ལྗང་མདོག་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེས་བཀྲག་མདངས་འཚེར་སར་འགྱུར་བར་བྱེད་དགོས།
2023.12.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

སྐྱེ་ཁམས་བཟང་། ཐོན་ལས་དར།

དགུན་དུས་ཀྱི་མཐོ་སྒང་གི་གྲོང་རྡལ་དུ། ཁ་བ་ཆུང་ཆུང་ཞིག་བབས་རྗེས་གནམ་གཤིས་ཧ་ཅང་ཇེ་འཁྱག་ཏུ་གྱུར།

སྔ་དྲོའི་ཆུ་ཚོད་དགུ་པར། དོན་སྙིང་གལ་ཆེན་ལྡན་པའི་ཚོགས་འདུ་ཞིག་སྟེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་འཚོགས་ཤིང་། ཁུལ་ཏང་ཨུའི་རྒྱུན་ཨུ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཚན་ཁག་གི་ཁོངས་མི། ཁུལ་ཁྲིམས་ཁང་གི་ཡོན་ཀྲང་། ཁུལ་ཞིབ་དཔྱོད་ཁང་གི་འགོ་གཙོ། གྲོང་ཁྱེར་དང་རྫོང་སོ་སོའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ། ཁུལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད།

སྐྱེ་ཁམས་ནི་ཡུས་ཧྲུའུ་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ལ་ཡུས་ཧྲུའུ་ཡི་སྤོབས་པ་དང་ང་རྒྱལ་ཡང་ཡིན། ཚོགས་འདུའི་རྣམ་པ་དེ་ལྟ་བུ་ཞིག་ལས་ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་བཞིན་པ་ར་སྤྲོད་བྱས་ཡོད།

ཡུས་ཧྲུའུ་ཁུལ་ཨུའི་ཧྲུའུ་ཅི་ཚའེ་ཁྲིན་ཡུང་གིས་ཚོགས་འདུའི་ཐོག་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་སྤེལ་བ་དེ་ནི་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱས་པའི་ཆབ་སྲིད་ཀྱི་བརྟག་དཔྱད་ཞིག་ཡིན་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་ཞིག་རེད། རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས“རྒྱལ་ཁབ་ཀྱི་དོན་ཆེན”གྱི་མཐོ་ཚད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ངོས་འཛིན་གལ་ཆེན་བྱས་ཏེ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བར་བསུ་བ་ཞུ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་བླང་བྱ་དཔེ་སྡུར་ཚད་སྡུར་བྱེད་པ་དང་། དག་ཐེར་བྱ་བ་བཀོད་སྒྲིག་གནད་ལ་འཁེལ་བ་དང་། མི་སྣ་བཀོད་སྒྲིག་གནད་ལ་འཁེལ་བ། འགན་འཁྲི་ཏན་ཏིག་བཅས་བྱས་ཏེ། སྒུག་མི་ཉན་པ་དང་དལ་མི་ཆོག་པའི་དགོས་གཏུག་གི་བསམ་པ་དང་འགན་འཁྲིའི་བསམ་པ་བཅངས་ནས། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས་པ་ནན་བཤད་བྱས། ལྟ་ཞིབ་ཚན་ཆུང་གིས་གནད་དོན་ལྡོག་འདྲེན་བྱས་ཏེ་ཁྱོན་ཡོངས་ནས་དང་ལེན་དང་རྩིས་ཐོ་ཆ་ཚང་བསྡུས་པ། གནད་དོན་བཅོས་སྒྲིག་བྱས་པ་བརྒྱུད་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་ཏན་ཏིག་ངང་བསྒྲུབས་དགོས་པ་དང་། ཏང་ཀྲུང་དབྱང་དང་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་སྤྲོད་དགོས།

“ཧྲུའུ་ཅིས་སྣེ་ཁྲིད་བྱས་པས་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།” ཚོགས་ར་ནས་ཕྱིར་བུད་རྗེས། ཚོགས་ཞུགས་པས་ཐེངས་འདིའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་བ་མཚོ་སྔོན་དུ་བཅའ་སྡོད་ལྟ་ཞིབ་བྱེད་པར་བསྐྱོད་པ་དེ་ཡུས་ཧྲུའུ་ཡི་ངོས་ནས་བརྗོད་ན། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པའི་མཛུབ་ཁྲིད་གལ་ཆེན་དང་སྐུལ་ལྕག་ནུས་ལྡན་ཞིག་ཡིན་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི“ཁྱོན་ཡོངས་ཞིབ་བཤེར”དང“གནད་དོན་ཞིབ་བཤེར”ཞིག་ཀྱང་ཡིན་པས། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས། རང་འགུལ་ངང་ལྟ་ཞིབ་དང་ལེན་དང་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ཏེ། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་བརྟན་བརླིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད།

ད་ལྟ། འབྲི་ཆུའི་འགྲམ་རྒྱུད་ནས་ཡུས་ཧྲུའུ་གྲོང་ཁུལ་དུ་སྐྱོད་སྐབས། ལམ་གྱི་གཡས་གཡོན་དུ་ལྗོན་ཤིང་སྣ་ཚོགས་ཀྱིས་ཚོན་མདངས་རྣམ་པར་བཀྲ་ལ། དཔལ་ཐང་རྒྱལ་ཁབ་བརླན་སའི་སྤྱི་གླིང་དང་། ད་དུང་ཆེ་ཆུང་གྲངས་ལས་འདས་པའི་ནགས་ས་དང་བརླན་ས་ཡོད་པས། དེ་དག་ནི་ཡུས་ཧྲུའུ་གྲོང་ཁྱེར་གྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཁུལ་དུ་གྱུར་ཡོད་པ་མ་ཟད། གྲོང་མི་ཚོར་སྤྲོ་གསེང་བྱེད་ས་ཡག་པོ་ཞིག་འདོན་སྤྲོད་བྱས་ཡོད།

“དེ་སྔོན་གྱི་ཡུས་ཧྲུའུ་གྲོང་ཁུལ་དང་ད་ལྟ་དངོས་གནས་བསྡུར་ཐབས་མེད། ཉེ་བའི་ལོ་འགའི་རིང་ལ། ཡུས་ཧྲུའུ་གྲོང་ཁྱེར་གྱི་མི་རེའི་ཆ་སྙོམས་ཀྱི་སྤྱི་པའི་སྔོ་སའི་རྒྱ་ཁྱོན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ལྗང་བསྒྱུར་གྱི་ཁྱབ་ཚད་སྔར་ལས་ཇེ་མཐོར་སོང་ནས23.06%ཟིན་ཡོད། གྲུབ་འབྲས་འདི་ལྟ་བུ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་མཛུབ་ཁྲིད་དང་རོགས་རམ་དང་ཁ་འབྲལ་ཐབས་མེད།” ཡུས་ཧྲུའུ་གྲོང་ཁུལ་གྱི་ལོ་འདི་དག་རིང་གི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བའི་སྐོར་གླེང་སྐབས། ཡུས་ཧྲུའུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ཉིན་ཞང་གིས་གདོང་ལ་དགའ་བའི་འཛུམ་མདངས་ཀྱིས་ཁེངས་ཡོད།

གཟའ་མཇུག་ཏུ་གྲོང་མི་མི་ཉུང་བ་ཞིག་ཡུས་ཧྲུའུ་གྲོང་ཁྱེར་གྱི་མཛེས་ལྗོངས་ལ་བལྟ་སའི་རི་རྩེར་འཛོམས་ནས་དགུན་དུས་ཀྱི་མཛེས་ལྗོངས་ལ་ལྟ་སྐོར་དང་པར་ལེན་གྱིན་ཡོད། གྲོང་མི་ཀརྨ་བཀྲ་ཤིས་ཀྱིས་བཤད་རྒྱུར།“ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པ་མཚོ་སྔོན་དུ་ལྟ་ཞིབ་བྱེད་པར་ཡོང་བའི་གནས་ཚུལ་ཤེས་རྗེས། ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། འདི་ནི་དམངས་སེམས་ཐོབ་པའི་བྱ་བ་བཟང་པོ་ཞིག་རེད། ལྟ་ཞིབ་ཚན་ཆུང་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་དེ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་འབུར་ཐོན་གྱི་ཁོར་ཡུག་གི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཚེ། གཞི་རིམ་མང་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱ་བ་བློ་ཡིད་ཚིམ་ཚད་ཆེ་རུ་འགྲོ་ཐུབ་པ་མ་ཟད། ང་ཚོ་ནི་ཁོར་ཡུག་སྲུང་སྐྱོབ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་དང་རང་འགུལ་ངང་ཟབ་ཞུགས་བྱེད་མཁན་དུ་འགྱུར་ཐུབ་ངེས་རེད”ཟེར།

ད་ལྟ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མི་སེམས་སུ་དངོས་གནས་ཟུག་ཡོད་ལ། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དེ་ཡུས་ཧྲུའུ་པ་ཚང་མའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།

ཡུས་ཧྲུའུ་ཁུལ་སློབ་འབྲིང་གི་དགེ་རྒན་བསམ་འགྲུབ་དཔལ་མོ་ཡིས་བཤད་རྒྱུར།“མིག་ལ་སྲུང་སྐྱོབ་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་པ་དེ་ནི་འབོད་ཚིག་ཅིག་གཏན་ནས་མིན་པར། ང་ཚོའི་སེམས་ནང་གི་དད་སེམས་ཤིག་ཏུ་གྱུར་ཡོད། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ཀྱི་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བྱས་པ་དང་བསྟུན་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་མཐོར་ཕྱིན་ཡོད། ཚང་མས་ཐུན་མོང་གིས་འབད་བརྩོན་བྱས་ན། ང་ཚོའི་འཚོ་བའི་ཁོར་ཡུག་ཉིན་རེ་ལས་ཉིན་རེར་ཇེ་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།