གཙང་པོ་གཅིག་གི་ཆུ་དྭངས་མོར་སྲུང་སྐྱོབ་བྱས་ནས་གསེར་མདོག་གི་ཕ་ས་བརླན་པར་བྱེད་དགོས།
2023.12.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 2

ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན་གྱི་ས་རུབ་ཁར། གྲོང་མི་བཀྲ་ཤིས་དོན་གྲུབ་ཀྱིས་དགོང་ཟོས་རོལ་རྗེས། ཐད་ཀར་དུ་རོང་བོ་དགུ་ཆུའི་འགྲམ་རྒྱུད་ཀྱི་ཤིང་གི་བགྲོད་ལམ་སྟེང་འཆམ་འཆམ་དུ་ཕྱིན། "ཉེ་བའི་ལོ་ཤས་རིང་། རོང་བོ་དགུ་ཆུ་བཅོས་སྐྱོང་བྱས་ནས་སྔར་ལས་ཇེ་གཙང་དུ་གྱུར་བ་དང་། སྔར་ལས་ཇེ་མཛེས་སུ་གྱུར་ཡོད་ལ། ཆུ་འགྲམ་གྱི་ཤིང་གི་བགྲོད་ལམ་ནི་ང་ཚོ་དུས་རྒྱུན་འཆམ་འཆམ་བྱེད་སའི་ས་ཆ་ཡག་པོ་ཞིག་རེད། "དུས་ཡུན་ཐུང་ཐུང་ལོ་འགའི་ནང་། རོང་བོ་དགུ་ཆུའི་སྐྱེ་ཁམས་བཅོས་སྐྱོང་བཟོ་སྐྲུན་ལག་བསྟར་བྱས་པ་དང་། དེས་དགུ་ཆུ་སྔར་ལས་ཇེ་དྭངས་སུ་གྱུར་པ་ལས་གཞན། མཚོ་དཀྱིལ་གླིང་ཕྲན་དང་། ལྗོངས་རྒྱུའི་བགྲོད་ལམ། བསིལ་ཁང་སོགས་འཛུགས་སྐྲུན་བྱས་པ་བརྒྱུད། གྲོང་མི་རྣམས་ཀྱིས་ཟ་མ་ཟས་རྗེས་འཆམ་འཆམ་བྱེད་སའི་གནས་མཆོག་ཅིག་ཏུ་གྱུར་ཡོད་པ་རེད།

"སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ཕན་གྱི་དམངས་ཚིས་བདེ་སྐྱིད་ཅིག་རེད། སྐད་ཆ་དེ་བཤད་པ་ཤིན་ཏུ་ལེགས། ལོ་འདི་དག་གི་རིང་ལ། སྲིད་གཞུང་གི་སྲུང་སྐྱོབ་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་གྱི་ཤུགས་ཚད་ཤིན་ཏུ་ཆེ་བས། ང་ཚོ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་བྱུང་བ་དང་། སྐྱིད་སྣང་སྔར་ལས་ཇེ་ཆེར་སོང་ཡོད"ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་དེ་ལྟར་བཤད། ཉེ་ལམ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་མཚོ་སྔོན་དུ་བཅའ་སྡོད་བྱས་པ་དེ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྔར་ལས་སྐུལ་འདེད་གཏོང་བའི་གོ་སྐབས་བཟང་པོ་ཞིག་ཡིན་པས། དེ་ནི་མ་ཡུམ་གཙང་པོའི་འགྲམ་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་འགྲོ་བའི་གོ་སྐབས་ཤིག་ཏུ་གྱུར་ཡོད་པ་རེད།

རོང་བོ་དགུ་ཆུ་ནི་རྨ་ཆུའི་རིམ་པ་དང་པོའི་ཡན་ལག་ཆུ་རྒྱུན་ཡིན་པ་དང་། དགུ་ཆུ་ལྷོ་ཕྱོགས་སུ་བཞུར་ནས་བཞུར་རྒྱུད་ཀྱི་ཞིང་སར་ཆུ་འདྲེན་པ་དང་། ཚེ་སྲོག་གསོ་སྐྱོང་། རིག་གནས་གསོ་སྐྱོང་། དཔལ་ཡོན་གསོ་སྐྱོང་བཅས་བྱས་མཐར་རོང་བོ་འགག་བརྒྱུད་དེ་རྨ་ཆུའི་ནང་དུ་འདྲེས་པ་རེད།

སྔོན་ཆད་ཀྱི་དུས་སྐབས་ཤིག་གི་རིང་ལ། ཐུན་རིན་གྱི་མི་རེ་རེའི་ཐུན་མོང་གི་དྲན་ཤེས་ནང་དུ། མ་གཞི་རོ་མངར་ལ་ཞིམ་པའི་དགུ་ཆུ་དེ་ཕལ་ཆེར"བཙོག་པ"དང་"སྐམ་པའི"་ཚབ་མིང་ཞིག་ཏུ་གྱུར་ཡོད། རོང་བོ་དགུ་ཆུའི་འགྲམ་རྒྱུད་ཀྱི་གྲོང་རྡལ་གྱི་ཆུ་ལམ་དང་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་རྦད་དེ་ལེགས་བཅོས་གཏོང་ཆེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱིས་དགུ་ཆུའི་སྐྱེ་ཁམས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་། གསར་དུ་འཛུགས་སྐྲུན་དང་ཆུ་རགས་བརྟན་པོར་བརྩིགས་པ་དེས་ཆུ་ལམ་གཤོང་བ་དང་ཆུ་འགོག་ཆུ་རགས་བཀོད་སྒྲིག་བྱས་པས། བྱེད་ཐབས་རབ་དང་རིམ་པས་གནས་འདིའི་སྐྱེ་ཁམས་བརླན་སའི་བྱེད་ནུས་སླར་གསོ་བྱས་པ་དང་། གྲོང་ཁྱེར་ལ་མུས་གྲུ་བཞི་མ་འབུམ་གསུམ་དང་ཁྲི་དགུ་ཡི་ཆུ་ངོས་རྒྱ་ཁྱོན་གསར་དུ་ཁ་སྣོན་བྱས།

ད་ལྟ། ཁྱེད་རང་གལ་ཏེ་གནའ་གྲོང་རོང་བོ་རུ་སླེབས་ནས་རོང་བོ་དགུ་ཆུའི་ཆུ་འགྲམ་དུ་འཆམ་འཆམ་ལ་སོང་ན། ཁྱེད་ཀྱིས་དེའི་དྭངས་གཙང་གི"གཟུགས་བྱད"དང་འགྲམ་གཉིས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་ཧ་ལས་སྲིད།

དགུན་ཁའི་ས་སྲོད་དུ། འཇམ་མཉེན་གྱི་གློག་འོད་ལྷིང་འཇགས་ཀྱི་ཆུ་ངོས་སུ་འཕྲོས་པ་ན། ཤར་ནུབ་གཉིས་སྦྲེལ་བའི་རེབ་གོང་ཟམ་ཆེན་དང་། ངོགས་གཉིས་སྦྲེལ་བའི་ཁང་པིན་ཟམ་པ། གོང་ཨན་ཟམ་པ། ད་དུང་བསིལ་ཁང་དང་། ཆུ་བོའི་འགྲམ་གྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་། རོང་བོའི་སྲང་ལམ་རྙིང་པ་བཅས་ཡོད། དྭངས་ཤིང་གཙང་བའི་ཆུ་བོ་དང་། ཆུ་བོ་རྒྱུག་པ། ཡུལ་ལྗོངས་མཛེས་པའི་རི་མོ་གསར་རྐྱང་ཞིག་གིས་མི་རྣམས་ལ་བརྗེད་ཐབས་མེད་པའི་ཕྱིར་དྲན་རིང་མོ་ཞིག་བསྐྱལ་ཡོད།

"ཆུ་ནི་གྲོང་ཁྱེར་གྱི་བླ་སྲོག་ལྟ་བུ་ཡིན་པ་དང་། སྤུས་ལེགས་ཀྱི་ཆུའི་སྐྱེ་ཁམས་དང་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གིས་གྲོང་ཁྱེར་གྱི་གནས་བབ་དང་ནང་དོན་མཐོར་འདེགས་གཏོང་ཆོག་པ་རེད། རོང་བོ་དགུ་ཆུ་བཅོས་སྐྱོང་བྱེད་པ་དེ་ནི་ཏང་ཨུ་དང་སྲིད་གཞུང་གི་ནུས་ཤུགས་ཡོད་རྒུ་བཏོན་པའི་ལག་ལེན་དང་ཁ་འབྲལ་ཐབས་མེད་ལ། གྲོང་ཁྱེར་སྡོད་དམངས་ཚང་མས་བློ་གཅིག་སེམས་གཅིག་གིས་རྒྱབ་སྐྱོར་བྱས་པ་དང་ཁ་འབྲལ་ཐབས་མེད"ཅེས་ཐུན་རིན་གྲོང་ཁྱེར་ཆུ་བེད་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་དེ་ལྟར་མཚམས་སྦྱོར་བྱས་པ་དང་། རོང་བོ་དགུ་ཆུའི་ཆུའི་སྐྱེ་ཁམས་བཅོས་སྐྱོང་གི་བཟོ་སྐྲུན་གྱི་ཐོག་མའི་དུས་སྐབས་སུ་ཕྱོགས་མང་པོའི་གནད་དོན་མང་པོར་འཕྲད་ཀྱང་། རིམ་པ་སོ་སོའི་སྲིད་གཞུང་དང་ཆུ་བོའི་འགྲམ་རྒྱུད་ཀྱི་གྲོང་ཁྱེར་སྡོད་དམངས་ཀྱི་རྒྱབ་སྐྱོར་འོག་ཏུ། བཟོ་སྐྲུན་བདེ་བླག་གིས་ལག་བསྟར་བྱས་པ་དང་། ཆུ་བོའི་བཞུར་རྒྱུད་ཀྱི་སྐྱེ་སྟོབས་སླར་གསོ་བྱུང་ཞིང་། རྣམ་པ་གསར་བར་གྱུར་ཡོད།

སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ལེགས་བཅོས་བྱུང་བ་དང་བསྟུན་ནས། རོང་བོ་དགུ་ཆུའི་འགྲམ་གཉིས་ཀྱི་སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་བ་དང་། ཐོབ་སྣང་དང་། སྐྱིད་སྣང་རང་ཤུགས་སུ་སྐྱེས་བཞིན་ཡོད།  "རོང་བོ་དགུ་ཆུ་དྭངས་མོ་དང་མཛེས་སྡུག་ལྡན་པར་གྱུར་བ་དང་། འགྲམ་གཉིས་ཀྱི་ཁོར་ཡུག་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་གྱུར་ཅིང་། སྤྱི་གླིང་དང་། ཐང་ཆེན་སོགས་ངལ་གསོ་ས་དང་སྒྲིག་ཆས་སྔར་ལས་འཐུས་སྒོ་ཇེ་ཚང་དུ་ཕྱིན་པས། ང་སེམས་གཏིང་ནས་དགའ་སྤྲོ་སྐྱེས"ཞེས་བཤད། ཉིན་འདི་དག་གི་ནང་། ཐུན་རིན་གྲོང་ཁྱེར་གྱི་ལས་བྱེད་པ་རྟ་མགྲིན་གྱིས་ལས་གྲོགས་ཚོ་དང་མཉམ་དུ་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་བས་མཚོ་སྔོན་ཞིང་ཆེན་གྱི་སྐུལ་སློང་ཚོགས་འདུའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་རྗེས་བཤད་རྒྱུར། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་བཅའ་སྡོད་བྱས་པ་དེས་མི་ཚང་མ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཕྲོད་བསྟེན་བཅོས་སྒྲིག་ནང་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱས་པ་དང་། ང་རང་ཐུན་རིན་གྲོང་ཁྱེར་གྱི་མི་ཞིག་ཡིན་པ་དང་། ལྷག་པར་དུ་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ངས་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག་མི་སྔར་ལས་མང་པོ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ནང་དུ་ཞུགས་པར་སྐུལ་སློང་བྱས་ནས་ནམ་མཁའ་སྔར་ལས་སྔོ་ཞིང་། ས་གཞི་སྔར་ལས་ལྗང་ལ། ཆུ་མོ་སྔར་ལས་དྭངས་སུ་འཇུག་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།