རྒྱལ་ཁབ་སྤྱི་གླིང་གིས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྣ་ཚོགས་ལ་སྲུང་སྐྱོབ་གང་ལེགས་བྱས།
2023.12.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཉེ་བའི་ལོ་འགའི་རིང་།   རང་རྒྱལ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། དོམ་ཁྲ། བྱང་ཤར་སྟག་གཟིག ཧའེ་ནན་ཚ་ཁུལ་ནགས་ཚལ། རི་བོ་ཝུའུ་དབྱི་སོགས་རྒྱལ་ཁབ་ཀྱི་སྤྱི་གླིང་སྐོར་དང་པོ་བཙུགས་ཤིང་། སྲུང་སྐྱོབ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཉིས་དང་ཁྲི་གསུམ་ ཟིན་པ་དང་། དེའི་ནང་དུ་སྐམ་སའི་ཁུལ་གྱི་རྒྱལ་ཁབ་ཀྱིས་གཙོ་གནད་དུ་བཟུང་ནས་སྲུང་སྐྱོབ་བྱེད་བཞིན་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རིགས30%ལ་ཉེ་བ་ཚུད་ཡོད། དེ་ནི་སྐྱེ་ཁམས་དཔལ་ཡོན་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལམ་ལུགས་གསར་གཏོད་གལ་ཆེན་ཞིག་ཡིན། གསར་འགོད་པས་ཉེ་སྔོན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་གཉིས་པའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་སྣེ་ཁྲིད་དང་ཚན་རྩལ་མཐོན་པོའི་རྒྱབ་སྐྱོར་འོག་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་ཆད་མེད་པར་བསྐྱར་འཕར་བྱུང་ཡོད།

“གངས་རིའི་རྒྱལ་པོ”རུ་འབོད་པའི་གསའ་གཙང་གསུམ་འབྱུང་ཡུལ་དུ་རྒྱུ་བ་དང་། བྱང་ཤར་གྱི་སྟག་གིས“ནགས་ཀླུང་ན་ངར་སྐད་སྒྲོག” ཅིང་། གཤིས་འཇམ་གཞུང་དྲང་གི་དོམ་ཁྲ་མཐོང་བ་སོགས། རྒྱལ་ཁབ་སྤྱི་གླིང་དུ་བསྐྱོད་ན། ལྗོན་ཤིང་སྣ་ཚོགས་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་འདབ་ཆགས་དང་རི་དྭགས་དུས་ངེས་མེད་དུ་མཐོང་།

“ཀྲུང་གོས་འཆར་འགོད་འཛུགས་སྐྲུན་བྱས་པའི་རྒྱལ་ཁབ་སྤྱི་གླིང་མ་ལག་གིས་གོ་ལ་ཧྲིལ་བོར་རྒྱལ་སྤྱིའི་ཁ་ཆད་ལག་བསྟར་གྱི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་མཁོ་འདོན་བྱས་ཡོད།” ཀྲུང་གོར་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་ཡི་འཐུས་མི་གཞོན་པ་ཆའོ་ཀྲན་གྱིས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འདུ་ཤེས་དང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཡོད། ཚབ་མཚོན་སྲོག་ཆགས་ཀྱི་རིགས་ལ་སྐྱེ་ཁམས་མ་ལག་གི་ཁ་ཕྱོགས་སྟོན་པའི་དར་ཤིང་ཞེས་འབོད་ཀྱིན་ཡོད། རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་ནས་བཟུང་། ཚབ་མཚོན་སྲོག་ཆགས་ཀྱི་རིགས་ཁྱུའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་གྲངས་འབོར་རྒྱུན་མཐུད་ངང་འཕར་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་གཙོད་ཀྱི་གྲངས་འབོར་ཁྲི2ལ་ཡང་མི་ལོངས་པ་ནས་ཁྲི7ལྷག་བར་སླར་གསོ་བྱུང་བ་དང་། གསའ་ཡི་རིགས1200ལས་བརྒལ་བ། རྒྱལ་ཁབ་སྤྱི་གླིང་གིས་རི་སྐྱེས་དོམ་ཁྲ70%ཡན་སྲུང་སྐྱོབ་བྱས་པ་དང་། ཁྱབ་ཁོངས13གྱི་རིགས་ཁྱུའི་སྐྱེ་ཁམས་སྦྲེལ་མཐུད་བྱས་པ། བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་དུ་མངའ་ཁོངས་བརྒལ་བའི་བགྲོད་ལམ་ཤར་གཏོང་ཐུབ་པ་དང་། བྱང་ཤར་སྟག་དང་བྱང་ཤར་གཟིག་གི་གྲངས་འབོར་སོ་སོར50དང60ལས་བརྒལ་བ་དང་། ཧའེ་ནན་ཚ་ཁུལ་ནགས་ཚལ་རྒྱལ་ཁབ་སྤྱི་གླིང་དང་ཧའེ་ནན་གྱི་སྤྲ་རྒན་གྱི་རིགས་ཁྱུ6དང་གྲངས་ཀ37བར་སླར་གསོ་བྱུང་ཞིང་། རི་བོ་ཝུའུ་དབྱིའི་རྒྱལ་ཁབ་སྤྱི་གླིང་ནས་ཆར་ལྷ་སྦལ་ཆེན་སོགས་སྐྱེ་དངོས་རིགས་གསར་པ17གསར་དུ་རྙེད།

ཉེ་བའི་ལོ་བཅུའི་རིང་རང་རྒྱལ་གྱིས་ལོ་རེར་ཆ་སྙོམས་རྩི་ཤིང་གི་སོན་གསར་སྣ་ཁ200ཙམ་རྙེད་པ་དེས་གོ་ལ་ཧྲིལ་བོའི་རྩི་ཤིང་གི་ལོ་རེར་སོན་གསར་འཕར་གྲངས་ཀྱི་བཅུ་ཆའི་གཅིག་ཟིན་པས། རྒྱལ་ཁབ་སྤྱི་གླིང་ནི་སྟོངས་ཉེར་ཡོད་པའི་རི་སྐྱེས་རྩི་ཤིང་གི་སྲུང་སྐྱོབ་རྟེན་གཞིར་གྱུར་ཡོད། མིག་སྔར་རང་བྱུང་མཛེས་ལྗོངས་སྣ་མང་ལྡན་པའི་རྒྱལ་ཁབ་སྤྱི་གླིང49ཡི་འདེམས་སྒུག་ཁུལ་དུ་སྐམ་འཚོའི་སྒལ་རུས་ཅན་གྱི་སྲོག་ཆགས་སྣ་ཁ5000ལྷག་དང་མཐོ་རིམ་རྩི་ཤིང་སྣ་ཁ་ཁྲི2དང་སྟོང་9ཁྱབ་ཡོད་པ་དང་། 80%ཡན་གྱི་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་ཀྱིན་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རིགས་ལ་སྲུང་སྐྱོབ་བྱས་པ་དང་དེ་དག་འཚོ་གནས་བྱེད་ས་རུ་གྱུར་ཡོད།

“ལྟོས་དང་། འདི་ནི་ངས་པར་བླངས་པའི་གསའ་རེད”ཅེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་གྱི་སྐྱེ་ཁམས་བདག་སྐྱོང་པ་གངས་དཀར་གྱིས་སྐོར་སྲུང་མཐའ་སྣེའི་སྒྲིག་ཆས་ཁ་ཕྱེས་ནས་གསར་འགོད་པར་སྐོར་སྲུང་ཁྲོད་བླངས་པའི་གསའ་ཡི་བརྙན་སྟོན་ཞོར་དུ་དེ་ལྟར་བཤད།

རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ཚུན་དུ་ས་གནས་ཁག་གིས“མཁའ་དབྱིངས་དང་ས་གཞི”གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་ཧུར་ཐག་གིས་བསྐྲུན་ཏེ། རྒྱང་ཚོར་སྲུང་སྐར་དང་མི་མེད་གནམ་གྲུ་སོགས་ཀྱི་ལག་རྩལ་ནུས་ལྡན་ངང་སྤྱད་ཡོད། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་གཉིས་པའི“མཁའ་དབྱིངས་དང་ས་གཞི”ལྟ་ཞིབ་ཚད་ལེན་དང་ལག་རྩལ་གསར་པའི་བཀོལ་སྤྱོད་འགྲེམ་ཁུལ་དུ། བར་སྣང་རིང་སྐྱོད་འཕུར་གྲུ་དང་གཞུང་སྒྲིག་རྣམ་པའི་སྒྲིག་བཀོད་མི་མེད་ཐད་འཕུར་གནམ་གྲུ། རྫུས་སྒྲིག་རྣམ་པའི་འཕྲུལ་ཆས་ཀྱི་མི་སོགས་ངོ་མཚར་ཆེ་བའི་རྩེར་སོན་ཚན་རྩལ་ཐོན་རྫས་ཀྱིས་མི་རྣམས་ཧ་ལས་ཤིང་ཧང་སངས་པར་བྱས་ཡོད།

ད་ལྟ་རྒྱལ་ཁབ་སྤྱི་གླིང་གི་ག་ས་གང་དུ“ཚན་རྩལ་གྱི་མ་དཔེ”མངོན་པ་སྟེ། སི་ཁྲོན་གྱིས་དོམ་ཁྲའི་རྒྱུད་འཛིན་གཞི་གྲངས་སྟེགས་བུ་བཙུགས་པ་བརྒྱུད། དོམ་ཁྲ500ལྷག་གིDNAཡིག་ཚགས་ཆ་འཕྲིན་ཁོང་དུ་ཆུད་པ་དང་། མིས་བཟོས་རིག་ནུས་དབྱེ་འབྱེད་ལག་རྩལ་སྤྱད་དེ། བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་གིས་སྟག་དང་། གཟིག དོམ། གཡི་སོགས་སྲོག་ཆགས30ལྷག་ལAIདབྱེ་འབྱེད་དང་རིགས་དབྱེ་བྱེད་ཐུབ་ཡོད།

2017ལོར་གཙང་གསུམ་འབྱུང་ཡུལ་ཨ་ཆེན་གངས་རྒྱབ་ས་ཁུལ་གྱིས་མཁའ་སྐྱོད་འཕྲུལ་ཆས་སྤྱད་དེ་སྤྱི་ལེ་གྲུ་བཞི་མ80ཟིན་པའི་སྲོག་ཆགས་ཀྱི་རིགས་ཁྱུ་ལ་ལྟ་ཞིབ་ཚད་ལེན་བྱས་ནས། གཙོད་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཁྱབ་ཚུལ་ཆོས་ཉིད་དང་རིགས་ཁྱུའི་ཁྱད་ཆོས་ལ་དབྱེ་ཞིབ་བྱས།

འབྲོག་པ་ཚེ་རིང་ཉི་མ་ཚང་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་རུ་ཡོད། ཡུལ་ཚོ་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་མགོ་ཁུངས་གླིང་ཁུལ་དུ་གནས་པ་དང་། མངའ་ཁོངས་ནང་གསའ་ཡི་རྗེས་ཤུལ་མང་པོ་མཐོང་རྒྱུ་ཡོད་པས“གསའ་ཡི་ཕ་ས”ཞེས་པའི་མཚན་སྙན་ཐོབ་ཡོད། སྔོན་ཆད་དང་མི་འདྲ་བ་ཞིག་ནི་ཚེ་རིང་ཉི་མས་འུར་ཆ་བསྐྱུར་ནས་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར་ཅིང་། ལས་ཞོར་དུས་ཚོད་སྤྱད་དེ་ཁོས་ད་དུང་ས་ཆ་གཞན་གྱི་ཡུལ་སྐོར་པའི“སྣེ་ཤན་པ”བྱེད་ཀྱིན་ཡོད། “ང་ད་ལྟ་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར་ཡོད་ལ། ལོ་རེར་བརྟན་འཇགས་ཀྱི་ཡོང་འབབ་སྒོར21600ཡོད། དེའི་ཁར་དམིགས་བསལ་ལས་གཉེར་གྱི་དབང་ཆ་ཡོད་པས་ཡོང་འབབ་སྔོན་ཆད་ཕྱུགས་ཟོག་འཚོ་བའི་སྐབས་དང་བསྡུར་ན་ཇེ་མང་དུ་ཕྱིན་ཡོད”ཅེས་བཤད་བྱུང་།

འབྲོག་པར་སྐྱེ་ཁམས་ཀྱི་ཁེ་སྤོགས་ལོངས་སྤྱོད་བྱེད་དུ་འཇུག་ཆེད། ཉེ་བའི་ལོ་ཤས་རིང་རྣམ་སྲས་ཡུལ་ཚོས་“དམིགས་བསལ་ལས་གཉེར”སྒྲིག་སྲོལ་འཚོལ་ཞིབ་བྱས་ཏེ། ས་གནས་དེ་གའི་འབྲོག་པར་རང་བྱུང་ཉམས་ལེན་གྱི་སྣེ་ཁྲིད་པའི་འགན་འཁུར་རྒྱུའི་གསོ་སྦྱོང་བྱས་པ་དང་། རང་བྱུང་ཉམས་ལེན་པར་ལམ་ཁྲིད་དེ་རྣམ་སྲས་ཡུལ་ཚོའི་མངའ་ཁོངས་སུ་གསའ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་དང་པར་ལེན་དུ་བཅུག་ནས། ཡོང་འཕར་ཕྱུག་འགྱུར་གྱི་ལམ་བུ་ཆེ་རུ་བཏང་ཡོད།

རྒྱལ་ཁབ་སྤྱི་གླིང་གིས་སྤྱི་དམངས་ཀྱིས་མཉམ་སྐྲུན་དང་མཉམ་སྤྱོད་བྱེད་པའི་ནང་རྐྱེན་རྒྱུན་མཐུད་ངང་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་ཐོན་ཁུངས་རིམ་བཞིན་མང་ཚོགས་ཀྱི“བདེ་སྐྱིད་ལྡན་པའི་བརྟན་འཇགས་རྒྱུ་ནོར”དུ་འགྱུར་བར་བྱས་ཡོད། “ང་ཚོས་སྲུང་སྐྱོབ་ཁྲོད་དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུར་དེ་བས་མཐོང་ཆེན་བྱེད་ཀྱིན་ཡོད”ཅེས་བཤད། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ཀོན་ཀྲི་ཨོའུ་ཡིས་བཤད་རྒྱུར། མིག་སྔར་ས་གནས་ཁག་གིས་ལྗང་མདོག་རིགས་སྒྱུར་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ནང་རྐྱེན་འཚོལ་ཞིབ་བྱས་ཏེ། དམིགས་བསལ་ལས་གཉེར་དང་། སྐྱེ་ཁམས་ཡུལ་སྐོར། རང་བྱུང་སློབ་གསོ། སྤྲོ་གསེང་ཉམས་ལེན་བཅས་ཧུར་ཐག་གིས་སྤེལ་ནས་སྐྱེ་ཁམས་མཛེས་ཤིང་མི་དམངས་ཕྱུག་པོར་འགྱུར་པའི་གཉིས་ཕན་ལམ་བུའི་ཐོག་བསྐྱོད་ཡོད་ཟེར།

                                                                                    རྩོམ་སྒྲིག་པ། གཡང་འབུམ་རྒྱལ།