མཚོ་བྱང་ཁུལ་གྱིས་ལོ་ངོ40ཡི་འབད་འབུངས་བརྒྱུད་ནས་བྱེ་ཁུལ་ལྗང་སྒྱུར་གྱི་ངོ་མཚར་བྱས་རྗེས་བསྐྲུན།
2024.01.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10

 ཉེ་ལམ། གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་ཁེས་ཐུ་བྱེ་བཅོས་ས་ཚིགས་སུ་སླེབས་པ་ན། ནགས་སྲུང་པ་ཧྭ་ཧྲི་ཚའེ་དང་ལས་རོགས་ཁ་ཤས་བྱེ་བཅོས་ས་ཚིགས་ནས་ཏག་ཏག་ཕྱིར་ཡོང་བ་དང་འཕྲད་ཅིང་། སྐབས་དེར་ཁོ་ཚོས་ཅི་ཞིག་བཤད་བཞིན་པའི་ཉམས་ཤར་འདུག

“དགུན་ཐོན་པ་ནས་ད་རག་བར་དུ་ཁ་བ་མ་བབས་པའི་ཁར་དུས་རྒྱུན་རླུང་ཆེན་གཡུག་པས་ང་ཚོས་ངེས་པར་མེ་སྐྱོན་ལ་དོགས་ཟོན་བྱེད་དགོས། སྡོང་པོ་རྣམས་འདི་འདྲའི་ལེགས་པོ་ཞིག་སྐྱེ་ཐུབ་ཡོད་པ་ནི་ལས་སླ་མོ་ཞིག་གཏན་ནས་མིན་པས་ང་ཚོས་ངེས་པར་གཟབ་ནན་བྱེད་དགོས”ཞེས་ཧྭ་ཧྲི་ཚའེ་ཡིས་དེ་ལྟར་བཤད།

“ཁོས་བཤད་པ་དེ་ངོ་མ་རེད། ང་ཚོ་ཚང་མས་ངེས་པར་དུ་རང་འགན་གཙང་སྒྲུབ་བྱས་ནས་སྡོང་པོ་དེ་དག་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས”ཞེས་ཁོ་དང་ལས་རིགས་གཅིག་པའི་ཧའེ་ཡན་རྫོང་རྩྭ་ཐང་ས་ཚིགས་ཀྱི་དེ་སྔའི་མགོ་གཙོ་མཱ་ཝུན་ཧུའུ་ཡིས་སྐད་ཆའི་འཕྲོར་མཐུད་ནས་དེ་ལྟར་བཤད།

དེའི་རྗེས་སུ་ཁེས་ཐུ་བྱེ་བཅོས་ས་ཚིགས་ཀྱི་ལྗོངས་གཟིགས་སྟེགས་བུར་ཐོན། ལྗོངས་གཟིགས་སྟེགས་བུའི་སྟེང་ལངས་ནས་རྒྱང་ལྟ་བྱས་ན། ག་པུར་ལྗོན་ཤིང་དང་།  མཚོ་སྔོན་སྤྲིན་གསོམ་སོགས་དུས་རྒྱུན་སྔོ་བའི་སྐྱེ་དངོས་དང་། མ་གལ། གླང་ནག སྟར་ཚེར། དྲ་མ་སེར་པོ་སོགས་ཤིང་སྡོང་རིང་ཐུང་བསྣོལ་མར་འདྲེས་ནས་ཡོད་པའི་ལྗང་མདོག་སྲུང་ཡོལ་གྱི་ཡུལ་ལྗོངས་ལྟ་ན་སྡུག

ལོ་ངོ40ལྷག་གི་རིང་ལ། ཧའེ་ཡན་རྫོང་གི་བྱེ་ཐང་བཅོས་སྐྱོང་པ་མི་རབས་གསུམ་གྱིས་ཁ་ཆར་བུ་ཡུག་གདོང་གིས་བསུས་ཤིང་། རླུང་ཆེན་དང་བྱེ་མར་འཐབ་འཛིང་ལྷོད་མེད་བྱས་པ་བརྒྱུད། ཁོ་ཚོས་ལག་ཟུང་ལ་བརྟེན་ནས“ལྗང་མདོག་སྲུང་ཡོལ”བརྟན་པོ་ཞིག་བསྐྲུན་ཏེ་བྱེ་ཐང་རྒྱ་ཆེར་མཆེད་པར་བཀག་འགོག་ནུས་ལྡན་བྱས་པས། མཚོ་སྔོན་པོའི་ལྟེ་བའི་ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་དང་དེ་བཞིན་མཚོ་བོད་ལྕགས་ལམ་དང་རྒྱལ་ལམ315བདེ་འཇགས་ངང་ཤར་བགྲོད་ཐུབ་པར་འགན་སྲུང་བྱས་ཡོད། ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་རིགས་འདྲ་བའི་བྱེ་ཁུལ་བྱེ་ཐང་ཅན་དུ་འགྱུར་བ་བཅོས་སྐྱོང་བྱེད་པར་ཧའེ་ཡན་གྱི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་བ་དང་། སྔ་རྗེས་སུ“རྒྱལ་ཡོངས་བྱེ་འགོག་བྱེ་བཅོས་ཀྱི་སྔོན་ཐོན་ལས་ཁུངས”དང“རྒྱལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་བྱས་རྗེས་གཟེངས་ཐོན་བྱ་དགའ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས4ལ་ཐོབ།

ནགས་ཁུལ་དུ་བསྐྱོད་དེ། གསར་འགོད་པས་སྡོང་ཕྲན་ནགས་རྫོབ་ལག་པས་ཕར་དེད་ནས་བལྟས་པ་ན་བྱེ་མ་ཚང་མ་ས་རྒྱུ་རུ་གྱུར་ཡོད་པ་མཐོང་བྱུང་། “འདིའི་སྟེང་ནི་རུལ་འཕེལ་ས་རྒྱུའི་རིམ་པ་ཞིག་ཡིན་པས་དེས་རྩི་ཤིང་དག་ལ་འཚོ་བཅུད་མཁོ་འདོན་བྱེད་ཐུབ་པ་དང་ས་རྒྱུ་འགྱུར་ལྡོག་བྱུང་ནས་འདེབས་འཛུགས་བྱས་པའི་ཤིང་སྡོང་གི་སྐྱེ་ཚད་ཀྱང་དེ་བས་མཐོ་རུ་ཕྱིན།  དེ་ནི་ང་ཚོ་དགའ་འོས་པའི་དོན་དག་ཅིག་རེད”ཅེས་མ་ཝུན་ཧུའུ་ཡིས་དེ་ལྟར་བཤད།

ལོ་ངོ43གྱི་གོང་རོལ་དུ། གནས་འདི་ནི་ཀུན་ལ་གྲགས་པའི་བྱེ་རླུང་ལྡང་ས་ཞིག་ཡིན་པས་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་གནོད་འཚེ་ཚབས་ཆེན་ཐེབས་ཡོད། ལྷག་པར་མཚོ་བོད་ལྕགས་ལམ་དང་།  མཚོ་སྔོན་པོའི་ཤར་ཕྱོགས་ཡུལ་སྐོར་གཞུང་ལམ་སོགས་རིང་ཚད་སྤྱི་ལེ180ཟིན་པའི་ལམ་དུམ་ལ་བྱེ་རླུང་གི་གནོད་འཚེ་ཕོག་པ་དང་། གནོད་འཚེ་ཚབས་ཆེན་ཕོག་པའི་ལམ་དུམ་ལ་སྤྱི་ལེ70ཟིན་པ། བྱེ་ཐང་ཅན་དུ་འགྱུར་བའི་རྒྱ་ཁྱོན་ལོ་རེ་བཞིན་ཆེ་རུ་ཕྱིན་ཅིང་། མཚོ་སྔོན་པོའི་མཐའ་འཁོར་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འཇིགས་སྣང་ཚབས་ཆེན་སྐུལ་བཞིན་ཡོད་པས། བྱེ་འགོག་བྱེ་བཅོས་བྱ་རྒྱུ་ནི་འགོར་འགྱངས་སྤུ་ཙམ་ཡང་བྱེད་མི་རུང་བའི་བྱ་བ་ཞིག་ཏུ་གྱུར་ཡོད།

བྱེ་ཐང་ཅན་དུ་འགྱུར་ཚད་ཆེ་རུ་འགྲོ་བ་དང་གང་སར་མཆེད་པར་ཚོད་འཛིན་བྱེད་ཆེད། ཧའེ་ཡན་རྫོང་གི་སྐབས་རིམ་བྱུང་མགོ་ཁྲིད་ཀྱིས་འཆར་འགོད་མཐར་ཕྱིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དམིགས་སུ་འཕེལ་རྒྱས་གཏོང་རྒྱུ་དེ་རང་འཁྲིའི་ལས་འགན་དུ་བརྩིས་ནས།  བྱེ་ཐང་ཅན་དུ་འགྱུར་བར་འགོག་བཅོས་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་། 1980ལོ་ནས་བཟུང་ཁེས་ཐུ་བྱེ་མ་དང་ནགས་རིའི་ཆུ་རྒྱུད་ཀྱི་བྱེ་ཁུལ་དུ་ལོ་ཧྲིལ་པོར་ཕྱུགས་འགོག་སྡོམ་གསོ་དང་སྐྱེ་ཁམས་བཅོས་སྐྱོང་བྱས་པས། བྱེ་འགྱུར་ས་ཆའི་རྒྱ་ཁྱོན་དེ་དུས་རབས་སྔོན་མའི་ལོ་རབས80པའི་དུས་མགོའི་སྤྱི་ཆིང་ཁྲི་དགུ་དང་སྟོང་དགུ་ནས་ད་ལྟའི་སྤྱི་ཆིང་ཁྲི་དྲུག་དང་སྟོང་གཅིག་ལྷག་བར་ཇེ་ཉུང་དུ་ཕྱིན་པ་དང་། ལོ་ངོ40ཡི་ནང་སྤྱི་ཆིང་ཁྲི་གསུམ་དང་སྟོང་བདུན་ལྷག་ཇེ་ཉུང་དུ་ཕྱིན་པས། ལོ་རེར་ཆ་སྙོམས་སྤྱི་ཆིང800ཇེ་ཉུང་དུ་ཕྱིན་ཡོད། བྱེ་ཁུལ་གྱི་ནགས་རྩྭའི་ཕྱོགས་བསྡུས་ཁེབས་ཚད30%ནས40%བར་ཟིན་ཏེ།  ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

ཧའེ་ཡན་རྫོང་གིས“བཀག་སྡོམ་གཙོ་བོར་འཛིན་པ་དང་།  སྡོམ་སྐྲུན་ཟུང་འབྲེལ”གྱི་བྱེ་བཅོས་ཐབས་ལམ་སྤྱད་དེ“སྡོང་རིང་འཚམ་སར་ཤིང་སྡོང་རིང་པོ་བཙུགས་པ་དང་། སྡོང་ཕྲན་འཚམ་སར་སྡོང་ཕྲན་བཙུགས་པ། རྩྭ་རིགས་འཚམ་སར་རྩྭ་རིགས་འདེབས་པ”བཅས་རྩ་དོན་དུ་བཟུང་ནས། ཡུལ་དེར་འཚམ་ཞིང་སྤུས་ཀ་ལེགས་པའི་བྱེ་བཅོས་ནགས་སྐྲུན་སྡོང་རིགས་ནང་འདྲེན་བྱས་ཏེ་ཚོད་ལྟའི་ཚུལ་གྱིས་བཙུགས་པ་དང་། སྔོན་ཐོན་གྱི་ནགས་སྐྲུན་རྩྭ་འདེབས་ལག་རྩལ་ཚོད་ལྟ་དང་བེད་སྤྱོད་བྱས་ཤིང་།“སྟར་ཚེར་འཚོ་བཅུད་ས་ཕུང་གི་ནགས་སྐྲུན་ལག་རྩལ”དང“མ་གལ་ཡལ་ག་གཅོད་འཛུགས་ཀྱི་ནགས་སྐྲུན་ལག་རྩལ”“རྩྭ་ཕུང་དྲ་མིག་སྒྲིག་བཀོད་ཀྱི་བྱེ་འགོག་ནགས་སྐྲུན་ལག་རྩལ”སོགས་བྱེ་ཁུལ་ནགས་སྐྲུན་ལག་རྩལ་གྱི་བྱེད་ཐབས་ཁྱབ་གདལ་བཏང་། “སྟར་ཚེར་འཚོ་བཅུད་ས་ཕུང་གི་ནགས་སྐྲུན་ལག་རྩལ”དང“མ་གལ་ཡལ་ག་གཅོད་འཛུགས་ཀྱི་ནགས་སྐྲུན་ལག་རྩལ”“སྣོད་ཆས་ལྗང་མྱུག་ནགས་སྐྲུན”སོགས་མཐོ་གྲང་དང་ཐན་པ་ཆེ་བའི་བྱེ་ཁུལ་ལ་འཚམ་པའི་ཉེར་སྤྱོད་ལག་རྩལ་རབ་དང་རིམ་པ་ཚོད་ལྟ་ལེགས་འགྲུབ་བྱུང་བས། ནགས་སྐྲུན་རྩྭ་འདེབས་ཀྱི་གསོན་ཚད་དང་ཉར་ཚགས་བྱེད་ཚད་ནུས་ལྡན་ངང་མཐོ་རུ་བཏང་བ་དང་། ལོ་ངོ40ལྷག་ལ་རྒྱུན་འཁྱོངས་ལྷོད་མེད་བྱས་མཐར་བྱེ་ཐང་སྔོ་ལྗང་དུ་བསྒྱུར་ནས་གསོན་ཚད་མཐོ་བ་དང་ཕན་འབྲས་ཐོན་ཚད་མགྱོགས་པའི་མཐོ་གྲང་ས་ཁུལ་གྱི་བྱེ་བཅོས་ནགས་སྐྲུན་ལམ་བུ་གསར་པ་ཞིག་ཏུ་བསྐྱོད།

“ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས‘སྡོང་རིང་སྡོང་ཕྲན་དང་རྩྭ་རིགས’བཅས་ཟུང་དུ་འབྲེལ་བའི་རང་བྱུང་བྱེ་ཐང་གི་སྐྱེ་ཁམས་མ་ལག་གྲུབ་པར་བྱས་ཏེ། ནགས་རྩྭ་སྔོ་ཁེབས་ཀྱི་ཕྱོགས་བསྡུས་འགོག་སྲུང་ཕན་འབྲས་སྔར་ལས་ཆེ་རུ་གཏོང་རྒྱུ་ནི་ང་ཚོའི་འབད་བརྩོན་གྱི་ཁ་ཕྱོགས་ཡིན”ཞེས་ཧའེ་ཡན་རྫོང་རྩྭ་ཐང་ས་ཚིགས་ཀྱི་མགོ་གཙོ་ཧྲི་ཏེ་རུང་གིས་དེ་ལྟར་བཤད།

ཧྲི་ཏེ་རུང་གིས་བཤད་རྒྱུར། བྱེ་རྒྱུན་བརྟན་འཇགས་བཏང་བའི་རྨང་གཞིའི་ཐོག་ང་ཚོས2009ལོ་ནས་བཟུང་ག་པུར་སྒྲོན་ཤིང་སོགས་སྡོང་རིང་ལྗོན་ཤིང་ཆེ་གྲས་འཛུགས་རྒྱུའི་ཚོད་ལྟ་བྱས་པ་དང་། 2015ལོ་ནས་བཟུང་གཞི་ཁྱོན་ཆེན་པོས་འདེབས་འཛུགས་བྱེད་མགོ་ཚུགས་ཤིང་། མིག་སྔའི་བར་ག་པུར་ལྗོན་ཤིང་དང་མཚོ་སྔོན་སྤྲིན་གསོམ་སོགས་སྡོང་རིང་ལྗོན་ཤིང་ཆེ་གྲས་སྤྱི་ཆིང700ལྷག་བཙུགས་ཟིན་ལ། དེའི་དམིགས་ཡུལ་ནི་རྒྱུན་ལྗང་ལྗོན་ཤིང་འཛུགས་རྒྱུ་གཙོ་བོ་བྱེད་པ་དང་། སྡོང་རིང་ལྗོན་ཤིང་དང་། སྡོང་ཐུང་ལྗོན་ཤིང་། རྩྭ་རིགས་བཅས་ཟུང་དུ་སྦྲེལ་ཞིང་ལྟོས་བཅས་སུ་བརྟན་པོ་ཡིན་པའི་རང་བྱུང་དང་ཉེ་བའི་ནགས་ཚལ་འགོག་སྲུང་མ་ལག་བསྐྲུན་རྒྱུ་དེ་ཡིན།

དུས་རབས་སྔོན་མའི་ལོ་རབས80པ་ནས་ད་ལྟའི་བར་བྱེ་ཁུལ་དུ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་ནས་མིའི་ཐབས་ལ་བརྟེན་ནས་ནགས་སྐྲུན་པ་དང་། བྱེ་འགོག་ནགས་གསོ་སོགས་ས་མུའུ་ས་ཡ་གཅིག་དང་འབུམ་ལྔ་ཁྲི་གསུམ་ལྷག་ཡོངས་འགྲུབ་བྱས་ཏེ། བྱེ་ཐང་རྒྱ་ཆེར་དང་གང་སར་མཆེད་པ་བཀག་འགོག་ནུས་ལྡན་བྱས་ནས། མཚོ་སྔོན་པོའི་ལྟེ་བའི་ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཡོད”ཅེས་ཧྲི་ཏེ་རུང་གིས་དེ་ལྟར་བཤད།

ལོ་ངོ40ལྷག་གི་རིང་ལ། ཧའེ་ཡན་མི་དམངས་ཀྱིས་རང་ཉིད་ཀྱི་བློ་གྲོས་དང་རྔུལ་ཆུ། བློ་དཀར་དང་ཁག་ཁུར། བློ་བརྟན་འགྱུར་མེད་དང་ལེགས་སྐྱེས་འབུལ་བ་བཅས་ལ་བརྟེན་ནས། ཙོང་ཆུའི་མགོ་ཁུངས་དང་མཚོ་སྔོན་པོའི་འགྲམ་དུ་ལྗང་མདོག་གི་སྐྱེ་ཁམས་སྲུང་ཡོལ་རེ་རེ་བསྐྲུན་པ་དང་།  ལྗང་མདོག་ས་བོན་གཏོར་བའི་མཚར་སྡུག་རོལ་དབྱངས་གང་མང་བརྩམས་ཡོད། དེང་སྐབས་ཁྱོད་ཀྱིས་མཚོ་འགྲམ་གྱི་བྱེ་ཁུལ་འདི་ནི་ཐུན་མོང་མ་ཡིན་པའི་བྱེ་ཐང་ཡུལ་ལྗོངས་ཤིག་ཏུ་གྱུར་ཏེ། རྒྱང་རིང་གི་མཚོ་སྔོན་པོ་དང་རང་མདངས་གཅིག་ཏུ་འདྲེས་པའི་ཁྱད་མཚར་གྱི་མཛེས་ལྗོངས་སུ་གྲུབ་ཡོད་པ་མཐོང་ཐུབ། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།