སྐྱེ་ཁམས་ལ་བརྟེན་པའི་བདེ་སྐྱིད་ཀྱི་འཚོ་བ།
2024.01.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་བྱ་ཆུ་ཁྲོམ་གཞུང་སྐར་མདའ་སྡེ་བ་ནི་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཆུ་ཁུངས་གཙོ་བོ་སྟེ་བྱ་ཆུ་མགོ་ཁུངས་སུ་ཆགས་ཡོད་པ་དང་། ཡུས་ཧྲུའུ་གྲོང་ཁྱེར་དང་ཐག་ཉེ་བའི་མཐོ་སྒང་གི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་ཡིན། སྡེ་བའི་རི་ལུང་ཀུན་ཏུ་ཆུ་མགོ་བརྒྱ་ལྷག་ཡོད་པས་གནས་དེའི་མི་རྣམས་ཀྱིས་ཆུ་མིག་སྟོང་ལ་སྲུང་སྐྱོབ་བྱེད་ཡུལ་ཅེས་འབོད་ཀྱིན་ཡོད།     དེར་བརྟེན་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཁྲོད་འཕེལ་རྒྱས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་ཁྲོད་དུ་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་ནི་སྐར་མདའ་སྡེ་བའི་ལྡོག་མེད་ཀྱི་གདམ་ག་དང་ངེས་བརྒྱུད་ཀྱི་ལམ་བུ་ཞིག་རེད།

ངའི་མིང་ལ་བཀྲ་ཤིས་ཚེ་རིང་ཟེར།   ད་ལོ་ལོ་ཉེར་དགུ་ཡིན། ང་རང་ཆུང་དུས་ནས་བཟུང་སྤོ་བོ་དང་རྨོ་བོ་གཉིས་ཀྱིས་སྡེ་མི་རྣམས་ཀྱིས་རི་བོར་གོང་བཀུར་དང་ཆུ་མོར་སྲུང་སྐྱོབ་བྱས་པའི་སྐོར་གྱི་གཏམ་རྒྱུད་བཤད་པར་ཉན་མྱོང་།  ད་ལྟ་ཡང་ད་དུང་སྐབས་དེར་རྒན་པ་ཚོ་རྟ་ལ་བཞོན་ནས་ང་རང་རུ་ཆུར་སྐོར་བར་ཁྲིད་པའི་རྣམ་པ་དེ་དྲན་གྱི་འདུག     ད་ལྟ་རྟ་ལ་ཞོན་ནས་ཡུལ་སྐོར་སྣེ་ཤན་བྱེད་བཞིན་ཡོད་པས་ངའི་འཚོ་བའི་ཡོང་སྒོ་དེ་སྔར་ལས་ཇེ་མང་དུ་སོང་ཡོད་པར་མ་ཟད།  ཕ་ཡུལ་གྱི་སྐྱེ་ཁམས་ཀྱི་མཛེས་སྡུག་ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་པའི་ཞོར་དུ་ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་རང་གི་ནུས་པ་ཅུང་ཟད་འདོན་ཐུབ་ཀྱི་ཡོད་པས། ང་རང་གིས་དེ་ནི་དོན་སྙིང་ལྡན་པའི་བྱ་བ་ཞིག་ཏུ་བསམ་བཞིན་ཡོད།

2017ལོར།  སློབ་ཆེན་སློབ་མཐར་མ་ཕྱིན་གོང་ང་རང་སྡེ་བའི་ནང་གི་སྐྱེ་ཁམས་རྟ་པ་རུ་ཁག་གི་གྲས་སུ་ཞུགས་ནས་སྐྱེ་ཁམས་ཡུལ་སྐོར་གྱི་སྣེ་ཤན་པ་ཞིག་བྱས་པ་ཡིན།  དེ་ནི་རང་གི་འཚོ་བ་དང་འབྲེལ་བའི་བྱ་བ་ཞིག་ཡིན་པར་མ་ཟད།  ཕ་ཡུལ་གྱི་སྐྱེ་ཁམས་མཛེས་པ་དེ་མི་སྔར་ལས་མང་པོ་ཞིག་ལ་ངོ་སྤྲོད་བྱེད་ཐུབ་པ་དང་།  ང་ཚོའི་སྐྱེ་ཁམས་ཀྱི་འདུ་ཤེས་དེ་ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱས་ནས་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྔར་ལས་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི་ང་ཚོའི་རེ་སྨོན་བྱེད་ས་དེ་ཡིན།   རི་བོ་མཛེས་ཤིང་ཆུ་མོ་དྭངས་པ། སེམས་ཁམས་སྐྱིད་པ་བཅས་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གསེར་རི་དངུལ་རིར་དངོས་སུ་འགྱུར་བར་བྱེད་རྒྱུ་དེ་ནི་ང་ཚོའི་རུ་ཁག་འདི་ལ་སྐྱེ་ཁམས་རྟ་པའི་རུ་ཁག་ཟེར་བའི་དོན་སྙིང་ངོ་མ་དེ་ཡིན།

མིག་སྔར་སྐྱེ་ཁམས་རྟ་པའི་རུ་ཁག་དེ་ལ་ཁོངས་མི་ཉི་ཤུ་ལྷག་ཙམ་དང་རྟ་བཞི་བཅུ་ཙམ་ཡོད།   ང་ཚོའི་སྐྱེ་ཁམས་རྟ་པའི་རུ་ཁག་འདི་བཙུགས་པ་ནས་བཟུང་།  རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ནས།  ཕ་ཡུལ་དུ་རང་བརྟེན་རང་འཕེལ་གྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་འབྱུང་རྒྱུ་དེ་དམིགས་ཡུལ་དུ་བཟུང་ཡོད།    ང་ཚོའི་རུ་ཁག་ནི་ཚོང་ལས་རང་བཞིན་གྱི་ཡུལ་སྐོར་སྣེ་ཤན་པ་གཞན་དག་དང་མི་འདྲ་བར།    ང་ཚོས་ཡུལ་སྐོར་བར་སྣེ་ཤན་བྱེད་དུས་འགྱིག་ཤོག་ཁུག་མ་སོགས་འགྱིག་རྫས་གང་ཡང་འཁྱེར་མི་ཆོག་པ་དང་། ཡུལ་སྐོར་བར་གད་སྙིགས་རིགས་ཁག་བགོས་ཀྱིས་རང་རང་གི་གད་སྙིགས་སྣ་ཚོགས་གད་སྙིགས་སྣོད་དུ་ལྡུག་ཏུ་འཇུག་པ་དང་།   ཡུལ་སྐོར་གྱི་ལམ་དུ་ཡུལ་སྐོར་པས་ས་གནས་མི་དམངས་མང་ཚོགས་ཀྱི་ཡུལ་སྲོལ་རིག་གནས་དང་གོམས་སྲོལ་ལ་བརྩི་འཇོག་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད།

2023ལོར།  ང་ཚོས་ཕྱི་ཕྱོགས་ཀྱི་ཡུལ་སྐོར་བ60ལྷག་ཙམ་ལ་སྣེ་ལེན་བྱས་པ་ཡིན། མགྲོན་པོ་མང་པའི་དུས་ཚིགས་སུ་ང་ལ་སྐྱེ་ཁམས་སྣེ་ཤན་ཕྱོགས་ཀྱི་ཡོང་སྒོ་ཆ་སྙོམས་ཀྱིས་ཟླ་རེར་སྒོར་མོ་ཉིས་སྟོང་རེ་ཡོད་པས་སྔོན་ཆད་དང་བསྡུར་ན་ཡོང་འཕར་ཆེན་པོ་འདུག    ཞིང་ཆེན་གྱིས་ད་དུང་རྒྱ་གྲམ་དམར་པོའི་བྱམས་བརྩེའི་ཁྱིམ་གཞིས་ལས་གཞི་དེ་ང་ཚོའི་སྡེ་བར་བཞག་སྟེ། ཆུ་མགོའི་རིག་གནས་སྲུང་སྐྱོབ་སྐྱེ་ཁམས་རྟ་པའི་མཐུན་ཚོགས་བཙུགས་པ་དེས་ང་ཚོས་ཕ་ཡུལ་གྱི་ཆུ་མགོར་སྐོར་གཡེང་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཁྲོད་ཞུགས་ཚད་དེ་སྔར་ལས་མཐོ་རུ་ཕྱིན་ཡོད།

དར་རྒྱས་དང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ། ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་སྡེ་བའི་ནང་གི་མི་ཚང་མའི་རྩ་བ་ཟབ་ཅིང་རྨང་གཞི་བརྟན་པའི་རང་རྟོགས་འདུ་ཤེས་ཤིག་ཏུ་གྱུར་ཡོད། ད་ལྟ་ས་གནས་སོ་སོའི་ཡུལ་སྐོར་བ་ཚོར་འབྲོག་པའི་འཚོ་བ་ཇི་མ་ཇི་བཞིན་ཉམས་ལེན་དང་འབྲོག་པའི་རིག་གནས་ཤེས་རྟོགས་བྱེད་དུ་འཇུག་པ་དང་ཆབས་ཅིག  ངས་དུས་དང་རྣམ་པ་ཀུན་ཏུ་ཡུལ་སྐོར་བར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ། རང་བྱུང་ཁམས་ཆེན་མོར་གོང་བཀུར་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་མི་སྔར་ལས་མང་བའི་སེམས་སུ་འཛིན་པར་སྐུལ་སློང་བྱེད་བཞིན་ཡོད།  ཡུལ་སྐོར་བ་རྟ་བཞོན་ནས་ཡུལ་སྐོར་ལ་འགྲོ་བ་དང་བོད་ཀྱི་ལྷད་མེད་རིག་གནས་ལ་མྱོང་རོལ་དང་།   འབྲོག་པའི་འཚོ་བ་དངོས་ལ་ཉམས་ལེན་བྱེད་དུ་འཇུག་པ་བཅས་བྱས་ནས།   ང་ཚོས་རང་ངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས། རི་བོ་མཛེས་ཤིང་ཆུ་མོ་དྭངས་པ། སེམས་ཁམས་སྐྱིད་པ་ནི་དོན་གྱིས་གང་འདྲ་ཞིག་ཡིན་ལུགས་གསལ་འགྲེལ་བྱས་པས།  མི་སྔར་ལས་མང་པོ་ཞིག་རང་བྱུང་ཁམས་ཆེན་མོར་དགའ་བ་དང་རང་བྱུང་ཁམས་ལ་གོང་བཀུར་བྱེད་པའི་བརྩེ་སེམས་ཀྱིས་ཁེངས་ཡོད།

དུས་ལྟར་ཡུལ་སྐོར་བ་རྣམས་ལ་སྣེ་ཤན་བྱེད་པའི་ཞོར་དུ་ང་ཚོ་སྡེ་བའི་ནང་གི་ཞབས་ཞུ་རུ་ཁག་ཀྱང་ཡིན།  ང་ཚོ་སྐྱེ་ཁམས་རྟ་པ་རུ་ཁག་གིས་ལོ་རེའི་སྤྱིའི་ཡོང་འབབ་ནང་ནས་ཆ་ཤས་ཤིག་བཏོན་ཏེ། སྡེ་བའི་ནང་གི་དབང་པོ་སྐྱོན་ཅན་དང་བདག་མེད་ལོ་ལོན་ལ་རོགས་རམ་བྱས་ནས་ཁོ་ཚོའི་འཚོ་བའི་གནོན་ཤུགས་དང་དཔལ་འབྱོར་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་སྡེ་མི་ཕན་ཚུན་བར་གྱི་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད།  2023ལོའི་དགུན་ཁར།  ང་ཚོས་ད་དུང་རྒྱུན་སྲོལ་ལྟར།  ལྕི་བ་མང་པའི་འབྲོག་ཁྱིམ་ནས་ལྕི་བ་ཉོས་ཏེ།  བདག་མེད་ལོ་ལོན་དང་དཀའ་ངལ་ཡོད་པའི་འབྲོག་ཁྱིམ་དུ་བསྐྱལ་ནས། ཁོ་ཚོར་དྲོ་སྐྱིད་ལྡན་པའི་ངང་དགུན་བསྐྱལ་བར་རོགས་རམ་བྱས་པ་ཡིན།

2023ལོ་འདས་ཟིན།   སྐྱེ་ཁམས་བཟང་པོས་ང་ཚོར་འཚོ་བ་ཡག་པོ་ཞིག་སྦྱིན་ཡོད། ད་ལྟ་སྡེ་བའི་ཆུ་ཁུངས་སྔར་ལས་ཇེ་གཙང་དུ་སོང་ཡོད་པ་དང་། རྩྭ་ཐང་སྔར་ལས་མཛེས་སྡུག་ལྡན་པ། ཁྱིམ་མཚེས་སྔར་ལས་འཆམ་ཞིང་མཐུན་པ་བཅས་ཀྱིས་སྡེ་མི་རྣམས་ཀྱི་བདེ་སྐྱིད་ཀྱི་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ད་ལྟ།འདས་ཟིན་པའི་དཀའ་ཁག་དང་གྲུབ་འབྲས་ལ་ཕྱིར་མིག་ལྟ་དུས།   ང་ཚོ་མ་འོངས་པའི་འཚོ་བར་ཡིད་ཆེས་དང་རེ་བས་ཁེངས་ཡོད།

                                                            ཡིག་སྒྱུར་བ། གཡང་འབུམ་རྒྱལ།