ཡུས་ཧྲུའུ་ཡིས་རི་སྔོ་ཆུ་དྭངས་སྲུང་སྐྱོབ་བྱེད་པའི་ཐད་འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་པོ་བླངས།
2024.02.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 2

གནམ་སྔོན་པོ་དང་སྤྲིན་དཀར་པོ་ནི་ཡུས་ཧྲུའུ་ཡི་སྐྱེ་ཁམས་རྒྱུན་མཐུད་ངང་ལེགས་ཕྱོགས་སུ་འཕེལ་བ་དང་ཁོར་ཡུག་སྔར་ལས་ཇེ་ཡག་ཏུ་གྱུར་པའི་བསྡུས་གཟུགས་ཤིག་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། ཡུས་ཧྲུའུ་ཁུལ་གྱི་མཁའ་དབུགས་སྟོན་གྲངས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོའི་འཐུང་ཆུའི་མགོ་ཁུངས་ཀྱི་ཆུའི་སྤུས་ཀ་ཚད་ལོངས་ཚད་དང་ས་ངོས་ཆུའི་སྤུས་ཀ་ཚད་ལོངས་ཚད100%ལ་སླེབས།

—“གནམ་སྔོན་པོར་སྲུང་སྐྱོབ་བྱེད་པའི་དམག་འཐབ”ནུས་ཤུགས་ཡོད་རྒུས་ལེགས་པོར་བརྒྱབ་པ།

2021ལོ་ནས་བཟུང་ཡུས་ཧྲུའུ་ཁུལ་གྱིས་རྡོ་སོལ་ཁྲོ་ཐབ་བཅོས་སྐྱོང་དང་། སྦགས་བཙོག་ཕྱིར་གཏོང་མཐོ་བའི་རླངས་འཁོར་མེད་པར་བཟོ་བ། བཟོ་སྐྲུན་བྱ་ཡུལ་དང་དེ་བཞིན་འགྲོ་ལམ་གྱི་ཐལ་རྡུལ་བཅོས་སྐྱོང་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་མཁའ་དབུགས་ཀྱི་སྤུས་ཚད་ཇེ་ལེགས་སུ་བཏང་།

—“ཆུ་བོ་དྭངས་མོར་སྲུང་སྐྱོབ་བྱེད་པའི་དམག་འཐབ”རྒྱུན་མཐུད་ངང་ལེགས་པོར་བརྒྱབ་པ།

ཆུའི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཆུ་བོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་བར་ཁྱམས་བསྐྲུན་ནས་སྐྱེ་ཁམས་དང་གཞིས་ཆགས་ལ་འཚམ་པའི་ཁོར་ཡུག་བསྐྲུན་ཆེད། 2021ལོ་ནས2023ལོའི་བར་ཡུས་ཧྲུའུ་ཁུལ་གྱིས་འབྲི་ཆུ་དང་རྫ་ཆུའི་འབབ་རྒྱུད་ཀྱི་ཆེད་དོན་སྦགས་བཙོག་བཅོས་སྐྱོང་ལག་ཏུ་བསྟར། ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་སོ་སོའི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་སྦགས་བཙོག་འབྱུང་ཁུངས་ལ་ལྟ་སྐུལ་ཚོད་འཛིན་བྱེད་པའི་མ་ལག་གིས་དུས་ཚོད་ཉེར་བཞིའི་རིང་དྲ་ཐོག་ནས་ལྟ་སྐུལ་ཚོད་འཛིན་བྱས་པས། དྲ་ཐོག་ནས་སྦྲེལ་མཐུད་ཐུབ་ཚད100%ལ་སླེབས་ཡོད།

—“ས་གཞི་གཙང་མར་སྲུང་སྐྱོབ་བྱེད་པའི་དམག་འཐབ”ལ་སྐུལ་འདེད་ཏན་ཏིག་བཏང་བ།

ཡུས་ཧྲུའུ་ཁུལ་གྱིས“ལོ་ལྔའི་འཆར་འགོད་བཅུ་བཞི”བའི་ས་རྒྱུ་དང་ས་འོག་ཆུའི་སྦགས་བཙོག་འགོག་བཅོས་ལས་འགན་གྱི་དམིགས་ཚད་སྔར་ལས་ཁ་གསལ་བཟོས་ནས། 《ཡུས་ཧྲུའུ་ཁུལ་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི”བའི་ས་རྒྱུ་དང་ས་འོག་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཆར་འགོད》བཀོད། “ཁྱོན་ཡོངས་ཀྱི་ས་ཁོངས་ལྔའི”ཁོར་ཡུག་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་ནས་ས་ཁོངས་ཀྱི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་མངོན་གསལ་དོད་པོ་ཡོང་བར་བྱས་པ་དང་ཁོར་ཡུག་བཅོས་སྐྱོང་གི“ཡུས་ཧྲུའུ་ཡི་སྒྲུབ་སྟངས”ཧུར་ཐག་གིས་འཚོལ་ཞིབ་བྱས་ཡོད།

མཐོ་སྒང་གི་ལྗང་མདོག་མངའ་ཁོངས་ལ་སྔར་ལས་བཀྲག་མདངས་འཚེར།

“ཤིང་སྡོང་བཙུགས་ནས་ཡུས་ཧྲུའུ་སྔོ་ལྗང་ཅན་དུ་འགྱུར་བར་བྱ་རྒྱུ་ནི་ངའི་ཕུགས་འདུན་ཡིན”ཞེས་ཡུས་ཧྲུའུ་ཁུལ་ནགས་ལས་དང་རྩྭ་ཐང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་གྲགས་པ་རྒྱལ་མཚན་གྱིས་དེ་ལྟར་བཤད། དེ་ནི་ཁོའི་ཐོག་མའི་བསམ་འདུན་ཡིན་ལ་ཡུས་ཧྲུའུ་ས་ཆའི་མི་ཚང་མའི་བསམ་འདུན་ཡང་རེད།

རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་བྱ་རྒྱུ་ནི་བྱས་རྗེས་དེང་འདིར་བཞག་ན་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་གཞག་ཅིག་རེད། ལོ་ངོ་མང་པོའི་གོང་དུ། གྲགས་པ་རྒྱལ་མཚན་དང་བཟོ་པ་བརྒྱ་ལྷག་གིས་ཉིན་བཞི་བཅུ་ཞེ་ལྔའི་རིང་ལ་བསྟུད་མར་ལས་ཀ་བསྒྲུབས་པས། མཐོ་སྒང་གི་ས་མུའུ་སྟོང་གི་ཤིང་སྡོང་སོན་བཟང་གསོ་སྤེལ་ཚོད་ལྟ་རྟེན་གཞིའི་གཅིག་སྡུད་ཡུག་སྦྲེལ་ས་མུའུ་སྤྱི་ཆིང་བརྒྱད་ཅུ་ཡི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱས་ཏེ། གྲམ་ཐང་དེ་རུ་ལྗང་མདོག་གི་ངོ་མཚར་ཆེ་བའི་གཏམ་རྒྱུད་ཅིག་བརྩམས།

2023ལོར་ཁུལ་ཡོངས་སུ་སྡོང་འཛུགས་ལས་འགན་སྤྱི་ཆིང་སྟོང་བཞི་དང་ལྔ་བརྒྱ་ ཡོངས་འགྲུབ་བྱས་པ་དང་། རིམ་རྩིས་བྱས་ན་སྡོང་ཕྲུག་སྣ་ཚོགས་འབུམ་གསུམ་དང་ཁྲི་ལྔ་བཙུགས་ཡོད། རྒྱལ་ཁབ་ལ་དབང་བའི་ནགས་ཚལ་སྤྱི་ཆིང་འབུམ་བཞི་དང་ཁྲི་གཅིག་ལྷག་དང་རྒྱལ་ཁབ་ལ་དབང་བ་མ་ཡིན་པའི་ནགས་ཚལ་སྤྱི་ཆིང་འབུམ་གསུམ་དང་ཁྲི་གཅིག་ལྷག་དོ་དམ་སྲུང་སྐྱོབ་ལེགས་འགྲུབ་བྱས་པ་དང་། ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ལས་གཞི་ལ་བརྟེན་ནས་བྱེ་འགོག་བྱེ་བཅོས་སྤྱི་ཆིང་ཁྲི་གཅིག་དང་སྟོང་དྲུག་ལྷག་ལེགས་འགྲུབ་བྱུང་ཡོད། རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་དང་རྩྭ་ཐང་སྐྱེ་ཁམས་ཉམས་གསོའི་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་ཚད་སྤྱི་ཆིང་འབུམ་གཅིག་དང་ཁྲི་བདུན་ལྷག་ཟིན་ནས་མིག་སྔའི་བར་སྤྱི་ཆིང་ཁྲི་དགུ་དང་སྟོང་གཉིས་ལྷག་ལེགས་འགྲུབ་བྱུང་བ་དང་། རྩྭ་ཐང་གི་ཨ་བྲའི་གནོད་འཚེ་སྤྱི་ཆིང་ཁྲི་བརྒྱད་དང་སྟོང་དྲུག་ལྷག་སྔོན་འགོག་དང་ཚོད་འཛིན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།

“སྔོ་ལྗང་གི་འདུས་ཚད”ཇེ་མཐོར་བྱུང་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྟོབས་ཤུགས་བསྩལ།

ཆུ་དམར་ལེབ་རྫོང་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་ཧུའེ་ཞའོ་མིང་གིས“2023ལོར་ཆུ་དམར་ལེབ་རྫོང་གི་རོང་འབྲོག་ཁོངས་གཏོགས་ཀྱི་ངོས་ནས་བརྗོད་ན་ལོ་ལེགས་བྱུང་བའི་ལོ་ཞིག་རེད”ཅེས་བཤད། ལོ་མགོར། ཆུ་དམར་ཡུལ་ཚོ་དང་། རྨ་སྟོད་ཡུལ་ཚོ། འབའ་དགོན་ཡུལ་ཚོ། ཆིག་སྒྲིལ་ཡུལ་ཚོ། གཡུ་སྐེ་གྲོང་རྡལ་བཅས་ལ་ཞིང་ལས་དང་གྲོང་གསེབ་པུའུ་ཡི་ཀྲུང་གོའི་ལྗང་མདོག་ཟས་རིགས་འཕེལ་རྒྱས་ལྟེ་གནས་ཀྱི་ཁོངས་གཏོགས་ཀྲུང་གོའི་ལྗང་མདོག་ཧྭ་ཞ་སྐྱེ་ལྡན་ཐོན་རྫས་དཔང་བདེན་ར་སྤྲོད་ལྟེ་གནས་ཀྱིས་སྤྲད་པའི་སྐྱེ་ལྡན་བརྗེ་སྒྱུར་ལག་འཁྱེར་ཐོབ་པ་དང་། བསྡོམས་པས་རང་བྱུང་རྩྭ་ས་སྤྱི་ཆིང་ས་ཡ་གཉིས་དང་འབུམ་གཉིས་ལྷག་ དང་། ནོར་གནག་འབུམ་གཅིག་དང་ཁྲི་དྲུག་སྟོང་བདུན་ལྷག འབྲོག་ལུག་འབུམ་གཅིག་དང་ཁྲི་གཅིག་སྟོང་བཞི་བཞི་བརྒྱ་ལྷག་བཅས་ལ་བདེན་དཔང་ར་སྤྲོད་བྱས་ཏེ། རྫོང་ཡོངས་ཀྱི་རང་བྱུང་རྩྭ་ས་དང་ཕྱུགས་རིགས་ཀྱི་སྐྱེ་ལྡན་ཐོན་རྫས་བདེན་དཔང་ར་སྤྲོད་བྱེད་པ་མངོན་འགྱུར་བྱུང་།

ཆུ་དམར་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་རྡོ་རྗེ་དགྲ་འདུལ་གྱིས་བཤད་རྒྱུར།“ད་ལོར་ང་ཚོའི་ནོར་གནག་ལ‘སྐྱེ་ལྡན’ བདེན་དཔང་ར་སྤྲོད་ཡོད་པས་སྐམས་ཤ་རྒྱ་མ་རེར་སྒོར་གསུམ་ཡན་ཇེ་མང་དུ་ཕྱིན་པར་མ་ཟད། ད་དུང་མཁོ་མང་འདོན་ཉུང་གི་སྣང་ཚུལ་བྱུང་བས་འབྲོག་པ་མང་ཚོགས་དགའ་པོ་བྱུང་ཡོད།”

མིག་སྔར་ཁུལ་ཡོངས་སུ་མཉམ་ལས་ཅན་གྱི་རྩ་འཛུགས་ཉིས་བརྒྱ་དང་དྲུག་དང་། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་ཉེར་བརྒྱད་བསྐྲུན་པར། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཀྱི་བདེན་དཔང་ར་སྤྲོད་ལྔ་ཐོབ་པ་དང་། སྐྱེ་ལྡན་ཕྱུགས་ལས་རྟེན་གཞི་སྤྱི་ཆིང་འབུམ་བརྒྱད་དང་ཁྲི་དགུ་ལྷག་ལ་བདེན་དཔང་ར་སྤྲོད་ཐོབ་པ། ལྗང་མདོག་ཟས་རིགས་མཚོན་རྟགས་བེད་སྤྱོད་ལག་ཁྱེར་ཉེར་གཉིས་དང་སྐྱེ་ལྡན་བདེན་དཔང་ར་སྤྲོད་ལག་ཁྱེར་བརྒྱད་ཐོབ་ནས་སྐྱེ་ལྡན་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

དུས་མཚུངས་སུ། ཡུས་ཧྲུའུ་ཡི་རོང་འབྲོག་པ་འབུམ་གཉིས་དང་ཁྲི་གསུམ་ལ་རྩྭ་སའི་བྱ་དགའི་ཁ་གསབ་དང་འབུད་ཤིང་ཁ་གསབ་སོགས་ཀྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། འབྲོག་པ་ཁྲི་གསུམ་ལྷག་གིས“འུར་ཆ་བསྐྱུར་རྗེས་པར་ཆས་བཟུང་ནས་ཟླ་ཕོགས་ལེན་བཞིན”སྐྱེ་ཁམས་བདག་སྐྱོང་པར་གྱུར་བས། སྐྱེ་ཁམས་ཐོན་ཁུངས་ནི་མང་ཚོགས་ཀྱི“བདེ་སྐྱིད་ཀྱི་བརྟན་འཇགས་རྒྱུ་ནོར”དུ་གྱུར།

“སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོའི་བྱ་བ་གལ་ཆེན་ནང་གི་འགངས་ཆེན་ཞིག་དང་ཡུས་ཧྲུའུ་ཡི་མི་ཚང་མའི་འགན་འཁྲི་གལ་ཆེན་ཞིག་རེད། ང་ཚོས‘བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭའི་ཆུ་མཛོད་སྲུང་མཁན་ཡག་པོ་བྱེད་པའི’ཐད་ལངས་གནས་མཐོ་བ་དང་། ཚད་གཞི་མཐོ་བ། མགོ་འཛུགས་ས་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་ཐོག་ནས་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ཏེ། ‘སྐྱེ་ཁམས་ཁུལ་ཆེན’གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡིད་དབང་འཕྲོག་ཤུགས་མུ་མཐུད་དུ་ཕྱི་ལ་མངོན་དགོས”ཞེས་ཡུས་ཧྲུའུ་ཁུལ་གྱི་ཁུལ་དཔོན་བསོད་ནམས་བསྟན་འཛིན་གྱིས་དེ་ལྟར་བཤད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།