སྐྱེ་ཁམས་ཀྱི་རི་མོ་བཀྲ།  ཁོར་སྲུང་གི་གྲུབ་འབྲས་བཟང་།
2024.01.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

  དགུན་དུས་སུ། ཀྱ་ཀྱུར་འབབ་པའི་བུ་ཧ་ཆུ་བོ་ནི་དངུལ་གྱི་སྐ་རགས་ཤིག་དང་འདྲ་བར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་བརྒྱུད་ནས་བཞུར་བཞིན་ཡོད་ཅིང་། ཆུ་འགྲམ་དུ་སྟུག་ཅིང་འཚུབ་པའི་གླ་ཚེར་སྐྱེས་འདུག་ལ། ཆུ་བྱའི་ཚོགས་ནི་ཁྱུ་དང་ཁྱུ་བྱས་ནས་ཆུ་ཁར་དགའ་བའི་གཤོག་འགྱུར་ངོམ་པར་བྲེལ་ཞིང་། སྤྱི་གླིང་དུ་སྡོད་དམངས་རྣམས་སོས་དལ་བག་ཕེབས་ངང་འཆམ་འཆམ་དུ་སྐྱོད་བཞིན་ཡོད་པས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་རིས་ཤིག་བཞེངས་ཡོད།

“2017ལོར་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་མཚོ་སྔོན་ཞིང་ཆེན་དུ་བཅའ་སྡོད་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་སྤེལ་བའི་ཚུན་ལ། ཐེམ་ཆེན་རྫོང་གི་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།”ཐེམ་ཆེན་རྫོང་མཁར་དུ། ལོ་བཅུ་ལྷག་ལ་འདི་ནས་འཚོ་བ་རོལ་བའི་བསོད་ནམས་རྒྱ་མཚོར་མཚོན་ན་དེའི་ཐད་ནས་མྱོང་ཚོར་ཟབ་མོ་བརྗོད་རྒྱུ་ཡོད་དེ།  ཁོས“སྔོན་ཆད་ཐེམ་ཆེན་རྫོང་མཁར་དུ་ཐལ་རྡུལ་འཚུབ་པ་དང་ལྷག་པར་དགུན་དུས་སུ་ཁ་བ་བབས་རྗེས་ཀྱི་འགྲོ་ལམ་འདམ་རྫབ་ཀྱིས་ཁེངས་ཏེ་ཐ་ན་རྐང་པ་འཇོག་ས་ཡང་མི་རྙེད་པའི་ཚོད་དུ་འདུག”ཅེས་དེ་ལྟར་བཤད།

ཁོད་ཡངས་པའི་གཞུང་ལམ་དང་། ཚར་དུ་དངར་བའི་ཐོག་ཁང་།  ཚང་ཚིང་སྟུག་པའི་ལྗོན་ཚལ། འཐུས་སྒོ་ཚང་བའི་སྒྲིག་བཀོད་སོགས······“ད་སྐབས་རྫོང་མཁར་གྱི་ཁོར་ཡུག་ཧ་ཅང་གཙང་ལ། མཁའ་རླུང་དང་འཐུང་ཆུ་དེ་བས་གཙང་བས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་ལས་རྒྱས་ཡོད”ཅེས་བསོད་ནམས་རྒྱ་མཚོས་དེ་ལྟར་བཤད།

བསྟུད་མར་ཉིན་ཤས་རིང་། ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་མཁར་ཤར་སྡེ་ཁུལ་གྱི་སྲང་ལམ་དུ་ཁོར་ཡུག་གཙང་སྦྲ་ཆེན་མོའི་བྱ་འགུལ་ཧུར་ཐག་སྒོས་སྤེལ་བ་དང་། མང་ཚོགས་མཉམ་དུ་གད་སྙིགས་གཙང་སེལ་ནང་ཞུགས་ཤིང་། མཉམ་དུ་ཁྱིམ་གཞིས་མཛེས་པར་བརྒྱན་པས་སྲང་ལམ་གྱི་མགོ་རྔ་ཀུན་ཏུ་ཏང་ཡོན་དང་། གཙང་སྦྲ་བ། དྲ་མིག་པ། མང་ཚོགས་རྣམས་ལས་ལ་བྲེལ་བཞིན་པའི་རྣམ་པ་མཐོང་ཐུབ།

ཤེས་ཡོན་གྲོང་རྡལ་མཁར་ཤར་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡེ་ཤེས་འཚོ་ཡིས་བཤད་རྒྱུར།  “ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་མཚོ་སྔོན་དུ་བཅའ་སྡོད་བྱས་ནས་ལྟ་ཞིབ་ལས་དོན་སྤེལ་བའི་ཚུན་ལ། ང་ཚོས་ཁོར་ཡུག་གཙང་སྦྲའི་དང་བླངས་ཞབས་ཞུའི་བྱ་འགུལ་རྒྱུན་ཆད་མེད་པར་སྤེལ་བ་བརྒྱུད། གཟའ་འཁོར་རེར་དུས་བཅད་ལྟར་ཁོངས་གཏོགས་གཞིས་ཁུལ་དུ་བསྐྱོད་དེ། ལམ་ངོས་ཀྱི་གད་སྙིགས་གཙང་སེལ་དང་བར་ཁྱམས་ཀྱི་བརྡ་ཁྱབ་སྣ་ཚོགས་མེད་པར་བཟོ་བ་སོགས་བྱས་པས་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་རྣམ་པ་ཇེ་ཡག་ཏུ་སོང་ཡོད”ཟེར།

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་མང་ཚོགས་ཀྱིས་དོ་ཁུར་བྱེད་བཞིན་པའི་ཁོར་ཡུག་གི་གནད་དོན་མང་པོ་ཞིག་ཐག་བཅད་པས། གྲོང་ཁྱེར་གྱི་སྲང་ལམ་ནས་གྲོང་གསེབ་དང་འབྲོག་ཁུལ་བར། མང་ཚོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནང་ཞུགས་པའི་སྤྲོ་སེམས་སྔར་ལས་ཆེ་རུ་ཕྱིན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་ལས་མི་སེམས་སུ་ཟུག་ཡོད།

2023ལོའི་ཟླ12པའི་ཚེས13ཉིན། སུ་རུ་ཡུལ་ཚོ་སྲིད་གཞུང་གནས་ཡུལ་གྱི་གདུགས་འཁོར་སྡེ་བ་རུ། ཏང་ཡོན་དང་མང་ཚོགས་ཚོས་ཁ་ཆར་བུ་ཡུག་ལ་མ་འཛེམས་པར་ལམ་རྒྱུད་ཀྱི་ཁོར་ཡུག་འཕྲོད་བསྟེན་ལ་གཅིག་སྡུད་སྒོས་གཙང་བཤེར་བཅོས་སྒྲིག་བྱེད་བཞིན་ཡོད་པ་དང་། ལ་ལས་སྐམ་པ་སྤྱད་དེ་གད་སྙིགས་བཏུ་བ་དང་། ལ་ལས་སྦྱག་མས་དྲེག་པ་འབྲད་པ་དང་། འགའ་ཞིག་གིས་གད་སྙིགས་རླངས་འཁོར་ནང་བླུགས་ནས་དབོར་འདྲེན་བྱས་ཏེ། ཚང་མ་རང་རང་ས་ན་ཁོར་ཡུག་གཙང་སྦྲའི་ལས་ལ་བྲེལ་བཞིན་འདུག

“མི་ཡིས་ཁོར་ཡུག་ལ་གཅེས་སྐྱོང་ཅི་འདྲ་བྱས་ན། ཁོར་ཡུག་གིས་མི་ལ་དྲིན་ལན་དེ་ལྟར་འཇལ་ངེས་རེད།”  འབྲོག་པ་གུ་རུ་ཚེ་བརྟན་གྱིས་བཤད་རྒྱུར། “ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་མཚོ་སྔོན་དུ་བཅའ་སྡོད་བྱས་ནས་ལྟ་ཞིབ་ལས་དོན་སྤེལ་བ་ཐོས་སྐབས་ཚང་མས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པས་ད་སྐབས་ང་ཚོའི་འཚོ་བའི་ཁོར་ཡུག་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཟེར།

“དང་ཐོག་ཚང་མས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་ཤེས་རྟོགས་དེ་ཙམ་བྱུང་མེད་པས་གད་སྙིགས་གང་སར་འཕངས་ཡོད། ལྷག་པར་རྩྭ་ཐང་དུ་རླུང་ཆེ་བས་གད་སྙིགས་གང་སར་ཁུར་བས། སྐྱེ་ཁམས་ལ་གཏོར་བརླག་བཟོས་པ་མ་ཟད། སྐབས་རེར་ཐ་ན་ནོར་ལུག་གིས་གད་སྙིགས་ཟོས་ནས་སྒོ་ཕྱུགས་འཚོ་བར་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ད་སྐབས་ཚང་མའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་མཐོར་ཕྱིན་པ་དང་། སྡེ་བའི་ཏང་ཡོན་ཚོས་ཟླ་རེར་ང་ཚོ་ཁྲིད་དེ་བཅོས་སྒྲིག་གཙང་སྦྲ་བྱེད་པ་དང་། ཁོར་ཡུག་ཇེ་ལེགས་སུ་ཕྱིན་པས་ཚང་མའི་སེམས་པ་ཡང་ཇེ་སྐྱིད་དུ་ཕྱིན་སོང”ཟེར།   ཁོར་ཡུག་གི་འགྱུར་ལྡོག་སྐོར་གླེང་སྐབས་འབྲོག་པ་དཔུང་རྒྱལ་གྱི་གདོང་ན་དགའ་བའི་འཛུམ་མདངས་མངོན་ཡོད།

སུ་རུ་ཡུལ་ཚོའི་ཏང་ཨུའི་ཨུ་ཡོན་ནམ་ཡུལ་གཙོ་ཀྲང་པེན་ཏོའུ་ཡིས་བཤད་རྒྱུར། “ང་ཚོས་ཐེངས་འདིར་སྤེལ་བའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གོ་སྐབས་སུ་བརྩིས་ཏེ། ཏང་ཡོན་ལས་བྱེད་པ་མདུན་དུ་གདོང་མཆོང་བྱ་རྒྱུར་སྐུལ་མ་བཏང་བ་དང་། སྡེ་བ་སོ་སོའི་ཏང་ཡོན་དང་ལས་བྱེད་པའི་སྣེ་ཁྲིད་དེ་ཁྱིམ་ཚང་རེ་རེར་བསྐྱོད་དེ་སྲིད་ཇུས་སྒྲོག་པ་དང་། རོང་འབྲོག་མང་ཚོགས་ལ་སྐུལ་སློང་བྱས་ཏེ་ཉེ་འགྲམ་གྱི་བྱ་བ་ནས་མགོ་བཙུགས་ཏེ་ཁོངས་གཏོགས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་སྲུང་སྐྱོབ་དང་ཇེ་ལེགས་སུ་བཏང་ཡོད།  དེ་ལས་གཞན‘སྦྲ་གུར་ཏང་གི་སློབ་ཁྲིད’དང‘རྟ་རྒྱབ་སློབ་ཁང’‘དྲ་ལམ་སློབ་ཁང’སོགས་ཀྱི་ཐབས་ལམ་སྤྱད་དེ། འབྲོག་པ་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་རྒྱ་ཁྱབ་ངང་དྲིལ་སྒྲོག་བྱས་ཤིང་། ཏང་གི་རྩ་འཛུགས་ཀྱི་ལེགས་ཆ་དེ་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་གི་ཕན་ནུས་དངོས་ལ་འགྱུར་བར་བྱས་པས། འབྲོག་ཁུལ་གྱི‘སྐྱེ་ཁམས་རྣམ་པ’ཇེ་ཡག་ཏུ་ཕྱིན་པ་དང་འབྲོག་པ་རྣམས་ཀྱི་སྐྱིད་སྣང་ཡང་སྔར་ལས་ཇེ་མཐོར་སོང་ཡོད”ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།