མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་ཡིན་པ།
2023.11.14 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 14

 ཉེ་ལམ། སྐྱེ་ཁམས་ཁོར་ཡུག་པུའུ་གཞུང་ཕྱོགས་དྲ་བས་སྐོར་བདུན་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་ལ་མིང་འདོགས་པའི་སྤྱི་བསྒྲགས་ཁྱབ་སྒྲོག་བྱས་ཤིང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ”གྱི་མཚན་སྙན་ཐོབ།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་དཀྱིལ་དབུས་སུ་གནས་པའི་མགོ་ལོག་ཁུལ་ལ“གངས་ལྗོངས་ས་གཙང་དང་གསང་ཡུལ་མགོ་ལོག”ཅེས་པའི་མཚན་སྙན་ལྡན་ལ། དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་བྱེད་ནུས་ཁུལ་གཙོ་བོ་ཡིན་པ་མ་ཟད།  “ཀྲུང་ཧྭའི་ཆུ་མཛོད”ཀྱི་གྲུབ་ཆ་གཙོ་བོ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་། མགོ་ལོག་ཁུལ་གྱིས་ལངས་ཕྱོགས་མཐོན་པོས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དམིགས་འབེན་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་གོམ་སྟབས་བརྟན་ཞིང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་བས། རྒྱལ་ཁོངས་ལྗང་སྒྱུར་མུའུ་འབུམ་དགུ་དང་ཁྲི་བཞི་ལྷག་ ལེགས་འགྲུབ་བྱུང་བ་དང་། ཁོར་ཡུག་གི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད98.6%ཡན་ཟིན་ཏེ་མཚོ་སྔོན་ཞིང་ཆེན་གྱི་མདུན་གྲལ་དུ་སླེབས། ལོ་ངོ་བཅུ་ཡི་རིང་ལ་བསྡོམས་པས་རྩྭ་ཐང་རྒྱ་ཁྱོན་སྤྱི་ཆིང་ས་ཡ་གཉིས་དང་འབུམ་བདུན་ཁྲི་དྲུག་ལྷག་སླར་གསོ་བྱས་པས།  སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སླར་གསོ་བྱེད་པར་ཕན་འབྲས་ཐོབ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དབུས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་མཐོར་སོང་ནས་སྐྱེ་ཁམས་ཞབས་ཞུའི་ནུས་བ་མུ་མཐུད་དུ་བརྟན་བརླིང་དུ་གྱུར།  འབྲོག་པ་མང་ཚོགས་ཁྲི་ཕྲག་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དབུས་ཁུལ་ནས་སྐྱེ་ཁམས་གནས་སྤོར་གྲོང་ཚོར་སྤར་ནས། བསྡོམས་པས་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་ཐེར་འབུམ་ལྔ་ལྷག་སྤྲད་པ་དང་། ཤོང་ཚད་ལས་བརྒལ་བའི་ཕྱུགས་ཟོག་འབུམ་ལྔ་ལྷག་ཇེ་ཉུང་དུ་ཕྱིན། འབྲོག་པ་མང་ཚོགས་ཁྲི་གཅིག་ལྷག་སྐྱེ་ཁམས་ལྟ་སྲུང་པར་གྱུར་ནས་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་འཕར་ཞིང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི2ཡན་ཟིན་པས། འབྲོག་པ་མང་ཚོགས་རང་འགུལ་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྲོད་ཞུགས་ནས་སྲོལ་རྒྱུན་ཕྱུགས་ལས་དེ་དེང་རབས་ཅན་གྱི་སྐྱེ་ཁམས་ཕྱུགས་ལས་སུ་བསྒྱུར་བ་རེད།

དེ་དང་ཆབས་ཅིག མགོ་ལོག་ཁུལ་གྱིས་མུ་མཐུད་དུ་སྒྲིག་བཀོད་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། རླུང་ཁམས་ཆེན་མོའི་འབག་བཙོག་འགོག་བཅོས། འབབ་རྒྱུད་གཙོ་བོའི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་ཇུས་འགོད་རབ་དང་རིམ་པ་དང་།  《མགོ་ལོག་ཁུལ་གྱིས་ཕྱོགས་ཡོངས་ནས་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་གྱི་ལག་བསྟར་བསམ་འཆར》དང《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་འཛུགས་སྐྲུན་ཇུས་འགོད(2023—2035年)》སོགས་བཟོས།  གཞན་ཡང《མགོ་ལོག་ཁུལ་གྱི“ཐིག་གསུམ་སྡེ་གཅིག”སྐྱེ་ཁམས་ཁོར་ཡུག་ནང་ཞུགས་གསལ་ཐོ》བཟོས་ནས་བར་སྟོང་བཀོད་སྒྲིག་དང་འབག་བཙོག་འབུད་གཏོང་། ཁོར་ཡུག་གི་ཉེན་ཁ་སྔོན་འགོག་ཚོད་འཛིན། ཐོན་ཁུངས་གསར་སྤེལ་ཕན་ནུས་ཀྱི་ཚོད་འཛིན་མ་ལག་འགྲེམ་སྤེལ་བྱས། སྔོན་ལ་མཚོ་སྔོན་ཞིང་ཆེན་ནས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་ཞིབ་བཤེར་བྱས་པའི་འཕྲིན་བཅར21གི་གྱོད་གཞི་སྒྲུབ་པ་དང་། ལྡོག་འདྲེན་གནད་དོན12ལེགས་བཅོས་བྱས་པ།   རྨ་ཆུ་ཞིབ་བཤེར་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་རྒྱུན་ལྡན་ཞིབ་བཤེར་སོགས་ཀྱི་གནད་དོན་ལེགས་བཅོས་བྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱས།    2019ལོ་དང2020ལོ། 2021ལོ་བཅས་མགོ་ལོག་ཁུལ་གྱིས་རྒྱུན་མཐུད་ངང་ལོ་གསུམ་རིང་ལ་མཚོ་སྔོན་ཞིང་ཆེན་འབག་བཙོག་སྔོན་འགོག་མཁྲེགས་གཏོར་དཔྱད་དཔག་ཁྲོད“ཕུལ་བྱུང”དུ་བདམས།

གཞན་ཡང་། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མགོ་ལོག་ཁུལ་གྱིས་གཟུགས་འདས་དང་ལག་ལེན་ཐབས་ལམ་གྱིས་དུས་རབས་གསར་བའི་རིག་གནས་སྐྱེ་ཁམས་བྱེ་བྲག་ཅན་དང་སྤྱི་ཡོངས་ཅན་སྲུང་སྐྱོབ་ལམ་བུར་བསྐྱོད་པ་དང་། 2014ལོར་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་བཙུགས་པ་ནས་བཟུང་། མགོ་ལོག་ཁུལ་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་དང་གསོ་སྐྱོང་འཕེལ་རྒྱས་ཀྱི་རིག་གནས་དང་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་།  རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་སོགས་ཀྱི་རྒྱལ་ཁབ་འཐབ་ཇུས་བཏོད་ནས།  སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་སྤྱི་ཡོངས་ལས་དོན་དང་སྦྲེལ་མཐུད་དམ་ཟབ་བྱས་ཏེ། གེ་སར་རིག་གནས་ལྟེ་གནས་སུ་བྱེད་པའི་གཟུགས་འདས་ཤུལ་བཞག་དང་། མི་ཆོས་ཁོར་ཡུག་དང་རང་བྱུང་སྐྱེ་ཁམས་ཁོར་ཡུག་གི་སྤྱི་ཡོངས་ཅན་སྲུང་སྐྱོབ་ལ་སྐུལ་འདེད་བཏང་། གཞན་ཡང་ཁེ་ལས་ཆུང་གྲས་དང་སྲོལ་རྒྱུན་བཟོ་རྩལ་དབུལ་སྐྱོར་རྟེན་གཞི་དང“མཚོ་སྔོན་ཚེམ་དྲུབ”བཟོ་ཁང་། དམངས་ཁྲོད་བོད་ཀྱི་ཟློས་གར་ཚོགས་པ་སོགས་བཙུགས།  གཟུགས་འདས་ཐོན་ལས་ཅན་དུ་སྒྱུར་ནས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཇེ་མཐོར་བཏང་།

མགོ་ལོག་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བློ་བཟང་སྐལ་ལྡན་གྱིས་བཤད་རྒྱུར།  མ་འོངས་པར་མགོ་ལོག་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གཙོ་བོར་བཟུང་ནས། ཕན་ནུས་མཐོ་བའི་ངང་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་གཅིག་གྱུར་འཆར་འགོད་བྱས་ཏེ། འཕེལ་རྒྱས་ཐབས་ལམ་ཇེ་ལེགས་དང་།  བྱ་བའི་ཐབས་ལམ་ལེགས་བཅོས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་སྤུས་ཚད་མཐོ་བའི་སྲུང་སྐྱོབ་ལ་སྐུལ་འདེད་བྱས་ནས།   ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་རྒྱུ་ཡིན་ཟེར།   

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།