གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དེ་ནི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་འཐུས་ཚང་རང་བཞིན་སྲུང་སྐྱོབ་དང་། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་དང་། ཐོན་ཁུངས་བདེ་འཇགས། དངོས་རིགས་བདེ་འཇགས་བཅས་ལ་སྲུང་སྐྱོབ། མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།
སྤྱི་གླིང་དངོས་སུ་བཙུགས་པའི་ཚུན་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་གཙང་གསུམ་འབྱུང་ཡུལ་གྱི་རི་ཆུ་ནགས་ཞིང་དང་། མཚེའུ་རྩྭ་ཐང་བྱེ་ཐང་འཁྱགས་ཀླུང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་སླར་གསོར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། “རྒྱལ་ཡོངས་ཀྱི་རྒྱལ་ཁོངས་བརྟག་དཔྱད་ཐེངས་གསུམ་པ”རྨང་གཞིར་བཟུང་སྟེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ནང་གི་ནགས་ས་དང་། རྩྭ་ས། བརླན་ས་སོགས་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་། ཁྱབ་ཚུལ། རྒྱ་ཁྱོན་སོགས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་བརྟག་དཔྱད་བྱས་ལ། སྤྱི་གླིང་གི་རང་བྱུང་ཐོན་ཁུངས་ཀྱི་གཞི་གྲངས་འཚོལ་སྡུད་དང་ལེགས་སྒྲིག་བྱས།
རིག་ལྡན་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་མ་ལག་བསྐྲུན་ཏེ། སྐྱེ་ཁམས་གཞི་གྲངས་ཆེན་མོའི་ལྟེ་གནས(དུས་ཐེངས་གསུམ་པ)འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་དང་། སྐྱེ་ཁམས་གཞི་གྲངས་ཆེན་མོའི་སྤྲིན་སྟེགས་དང་སྐྱེ་ཁམས་རིག་ལྡན་སྟེགས་བུ་བསྐྲུན་པ། རང་བྱུང་ཐོན་ཁུངས་རྒྱུ་ནོར་དང་། སྐྱེ་ཁམས་བདག་སྐྱོང་། སྲིད་འཛིན་ཁྲིམས་བསྟར། སྐྱེ་ཁམས་རིན་ཐང་དཔྱད་དཔོག་འགྲེམ་སྟོན་དང་དབྱེ་ཞིབ་སོགས་དོ་དམ་མ་ལག་བཙུགས་ཤིང་། “མཚོ་སྔོན་སྐྱེ་ཁམས་སྒེའུ་ཁུང”དང་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་པའི་གཞི་གྲངས་མཉམ་སྤྱོད་ཐུབ་པར་བྱས་ནས། ལྟ་ཞིབ་ཚད་ལེན་བྱ་ཡུལ་དེ2016ལོའི་གནས6ནས་གནས46བར་ཇེ་མང་དུ་བཏང་བས། རིག་ལྡན་བཅོས་སྐྱོང་ཆུ་ཚད་མཐོ་རུ་ཕྱིན་ཡོད།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བརྡ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རིན་ཅིན་ཏའེ་ཡིང་གིས་བཤད་པ་ལྟར་ན། དོ་དམ་སྡེ་ཁག་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་གི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་ཐུབ་པ་རེད། མིག་སྔར་གླིང་ཁུལ་གྱི་སྐྱེ་ཁམས་བདག་སྐྱོང་པ2000ལྷག་གིས་རྒྱ་བོད་སྐད་གཉིས་ཀྱི་སྐོར་གཟིགས་མ་ལག་ཆ་ཚང་ཞིག་སྒྲིག་སྦྱོར་དང་བེད་སྤྱོད་བྱས་ནས། ཉིན་ལྟར་དོ་དམ་ཅུའུ་གཞི་གྲངས་ཆེན་མོའི་ལྟེ་གནས་སུ་པར་རིས་དང་། ཡི་གེ བརྙན་སོགས་གཞི་གྲངས་སྣ་ཚོགས་ཆིག་སྟོང་ཙམ་བརྒྱུད་སྤྲོད་བྱེད་ཀྱིན་ཡོད།
མ་དངུལ་དུང་ཕྱུར3.2ཙམ་བཏང་སྟེ། ས་ནག་ཐང་བཅོས་སྐྱོང་དང་། ས་འབུར་བཅོས་སྐྱོང་། ཞན་འགྱུར་རྩྭ་ས་ལེགས་བཅོས། མིའི་ཐབས་ཀྱིས་རྩྭ་འདེབས་པ། རི་རྒྱ་ནགས་གསོ། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས། བྱེ་ཐང་ཅན་གྱི་ས་ཆ་བཅོས་སྐྱོང་། མིའི་རིགས་ཀྱི་འགུལ་སྐྱོད་རྗེས་ཤུལ་ཉམས་གསོ། དུག་རྩྭ་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ལས་གཞི་ལག་ཏུ་བསྟར་པས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་བཞིན་པའི་གནས་བབ་ཕལ་ཆེར་བཀག་འགོག་བྱེད་ཐུབ་ཡོད་ལ། ཆུའི་ཐོན་ཁུངས་བསྡོམས་འབོར་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་ཡོད་ཅིང་། རྩྭ་ཐང་གི་སྔོ་ཁེབས་ཚད་དང་རྩྭའི་ཐོན་ཚད་སོ་སོར་ལོ10ཡི་སྔོན་ལས11%དང30%ཡན་ལ་ཇེ་མཐོར་སོང་ཡོད། གཙང་གསུམ་འབྱུང་ཡུལ་གཙོ་གནད་སྐྱེ་ཁམས་སླར་གསོའི་ཕན་འབྲས་མངོན་གསལ་དུ་གྱུར་ཡོད་དེ། ས་ནག་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཚད་བཅོས་སྐྱོང་མ་བྱས་སྔོན་གྱི20%མི་ལོངས་པ་ནས་བཅོས་སྐྱོང་རྗེས་ཀྱི70%ཡན་ལ་ཇེ་མཐོར་སོང་ཡོད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ།
སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་པའི་དམངས་འཚོའི་བདེ་སྐྱིད་ཅིག་རེད།
2023ལོའི་དབྱར་ཁར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ནས་རྨ་ཆུའི་མགོ་ཁུངས་གླིང་ཁུལ་དུ་ལས་ཀར་ཡོང་བའི་འབྲོག་པ་བསོད་ནམས་དར་རྒྱས་ཀྱིས་རང་ཉིད་ཡིད་སྨོན་སྐྱེས་ཡོད་པའི་བྱ་བ་སྟེ་སྐྱེ་ཁམས་ཉམས་ལེན་དང་རང་བྱུང་སློབ་གསོའི་བྱ་འགུལ་ནང་དོན་གཙོ་བོ་ཡིན་པའི་སྐྱེ་ཁམས་ཡུལ་སྐོར་ལས་རིགས་གཉེར། དེང་སྐབས་གཙང་གསུམ་འབྱུང་ཡུལ་དུ། ཁོས་སྤེལ་བཞིན་པའི་སྐྱེ་ཁམས་ཉམས་ལེན་ཞབས་ཕྱི་རིམ་བཞིན་འཐུས་ཚང་དུ་ཕྱིན་པར་མ་ཟད་ཡུལ་སྐོར་པས་དགའ་བསུ་ཐོབ་བཞིན་ཡོད། “ངས་ཚོགས་པའི་འཚོ་བའི་མགོ་དཔོན་དང་ཁ་ལོ་བའི་བྱ་བ་གཉིས་གཅིག་ལྕོགས་སུ་ཁུར་ཡོད། ཟླ་རེའི་ཆ་སྙོམས་ཡོང་སྒོ་སྒོར་ལྔ་སྟོང་ནས་དྲུག་སྟོང་ཡིན། ཟླ་བ་འགའ་རེར་ཐ་ན་སྒོར་ཁྲི་ལྷག་ཡོད”ཅེས་བསོད་ནམས་དར་རྒྱས་དགའ་བཞིན་དེ་ལྟར་བཤད།
2022ལོའི་ཚུན་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས“གནས་བཞི”བསྐྲུན་རྒྱུར་དམིགས་ཏེ། རྣམ་སྲས་གྲོག་རོང་ཆེན་མོའི་རང་བྱུང་མྱོང་རོལ་དམིགས་བསལ་གཉེར་སྐྱོང་བྱ་འགུལ་དང་། རྣམ་སྲས་གྲོག་རོང་ཆེན་མོའི་སྐྱེ་ཁམས་ཉམས་ལེན་དང་ཁོར་ཡུག་སློབ་གསོ་དམིགས་བསལ་གཉེར་སྐྱོང་བྱ་འགུལ། རྨ་སྟོད་རྩེར་སོན་རང་བྱུང་ཉམས་ལེན་དང་ཁོར་ཡུག་སློབ་གསོའི་བྱ་འགུལ་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་། མ་དངུལ་སྒོར་དུང་ཕྱུར་གཅིག་དང་ས་ཡ་བཞི་འབུམ་གསུམ་ཁྲི་དྲུག་དོན་འཁྱོལ་བྱས་ཏེ། རྫ་ཆུའི་འབྱུང་ཡུལ་གླིང་ཁུལ་དང་། འབྲི་ཆུའི་འབྱུང་ཡུལ་ཨ་ཆེན་གངས་རྒྱབ་ས་ཁོངས། རྨ་ཆུའི་འབྱུང་ཡུལ་གླིང་ཁུལ་བཅས་ཀྱི་རང་བྱུང་སློབ་གསོའི་སློབ་ཁང་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་བསྐྲུན་རོགས་བྱས། འཕེལ་རྒྱས་གཏོང་སྟངས་གསར་རྐྱང་གིས་ས་དེའི་བཟའ་བཏུང་དང་། འགྲིམ་འགྲུལ། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་སོགས་ཀྱི་ཐོན་ལས་ལ་སྐུལ་ཁྲིད་བྱས་པ་དང་། མང་ཚོགས་ལ་ལས་གཏོད་དང་ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་པོ་བསྐྲུན་ཡོད།
རྒྱལ་ཁབ་སྤྱི་གླིང་ལ་ཚན་རིག་དང་མཐུན་པར་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་པ།
“2023ལོའི་ཟླ5པའི་ཚེས31ཉིན། ཨ་ཆེན་གངས་རྒྱབ་མི་མེད་ས་ཁུལ་དུ་ཞེང་ཚད་ཆེ་བ་དང་། བར་ཐག་རིང་བའི་རླབས་ཕྲན་བརྒྱུད་གཏོང་ཐོག་མར་ཚོད་ལྟ་བྱས་པ་དང་། འབྲོང་ནག་མཚོ་སྲུང་སྐྱོབ་ས་ཚིགས་ཉེ་འཁོར་གྱི་སྤྱི་ལེ་བདུན་གྱི་ས་ཁོངས་སུ་རབས་ལྔ་པའི་དྲ་རྒྱས་ཁེབས་པར་བྱས་པས། གཙོད་གནས་སྤར་ཏེ་གཙོད་ཕྲུག་རྩེབས་པའི་བརྙན་ཟློས་གསལ་པོ་དུས་ཐོག་ཏུ་བརྒྱུད་སྤྲོད་ཐུབ་པར་བྱས”ཞེས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་འབྲི་ཆུ་འབྱུང་ཡུལ(ཨ་ཆེན་གངས་རྒྱབ)གླིང་ཁུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ཡོན་ལྷན་ཁང་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ཏང་ཨུའི་ཧྲུའུ་ཅིའམ་ཀྲུའུ་རིན་བུ་ཕྲུག་གིས་དེ་ལྟར་བཤད།
2022ལོ་ནས་བཟུང་ཅུའུ་དེས་རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་སྲུང་སྐྱོབ་ཀྱི་རྣམ་པ་སྔར་ལས་ཇེ་ལེགས་སུ་བཏང་བ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་ལེགས་སྒྲིག་དང་ནུས་པ་དབྱེ་ཁུལ་ཇེ་ལེགས་སུ་བཏང་ནས། ས་མཚམས་ཐིག་ལེན་གྱི་དམིགས་ཚད་འཛུགས་པའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ།
ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་། ཆུ་ཁོངས་འགྲམ་ངོགས་དོ་དམ། ཆུའི་སྦགས་བཙོག་འགོག་བཅོས་སོགས་ཀྱི་ལས་འགན་གཙོ་བོར་བཟུང་ནས། “ཆུ་དཔོན་མཚེའུ་དཔོན”ལམ་ལུགས་དོན་འཁྱོལ་ཏན་ཏིག་བྱས་པ་དང་། གླིང་ཁུལ་སོ་སོར་ནགས་དཔོན་ལམ་ལུགས་བྱ་བའི་མགོ་ཁྲིད་ཚན་ཆུང་བཀོད་སྒྲིག་བྱས་ཏེ། རྫོང་དང་། ཡུལ་ཚོ། སྡེ་བ་བཅས་རིམ་དབྱེའི་དོ་དམ་ནང་རྐྱེན་བཙུགས་པ་དང་། ནགས་དཔོན་ལམ་ལུགས་ཀྱི་བྱ་བའི་ལག་བསྟར་ཇུས་གཞི་བཟོས་ནས་ནགས་ཚལ་ཐོན་ཁུངས་ཀྱི་བདེ་འཇགས་ཁག་ཐེག་བྱས།
2023ལོའི་ཟླ3པའི་ཚེས22ཉིན། ཐད་འཕུར་གནམ་གྲུ་འབྲོང་ནག་མཚོར་འཕུར་བའི་ཚོད་ལྟ་དང་པོ་ལེགས་འགྲུབ་བྱུང་བ་དང་། ཟླ5པར། འབྲོང་ནག་མཚོའི་ལོ་རྒྱུས་སྟེང་ཐེངས་དང་པོར་རབས་ལྔ་པའི་བརྡ་རྟགས་ཡོད་པར་གྱུར། ཟླ6པར། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོབ་ཉེན་ཟོན་སློབ་གསོའི་རྟེན་གཞི་དང་པོ་དེ་ཨ་ཆེན་གངས་རྒྱབ་བསོད་ནམས་སྟབས་རྒྱལ་སྲུང་སྐྱོབ་ས་ཚིགས་སུ་དངོས་སུ་བཙུགས་པ་དེ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པའི་འབྲས་བུ་རེད།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ལོ་བདུན་ཙམ་རིང་ཚོད་ལྟའི་འཚོལ་ཞིབ་དང་འཛུགས་སྐྲུན་ལག་ལེན་བྱས་པ་བརྒྱུད། “རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཉམས་མྱོང་གསོག་པ”དང“རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་དཔེ་སྟོན་མཁོ་འདོན་བྱེད་པ”ཡི་ལོ་རྒྱུས་འགན་འཁྲི་ལག་ཏུ་བསྟར་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལོ་རྒྱུས་ཐོག་ཚོན་མདངས་རྣམ་པར་བཀྲ་བའི་ལེའུ་ཞིག་བཀོད་ཡོད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།