རི་ཆུ་རྨ་ལྷོའི་སྐྱེ་ཁམས་དཔལ་ཡོན་གྱིས་རབ་མཛེས་རི་མོ་བཞེངས།
2023.11.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 3

 ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རྨ་ལྷོ་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོ་ཡིད་ལ་བརྟན་པོར་བཅངས་ནས།  “ རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་དེ་རིམ་བཞིན་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་དུ་འགྱུར་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མྱུར་ལམ་སྟེང་བསྐྱོད་ཡོད།

སྐྱེ་ཁམས་ཀྱི་མ་རྩར་བརྟེན་ནས་འཕེལ་རྒྱས་ཀྱི་རང་རྟོན་ཆེ་རུ་བཏང་།

རྨ་ལྷོ་ཁུལ་ལ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང2དང་། བརླན་སའི་སྤྱི་གླིང2། རྩྭ་ཐང་རང་བྱུང་སྤྱི་གླིང2། བྱེ་ཐང་སྤྱི་གླིང1བཅས་ཡོད་པས།  རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་ལ་སྣ་ཁ་མང་བ་རེད།

རྨ་ལྷོའི་མངའ་ཁོངས་ཀྱི་རྩྭ་ཐང་དང་། གཙང་པོ་དང་མཚེའུ། ཚང་ཚིང་གི་ནགས་ཚལ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སོགས་ནི་རྒྱུན་དུ་པར་ལེན་ལ་དགའ་མཁན་དང་། སྨྱན་བྱད་པ། སྲོག་ཆགས་དང་རྩི་ཤིང་ཞིབ་འཇུག་ལས་གཉེར་པ། སྐྱེ་ཁམས་ལྟ་སྲུང་པ་བཅས་ཀྱི་བརྙན་མིག་ཏུ་མངོན་ཡོད།  གསའ་དང་། ཤྭ་བ་མཆུ་དཀར། གླ་སྐྱ། གནའ་བ་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་ཡོད་པར་མ་ཟད། དབྱར་རྩྭ་དགུན་འབུ་དང་ལྕུམ་རྩྭ། གངས་ལྷ་མེ་ཏོག  སྙི་བ་སོགས་སྨན་རྩྭ་རྩ་ཆེན་ཡང་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། རྨ་ལྷོའི་ལྷོ་ཕྱོགས་ཀྱི་ཧི་ནན་རྩྭ་ཐང་ཁོ་ནར་འདབ་ཆགས་རིགས230ལྷག་དང་། རི་སྐྱེས་སྲོག་ཆགས་རིགས50ལྷག་ཡོད།

ཏག་ཏག་ཉིན20ལྷག་གི་རིང་ལ་རྒྱལ་ཁོངས་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1600མི་ལོངས་པའི་གཅན་ཚ་རྫོང་ཁོངས་སུ་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོབ་བྱེད་ཀྱིན་པའི་རི་སྐྱེས་སྲོག་ཆགས་བཞི་བསྟུད་མར་བསྐྱབས་པ་དེ། འདས་ཟིན་པའི་ལོ་བཅུའི་ནང་ཧ་ཅང་མཐོང་དཀོན་པ་ཞིག་ཡིན་ལ། དེའི་ཐོག་ནས་ས་ཁོངས་དེའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་སླར་གསོ་དང་འཕར་བཞིན་པ་མཚོན་ཡོད།

མིག་སྔར་ནི “རི་ཆུ་རྨ་ལྷོ”ཞེས་པའི་མིང་བྱང་གྲགས་ཅན་བསྐྲུན་པའི་འགག་རྩའི་དུས་སྐབས་སུ་ཁེལ་ཡོད་པས། རྨ་ལྷོ་ཁུལ་གྱིས་སྐྱེ་ཁམས་ཐོན་ཁུངས་ཀྱི་རང་བྱུང་ལེགས་ཆ་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་ཆེན་གྱི་སྒོ་མོ་དང་རྒྱལ་ཁབ་ཀྱི་སྒོ་མོ་ལས་སྒྲོལ་བའི་ལྗང་མདོག་གི་མ་རྩ་དང་སྤོབས་པར་སྒྱུར་བཞིན་ཡོད།

ལོ་ཟླ་མང་པོའི་ཉམས་མྱོང་བསགས་པ་ལས་རིག་གནས་ཀྱི་གཞི་ཆགས་ཡོད།

ཨ་སྐྱ་དང“བྱ་རྫི”རྡོ་རྗེ།   སྐྱེ་ཁམས་ལྟ་སྲུང་པ་ཆོས་འཕེལ་བཀྲ་ཤིས། ནགས་སྲུང་པ་སངས་རྒྱས་རྒྱལ་སོགས་རྨ་ལྷོའི“ ལྗང་མདོག་སྲུང་མཁན”ཚོས་ཚེ་སྲོག་ལ་སྲུང་སྐྱོང་བྱེད་པ་དང་འདྲ་བར“ཀྲུང་ཧྭའི་ཆུ་མཛོད”བསྲུངས་པའི་གཏམ་རྒྱུད་ལས་མི་བགྲང་ལས་འདས་པར་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་ཡོད་པ་དང་།  ཁོང་ཚོས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི“མེ་སྟག”དེས་ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་བསམ་པའི་ཁྱིམ་གཞིས་ལ་འོད་སྣང་སྦྱིན་ཡོད།

2022ལོའི་རྒྱལ་ཡོངས་གྲོས་ཚོགས་གཉིས་ཀྱི་སྐབས། རྨ་ལྷོ་ཁུལ་གྱི་གཞི་རིམ་དམངས་ཆེན་འཐུས་མི་ཤ་བོ་སྒྲོལ་མས་འཐུས་མིའི་བགྲོད་ལམ་ཐོག“བྱ་རྫི”རྒན་པོ་རྡོ་རྗེ་ངོ་སྤྲོད་བྱས་པས། དུས་སྐབས་ཤིག་ལ་རྒན་པོ་རྡོ་རྗེ་ཡིས་བརླན་ས་སྲུང་སྐྱོབ་བྱེད་པའི་གཏམ་རྒྱུད་ཀུན་ལ་གྲགས་པ་དང་།   “གྲོགས་ཚོམས”སུ་ཡང་ཡང་མངོན་བྱུང་།

རྩྭ་ཐང་ལ་བརྟེན་ཞོར་རྩྭ་ཐང་སྲུང་སྐྱོབ་བྱེད་པ་ནི་འབྲོག་པས་ལོ་ངོ་སྟོང་གི་ཐོན་སྐྱེད་དང་འཚོ་བ་བརྒྱུད་ནས་ཕྱོགས་བསྡོམས་བྱས་པའི་འཚོ་གནས་ཀྱི་ཉམས་མྱོང་ཞིག་ཡིན་ལ། ཁོ་ཚོས་ཕ་ཡུལ་གྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས་པ་ལས་ཆགས་པའི་རིག་གནས་ཀྱི་ནང་དོན་ཟབ་མོ་ཞིག་ཀྱང་རེད།

ལམ་ལུགས་བཙུགས་ཤིང་སྒྲིག་སྲོལ་བཟོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལམ་ལུགས་ནན་མོ་དང་ཁྲིམས་སྐྱོང་ནན་མོ་ལག་བསྟར་བྱས་ཚེ། གཞི་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བློས་འགེལ་ཆོག་པའི་འགན་ལེན་བྱེད་ཐུབ”ཅེས་ནན་གསུང་གནང་ཡོད།

ལམ་ལུགས་ལ་གསོན་ཤུགས་རྒྱས་ཐུབ་མིན་དེ་ནི་གཙོ་བོ་ལག་བསྟར་བྱེད་ཐུབ་མིན་ལ་རག་ལས་ཡོད།  ཞིང་ཆེན་ཡོངས་སུ་སྔོན་ལ“ནགས་དཔོན་དང་རྩྭ་དཔོན་ལམ་ལུགས”སོགས་ལམ་ལུགས་དང་སྲོལ་ཡིག་ཁྱབ་གདལ་བཏང་ནས། ལོ་ཟླ་བསྟུད་མར་རྒྱུན་འཁྱོངས་ལྷོད་མེད་བྱས་པ་བརྒྱུད། ད་སྐབས་རྨ་ལྷོ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་ཐད་ངོམ་ཆོག་ཆོག་གི་རྒྱུགས་ཤོག་སྤྲད་དེ།  རོང་འབྲོག་ཁུལ་གྱི་ཐུན་མོང་ཐོན་དབང་བཅོས་བསྒྱུར་དང“དབང་གསུམ་ལོགས་དབྱེ”བཅོས་བསྒྱུར་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། རྩེ་ཁོག་རྫོང་གི་ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་ཚོད་ལྟའི་ལས་དོན་དེ་ཞིང་ཆེན་ཡོངས་ཀྱི་དཔེ་མཚོན་དུ་གྱུར་པ། ཞིང་སྡེའི་ས་ཞིང་བདག་དབང་གཏན་འཁེལ་ཐོ་འགོད་བྱས་པ་དེར་ཞིང་ཆེན་རིམ་པས་ཞིབ་བཤེར་རྩིས་ལེན་བྱས་ཟིན་པ་དང་། རྒྱལ་ཁབ་ལ་དབང་བའི་ནགས་རའི་བཅོས་བསྒྱུར་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ། ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་དེ་ཕུལ་བྱུང་རིམ་པའི་ཐོག་ནས་ཞིང་ཆེན་རིམ་པའི་དཔྱད་དཔོག་ཞིབ་བཤེར་རྩིས་ལེན་བྱས་པ་དང་།“སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་སྐྲུན་བྱེད་པའི”མངོན་གསལ་དོད་པའི་དར་ཆའི་འོག  ཁུལ་ཏང་ཨུའི་མགོ་ཁྲིད་ཀྱིས་དངོས་སུ་སྣེ་ཁྲིད་བྱེད་པ་དང་། ལས་བྱེད་པ་དང་མང་ཚོགས་མཉམ་དུ་ཞུགས་པའི་དཔུང་སྡེ་ཆེན་པོ་ཞིག་གིས་སེམས་ནུས་གཅིག་སྒྲིལ་ངང་རྨ་ཆུའི་ལྷོ་རྒྱུད་ཀྱི་སྔོ་ལྗང་རི་ཆུར་སྲུང་སྐྱོབ་བྱེད་བཞིན་ཡོད་པས།  ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ནས་བྱ་དགའ་ཡང་ཡང་ཐོབ།

རྨ་ལྷོ་ཁུལ་ནགས་ལས་རྩྭ་ཐང་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔའི་བར་ཁུལ་ཡོངས་སུ་ཁུལ་དང་། རྫོང་། ཡུལ་ཚོ། སྡེ་བ། ནགས་ར་བཅས་རིམ་པ་ལྔའི་ནགས་དཔོན་དང་རྩྭ་དཔོན359བསྐོས་ནས། དྲ་མིག་ཅན་གྱི་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་ལྷག་གཏན་འཁེལ་བྱས་ཡོད།   གཞན་ད་དུང་རྨ་ལྷོ་བ27གྱི་ཁྲོད་དུ་སྐྱེ་ཁམས་ལྟ་སྲུང་པ1རེ་ཡོད་པ་དང་།  མི780ཡི་ཁྲོད་དུ་ནགས་དཔོན་དང་རྩྭ་དཔོན1རེ་ཡོད།

ད་ལོ་ལོ21ཡིན་པའི་དབང་ཆེན་དོན་གྲུབ་ནི་རྩེ་གཞུང་སྡེ་བའི་སྐོར་སྲུང་ས་ཚིགས་ཀྱི་རུ་མི་ཞིག་ཡིན་པ་དང་། ལོ་བཞིའི་རིང་གི་ལས་དོན་ཁྲོད་ཁོ་རང་རྩེ་ཆུའི་བརླན་ས་རེ་རེ་དང་། ཆུ་བོ་རེ་རེར་ཆ་རྒྱུས་ཤིན་ཏུ་ཡོད་པར་གྱུར། འབྲོག་པ་ཚོས་རང་འགུལ་ངང་བཙུགས་པའི་སྐོར་སྲུང་རུ་ཁག་གིས་རྩྭ་ཐང་སྲུང་སྐྱོབ་བྱས་ནས་ལོ་ལྔ་འགོར་བ་དང་། ཟླ་བ་རེར་སྐོར་སྲུང་བྱེད་ཡུན་ཉིན20ལས་མི་ཉུང་བ་བྱེད་བཞིན་ཡོད། དབང་ཆེན་དོན་གྲུབ་གྱིས་བཤད་རྒྱུར། “སྐྱེ་ཁམས་ལྟ་སྲུང་པ་ཞིག་ཡིན་པའི་ངོས་ནས་ཁྱིམ་གཞིས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ་ཚེ་ང་ཚོའི་འབད་བརྩོན་ནི་བྱེད་རིན་ཡོད་པ་ཞིག་རེད” ཟེར།

རྨ་ལྷོ་པས་གནམ་ས་དང་རི་ཀླུང་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བཞིན་ཡོད་ལ།  རྒྱུན་སྲིང་ལྷོད་མེད་ཀྱི་སྲུང་སྐྱོབ་ལ་བརྟེན་ནས།  དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བཞིན་ཡོད།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་བདེན་པ་མཚོན་བཞིན་ཡོད་ལ།  སྐྱེ་ཁམས་དཔལ་ཡོན་ལ་བརྟེན་ནས“རི་ཆུ་རྨ་ལྷོ”ཞེས་པའི་རབ་མཛེས་ཀྱི་རི་མོ་ཞིག་བཞེངས་དང་བཞེངས་མུས་སུ་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།