངས་པ1216ལ་སླེབས་པ་དང་། སྡོམ་པས་ཁུངས་སྣེ103བསྐུར་བའི་ནང་སྐྱེ་ཁམས་ཁོར་ཡུག་ལ་འབྲེལ་བ་ཡོད་པའི་ཁུངས་སྣེ71ཡོད་པས། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་དོན་གྱི་སྐབས་བསྟུན་རང་བཞིན་དང་སྒུལ་ཤུགས་ཇེ་དྲག་ཏུ་སོང་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།