མདོ་ལ་རི་བོའི་འདབས་ཀྱི་བུད་མེད་སྐྱེ་ཁམས་ལྟ་སྲུང་རུ་དཔུང་།
2023.11.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 3

མཚོ་སྔོན་ལ་མཚོན་ནས་བཤད་ན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་མ་མཐའི་ཚད་ཐིག་ཡིན་ལ། དེ་བས་ཀྱང་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་བུ་དང་བུ་མོའི་ཐུན་མོང་གི་བསམ་འདུན་ཡིན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་གྱི་ཆུ་འཁོར་ལྟ་སྲུང་ས་ཚིགས་ནི་ཞིང་ཆེན་ཡོངས་ཀྱི“སྐྱེ་ཁམས་སྲུང་སྐྱོབ་དཔུང་ཆེན”ཁྲོད་ཀྱི་དམིགས་བསལ་གྱི་དཔུང་སྡེ་ཞིག་ཡིན་ཞིང་། ཁོངས་མི་ཚང་མ་བུད་མེད་ཡིན་པས་ས་གནས་དེ་གའི་མང་ཚོགས་ཀྱིས་མདོ་ལ་རི་བོའི“བུད་མེད་ལྟ་སྲུང་རུ་ཁག”ཅེས་འབོད་ཀྱིན་ཡོད། ལྟ་སྲུང་རུ་མིའི་ཁྲོད་ལོ་ན་ཆེ་ཤོས་ལོ་ཞེ་དགུ་ཡིན་པ་དང་ཆུང་ཤོས་ལོ་ཉེར་གསུམ་རེད། ཁོ་ཚོས་ལྟ་སྲུང་བྱེད་བཞིན་པའི་ཆུ་འཁོར་དང་། ཨ་རིག རུ་ཕྱོར་བཅས་ས་ཁུལ་གསུམ་གྱི་རྒྱ་ཁྱོན་ལ་བསྡོམས་པས་སྤྱི་ཆིང་ཁྲི་གཅིག་དང་སྟོང་ལྔ་བརྒྱད་བརྒྱ་དོན་བཞི་ལྷག་ཡོད་པ་དང་མཚོ་འཕང་ལ་རྨིད་སྟོང་གསུམ་དང་བརྒྱ་ཡས་མས་ཡོད།

“མདོ་ལ་རི་བོའི་གསའ་དང་། རྩྭ་གཡི། གཡི། ཤྭ་བ་མཆུ་དཀར། ཁྲུང་ཁྲུང་སྐེ་ནག བྱ་རྒོད་སོགས་ཡོད་ལ། དེའི་ཁྲོད་ཀྱི་མང་པོ་ཞིག་ནི་རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་དཀོན་པོའི་རིགས་ཡིན་པས། ང་ཚོས་དེ་དག་ལ་འཚོ་གནས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཏེ་སྲུང་སྐྱོབ་ཡག་པོ་བྱེད་དགོས”ཞེས་བུད་མེད་ལྟ་སྲུང་རུ་ཁག་གི་རུ་མི་སྒྲོལ་དཀར་འཚོ་ཡིས་རང་ཉིད་ཀྱི་ལས་ཀའི་ནང་དོན་བྱང་ཆ་ལྡན་པའི་ངང་ངོ་སྤྲོད་གསལ་པོ་བྱས།

སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་ནི་ཡུན་རིང་གི་བརྗོད་གཞི་ཞིག་རེད། ཉེ་བའི་ལོ་ཤས་རིང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་བྱ་བར་གཞིགས་ཤིང་། ལྗང་མདོག་འཕེལ་རྒྱས་ལ་དམིགས་ཏེ། འཐབ་ཕྱོགས་དང་པོའི་སྐྱེ་ཁམས་ལྟ་སྲུང་དང་། ཏང་རྩ་འཛུགས་དང་ཏང་ཡོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།“ཁྱིམ་དུ་སློབ་ཁྲིད་བྱེད་པ”དང“ཁྱིམ་དུ་ཞབས་འདེགས་ཞུ་བ”སོགས་ཀྱི་རྣམ་པས་མང་ཚོགས་ཀྱི་ཁྱིམ་དུ་འགྲོ་བ་དང་འབྲོག་ཁུལ་དུ་སོང་ནས་ཡུལ་སྐད་བཤད་པ་དང་རི་གཞས་གཏོང་བ། དགོད་གཏམ་བཤད་པ”སོགས་ཀྱི་བྱེད་ཐབས་སྤྱད་དེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འདུ་ཤེས་དྲིལ་སྒྲོག་བྱས་ཤིང་། དུས་ཚོད་དང་པོའི་ནང་ཀྲུང་དབྱང་དང་། ཞིང་ཆེན་དང་གྲོང་ཁྱེར(ཆུས)དང་རྫོང་གི་འབྲེལ་ཡོད་སྐྱེ་ཁམས་སྲུང་སྐྱོབ་དང་། བརླན་ས་སྲུང་སྐྱོབ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་བཅས་ཀྱི་ཡིག་ཆའི་དགོངས་དོན་དང་སྲིད་ཇུས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་འཐབ་ཕྱོགས་དང་པོར་བརྒྱུད་སྒྲོག་བྱས་པ་དང་། དུས་མཚུངས་སུ་བབ་བསྟུན་སྣེ་ཁྲིད་ཀྱིས་གཞི་རིམ་ཏང་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རང་རྟོགས་རྒྱུན་རྣམ་ཅན་དུ་འགྱུར་བ་སྔར་ལས་སྲ་བརྟན་དུ་བཏང་ཞིང་། མདོ་ལ་རི་བོའི་སྐྱེ་ཁམས་བདག་སྐྱོང་གི“མཇུག་མཐའི་སྤྱི་ལེ་གཅིག”ཤར་གཏོང་གང་ཐུབ་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི“ཉིན་རེའི་ལས་རྐང”ལེགས་པོར་བསྲུངས།

བུད་མེད་ལྟ་སྲུང་རུ་ཁག་གི་ལྟ་སྲུང་པ་གཡུ་སྒྲོན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། “བུད་མེད་རུ་མི་སོ་གཉིས་ཀྱི་ཁྲོད་ནས་ཉེར་བདུན་ནི་ཁྱིམ་གྱི་ཨ་མ་ཡིན་པས། ཉིན་རྒྱུན་སྐོར་སྲུང་བྱེད་སྐབས། ཁོ་ཚོའི་ཁྲོད་ཀྱི་མི་ཉུང་བ་ཞིག་གིས་བྱིས་པ་རྗེས་སུ་ཁྲིད་དགོས་ལ། ང་ཚོའི་ཕྲུ་གུ་ཚང་མ་ལྟ་སྲུང་ས་ཚིགས་ནང་འཚར་ལོངས་བྱུང་བ་ཡིན་པས། ལོ་ན་ཆུང་དུས་ནས་གད་སྙིགས་འཐུ་བའི་གོམས་གཤིས་བཟང་པོ་ཆགས་ཏེ་སྔ་མོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་རྒྱུད་ལ་བཞག་ཡོད། གང་དུ་གནས་ཀྱང་གད་སྙིགས་ཤིག་མཐོང་ཚེ་ཕར་སོང་ནས་འཐུ་བ་རེད། འདི་ནི་དེ་འདྲའི་དོན་ཆེན་ཞིག་མིན་ཡང་། ངས་བལྟས་ན་དོན་སྙིང་ཆེན་པོ་ལྡན་པ་ཞིག་རེད”ཅེས་གཡུ་སྒྲོན་གྱིས་བཤད།

མདོ་ལ་རི་བོ་ནི་རང་རྒྱལ་གྱི་འཁྱགས་རོམ་དང་ཆུ་ཁུངས་གསོ་སྐྱོང་གི་སྐྱེ་ཁམས་བྱེད་ནུས་ལྡན་པའི་ས་ཁུལ་གལ་ཆེན་ཞིག་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དོ་མཉམ་ཡོང་བར་སྲུང་སྐྱོབ་དང་བྱང་ཕྱོགས་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་བྱེད་པའི་རང་བྱུང་སྲུང་ཡོལ་ཞིག་ཡིན་ལ། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་དམིགས་བསལ་ས་ཁོངས་ཤིག་ཀྱང་ཡིན་པས། དེ་གའི་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཏུ་གྱུར་ཡོད། ལྟ་སྲུང་པ་ཚེ་རིང་སྐྱིད་ཀྱིས་བཤད་ན། “ང་རང་ཆུང་དུས་རྒྱུན་པར་ཨ་ཕ་དང་མཉམ་དུ་རི་སྐོར་རྒྱག་ཏུ་སོང་བ་ཡིན་ལ། ལྟ་སྲུང་རུ་ཁག་ནང་ཞུགས་རྗེས་མིག་མདུན་གྱི་སྔོ་ལྗང་གི་རི་ཆུ་དང་། གནའ་བ་སོགས་སྲོག་ཆགས་གཙང་འགྲམ་དུ་རྩྭ་ཆུར་རོལ་བ་མཐོང་སྐབས་སྤོབས་སེམས་ཀྱིས་ཁེངས་འགྲོ། སྐོར་སྲུང་བྱེད་སྐབས་རྒྱུན་དུ་གྲང་རླུང་དང་གངས་ཆར་ལ་འཕྲད་མྱོང་ཞིང་།  ཆུ་བོ་སྒྲོལ་སྐབས་རླངས་འཁོར་འཁྱགས་དོང་དུ་ལྷུང་མྱོང་། ནགས་ཚལ་སྟུག་པོའི་ཁྲོད་དུ་རི་སྐྱེས་སྲོག་ཆགས་ལའང་འཕྲད་མྱོང་མོད། འོན་ཀྱང་ཉེན་ཁ་ཆེ་བའི་བརྒྱུད་རིམ་དེ་དག་གི་ནང་དུ་མི་སེམས་འགུལ་བའི་གཏམ་རྒྱུད་ཡོད་ཅིང་། ང་དང་འདི་གའི་སྔོ་ལྗང་གི་རི་ཆུའི་བར་ལ་བརྩེ་དུངས་ཟབ་མོ་ཡོད་པས། ཡུལ་འདིར་ལྟ་སྲུང་ལེགས་པོ་བྱ་རྒྱུ་ནི་ངའི་འདོར་དུ་མི་རུང་བའི་འགན་འཁྲི་ཡིན་པ་དང་། ཡང་གཅིག་བཤད་ན་ང་རང་གིས་ཆེས་སྒྲུབ་འདོད་པའི་བྱ་བའང་ཡིན”ཟེར།

བུད་མེད་ལྟ་སྲུང་རུ་ཁག་གི་རུ་དཔོན་གཡང་མོ་འཚོ་ལ་མཚོན་ན། ཡུལ་གྲུ་འདིའི་རི་ཆུ་ནགས་གསུམ་དང་རྩྭ་ཐང་ལ་ལྟ་སྲུང་བྱས་ནས་ལོ་ངོ་བཅུ་བཞི་འགོར་ཡོད། ཡུལ་འདིའི་ལྟ་སྲུང་གི་ཆེད་དུ་སེམས་ཤུགས་དང་རྔུལ་ཆུ་མང་པོ་བཏོན་མྱོང་ཡོད་པའི་མོས་རང་ཉིད་གཏན་ནས་འགྱོད་པ་སྐྱེས་མྱོང་མེད་ཅེས་ལབ་བྱུང་ལ། “རང་ཉིད་ཆེས་འདོད་བློ་ཁེངས་པ་ནི་ད་ལྟ་ཞིབ་འཇུག་སློབ་མའི་བསླབ་གནས་ལ་བརྩོན་བཞིན་པའི་བུས་ང་ལ་བསམ་ཤེས་བྱེད་པར་མ་ཟད། ང་རང་གཟི་བརྗིད་དུ་བརྩིས་ཏེ། མདོ་ལ་རི་བོའི་སྐྱེ་ཁམས་ཇེ་ལེགས་སུ་འགྲོ་བ་ང་ཚོས་འབད་བརྩོན་དང་ཁ་འབྲལ་ཐབས་མེད་ཅེས་བཤད་མྱོང་བས། གཅིག་ནས་བུའི་སྐད་ཆ་དེ་ཐོས་པ་དང་། གཉིས་ནས་ཁོར་ཡུག་ལ་དངོས་གནས་འགྱུར་ལྡོག་བྱུང་བ་མཐོང་རྗེས་ངའི་སེམས་ཤུགས་དེ་བས་ཆེ་རུ་ཕྱིན་སོང”ཟེར།

ལོ་ངོ་བཅུ་ལྷག་ཙམ་འདས་ཤིང་། མདོ་ལ་རི་བོའི་བུད་མེད་ལྟ་སྲུང་རུ་ཁག་གི་ལྟ་སྲུང་རུ་མི་ཚོས“སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ཡིད་ལ་བརྟན་པོར་བཅངས་ནས། འབྲེལ་ཡོད་སྡེ་ཁག་གི་མཛུབ་ཁྲིད་འོག ཚན་རིག་དང་མཐུན་པའི་སྒོ་ནས་ལས་རེས་སྐོར་སྲུང་དང་། ལྗོན་ཤིང་གང་འདོད་དུ་གཅོད་པ་སྔོན་འགོག ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཐད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ། ནགས་ཤིང་གི་ནད་འབུའི་གནོད་འཚེ་སྔོན་འགོག མི་རྣམས་འགྲོ་སྐྱོད་ཀྱི་འགུལ་རྣམ་ཆ་འཕྲིན་འཚོལ་སྡུད། ཁྱིམ་ཚང་དུ་སོང་ནས་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་དྲིལ་སྒྲོག་བྱེད་པ་སོགས་ཀྱི་བྱ་བ་སྤེལ་བཞིན་ཡོད་ལ། གཡང་མོ་འཚོས་བཤད་པ་བཞིན། “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་ལས་ཁྱབ་གདལ་དུ་ཕྱིན་པ་དང་བསྟུན་ནས། འབྲོག་པ་མང་ཚོགས་ཀྱིས་ང་ཚོའི་བྱ་བར་རྒྱབ་སྐྱོར་བྱེད་ཤུགས་ཀྱང་སྔར་ལས་ཆེ་རུ་ཕྱིན་པ་དང་། ཚང་མར་སྔར་ལས་ཡིད་ཆེས་ཀྱིས་ཁེངས་ཡོད། ང་ཚོས་ལྟ་སྲུང་བྱ་བ་སྔར་ལས་ཡག་པོ་བསྒྲུབས་ཏེ། ‘རབ་མཛེས་མཚོ་སྔོན’ལ་ལྟ་སྲུང་བྱེད་པར་བུད་མེད་ཀྱི་སྟོབས་ཤུགས་སྔར་ལས་ཆེ་བ་སྐྱེས་སུ་འབུལ་རྒྱུ་ཡིན”ཟེར།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།