སེམས་ཤུགས་གཅིག་སྒྲིལ་གྱིས་གཙང་པོའི་མགོ་ཁུངས་ཀྱི་ལྟ་སྲུང་པ་བཟང་པོ་བྱེད།
2024.01.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 3

“ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ངེད་ཚང་གི་ས་ཐོག་ཏུ་ཐོན་པས། གནད་དོན་མྱུར་དུ་ཐག་བཅད་སོང་།”ལོ་བཞིའི་གོང་གི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས། འབྲོག་པ་ཐུབ་བསྟན་ཉི་མས་སྔར་བཞིན་ལག་ཟུང་གིས་བསྟོད་པའི་མཐེ་བོང་བསྒྲེངས་ཏེ། ངག་ནས་ཐུགས་རྗེ་ཆེ་དང་བསྔགས་བརྗོད་ཀྱི་སྐད་ཆ་ཡང་ཡང་བཤད་བཞིན་མཆིས།

2019ལོའི་ཟླ5པར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་རྩྭ་ས་བཀོལ་སྤྱོད་བྱེད་ཚད་མཐོ་རུ་གཏོང་བའི་ཆེད་དུ། དགུ་ཆུའི་བག་མ་སྡེ་བའི་མཚམས་ཀྱི་སྒོ་བརྒྱབ་ཟིན་པའི་བྱེ་ར་དེའི་དེ་སྔའི་གནས་ཡུལ་དུ་སྡོང་ཕྲུག་ར་བ་བསྐྲུན་མགོ་ཚུགས། རྒྱུ་མཚན་ནི་འཛུགས་སྐྲུན་སྡེ་ཁག་གིས་འཛུགས་སྐྲུན་བྱེད་རིང་ས་མཚམས་དབྱེ་བ་གསལ་པོ་ཕྱེ་མེད་པ་དང་། ཆུ་ལམ་མུའུ་གཅིག་ཙམ་བདག་བཟུང་བྱས་པས། ཆུའི་ཕར་ངོགས་ཀྱི་རྩྭ་ས་ཆུས་བཤལ་འཁྲུད་བཏང་ནས། ཐུབ་བསྟན་ཉི་མ་ཚང་གི་ཆུ་རྒྱུད་འགྲམ་དུ་ཡོད་པའི་ས་མུའུ་གསུམ་གྱི་རྩྭ་ས་ཆུས་བསྣུབས་པ་རེད།

“སྐབས་དེར་ངའི་བསམ་པར་ཆུ་བོ་སྐབས་ཐོག་ཏུ་རྒྱས་པ་ཡིན་གྱི། ཆར་ཆུ་ཉུང་དུ་ཕྱིན་ཚེ་ཆུ་ཡང་བཞུར་འགྲོ་བ་རེད་བསམས་ནས། དོ་སྣང་དེ་ཙམ་མ་བྱས”ཟེར། འོན་ཀྱང་ཐུབ་བསྟན་ཉི་མའི་བསམ་ཡུལ་ལས་འདས་པ་ཞིག་ནི2019ལོའི་ཟླ8པའི་ཚེས2ཉིན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་དྲུག་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྐོར་གཉིས་པའི་ལས་དོན་མི་སྣས་དགུ་ཆུ་དེད་དེ་ལྟ་ཞིབ་བྱེད་སྐབས་གནད་དོན་དེ་ཤེས་རྟོགས་བྱུང་བར་མ་ཟད། རང་འགུལ་གྱིས་ཁོ་རང་བཙལ་ནས་གནས་ཚུལ་ལ་རྒྱུས་ལོན་བྱས། ཟླ་ཕྱེད་ཙམ་སོང་རྗེས་ཆུ་ལམ་གྱི་དེ་སྔའི་རྣམ་པ་སླར་གསོ་བྱུང་བ་དང་ཆུས་བསྣུབས་པའི་རྩྭ་ཐང་ལ་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་སོང་།

རྨ་ཆེན་རྫོང་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས2020ལོར་དཔར་འགྲེམས་བྱས་པའི《རྨ་ཆེན་རྫོང་གི་རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཨང16པའི་གནད་དོན་བཅོས་སྐྱོང་དཔྱད་ཡིག་ཕྱོགས་བསྒྲིགས》ནང་། གསར་འགོད་པས་ཐུབ་བསྟན་ཉི་མས་སྡེ་བའི་ལས་བྱེད་པའི་རོགས་རམ་འོག་སྐབས་དེ་དུས་ཀྱི་ལྟ་ཞིབ་ཚན་ཆུང་ལ་བྲིས་པའི་ཡིག་འབྲུ་བརྒྱ་ལྷག་ཙམ་གྱི་ཡི་གེ་ཞིག་མཐོང་བྱུང་། ཁོས“ང་ཐེངས་འདིའི་བཅོས་སྐྱོང་ལ་ཧ་ཅང་ཡིད་ཚིམས་ཡོད”ཅེས་བཤད་ཡོད་ལ། དེ་ནི་ཐུབ་བསྟན་ཉི་མས་ལྟ་ཞིབ་ཚན་ཆུང་ལ་བྲིས་པའི་མཇུག་མཐའི་སྐད་ཆ་རེད།

སྟབས་བདེའི་ཡིག་འབྲུ་བཅུ་གཅིག་པོ་དེའི་ནང་དུ་ཐུབ་བསྟན་ཉི་མའི་བཀའ་དྲིན་ཚོར་བའི་བསམ་པ་འདུས་ཡོད་པར་མ་ཟད། ཁོས་རང་འགུལ་ངང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ཀྱང་མཚོན་ཡོད། 2019ལོ་ནས་བཟུང་། ཐུབ་བསྟན་ཉི་མས་ཉིན་ལྟར་ཕྱུགས་ཟོག་འཚོ་ཞོར་གད་སྙིགས་བཏུས་ནས་རང་འགུལ་ངང་ཆུ་འགྲམ་དུ་སྐོར་སྲུང་བྱེད་པའི་གོམས་གཤིས་ཤིག་ཆགས་ཡོད། ཁོས་རྒྱུན་དུ“ལྟ་ཞིབ་ཚན་ཆུང་གི་མི་ཡང་ངེད་ཚང་གི་ས་ཐོག་ཏུ་ཡོང་ནས་རྩྭ་ཐང་སྲུང་སྐྱོབ་བྱས་ན། གནས་འདི་ནས་འཚོ་བ་རོལ་བའི་ང་ལྟ་བུ་ཞིག་ལ་མཚོན་ན་དེ་བས་ཀྱང་རང་རྟོགས་ལྡན་དགོས”ཟེར།

“གཙང་པོའི་མགོ་ཁུངས་ཀྱི་སྲུང་སྐྱོབ”ལས་དོན་ཡག་པོར་བསྒྲུབ་རྒྱུ་དེ་ཡུལ་དེ་གའི་འབྲོག་པ་རྣམས་ཀྱིས་རང་འགུལ་ངང་ཁུར་བའི་འགན་འཁྲི་ཞིག་ཏུ་གྱུར་ཡོད། རྨ་ཆེན་རྫོང་དུ་མི་སྟོང་གཉིས་དང་སུམ་བརྒྱ་ལྷག་གི་སྐྱེ་ཁམས་བདག་སྐྱོང་པའི་དཔུང་སྡེ་ཡོད་པར་མ་ཟད། ཁོངས་གཏོགས་ཀྱི་སྡེ་བ་སོ་ལྔ་ཡི་སྡེ་ཁུལ་བརྒྱད་དུ་ད་དུང་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཚན་ཆུང་བཙུགས་ཏེ། རང་ཁྱིམ་གྱི་སྒོ་འགྲམ་ནས་གད་སྙིགས་གཙང་སེལ་དང་རི་ཀླུང་སྲུང་སྐྱོབ་བྱེད་པའི་བར་རྫོང་ཡོངས་ཀྱི་མི་ཁྲི་བཞི་དང་སྟོང་བརྒྱད་ལྷག་ཡོད་པ་ལས་མང་ཆེ་བ“སྐྱེ་ཁམས་སྲུང་སྐྱོབ”ནང་ཞུགས་མཁན་དུ་གྱུར།

ཟླ11པའི་ཚེས26ཉིན། རྨ་ཆེན་རྫོང་སྡོམ་ཁོག་ཡུལ་ཚོ་སྡོམ་ཁོག་སྡེ་བའི་འབྲོག་པ་བྱམས་པ་ཚེ་བརྟན་གྱིས་སྦྲ་གུར་ལ་ཞིབ་བཤེར་བྱས་ནས་རྩམ་པ་དང་ཤ་སྐམ་གྲ་སྒྲིག་བྱེད་བཞིན་ཡོད་ལ། དེ་ནི་ཉིན་གཉིས་ཀྱི་རྗེས་སུ་སླར་ཡང་འཕྲུལ་རྟར་བཞོན་ནས་རི་མགོར་སྐོར་སྲུང་བྱེད་དུ་འགྲོ་ཆེད་རེད། བྱམས་པ་ཚེ་བརྟན་གྱིས“སྐྱེ་ཁམས་ལ་སྲུང་སྐྱོབ་ཡག་པོ་བྱས་ཚེ་ང་ཚོའི་རྩྭ་ཐང་ཡག་པོ་ཡོང་བ་དང་། སྒོ་ཕྱུགས་ལ་ཤ་ཤེད་རྒྱས་ཤིང་། ང་ཚོའི་འཚོ་བའང་ཇེ་བཟང་དུ་འགྲོ་རྒྱུ་རེད། རྩྭ་ཐང་དུ་ཡོང་ནས་ང་ཚོའི་ཁོར་ཡུག་སྔར་ལས་ཇེ་ཡག་ཏུ་སོང་བ་དང་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་ཕྱིན་པའི་གནས་ཚུལ་ལ་ལྟ་རུ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན”ཟེར།

ཡང་བསྐྱར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས“ལྟ་བཤེར”བྱེད་པར་ཁ་གཏད་དེ། རྨ་ཆེན་རྫོང་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་འཕྲིན་ལས་རྒྱ་མཚོས“ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་ནི་རྨ་ཆེན་རྫོང་གི་ངོས་ནས་བརྗོད་ན་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་འདྲ་བས། དམངས་ཚིས་བདེ་སྐྱིད་དང་འབྲེལ་བ་ཡོད། ང་ཚོས་ལྟ་ཞིབ་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་གནད་དོན་མི་ལྷག་པ་དང་འགན་འཁྲི་མི་གཡོལ་བར་ལས་དོན་རེ་རེར་འབབ་ས་ཡོད་པ་དང་། ཕན་འབྲས་ཐོན་པར་བྱ་རྒྱུ་ཡིན། མང་ཚོགས་ཀྱི་ཉེ་འགྲམ་དུ་གནས་པའི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་གནད་དོན་མངོན་གསལ་ཐག་གཅོད་བྱ་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ལ་བློ་ཡིད་ཚིམས་པའི་རྒྱུགས་ཤོག་ཅིག་སྤྲོད་རྒྱུ་ཡིན་ལ། མི་དམངས་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་ལེགས་པོའི་ཁྲོད་སྔར་ལས་མང་བའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་ཐོབ་ཏུ་འཇུག་རྒྱུ་ཡིན”ཟེར།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།