རང་བྱུང་གི་འཇིག་རྟེན། མཛེས་སྡུག་གི་དག་ཞིང་།
2024.03.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 5

 རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དེ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་འཐུས་ཚང་རང་བཞིན་སྲུང་སྐྱོབ་དང་། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་དང་ཐོན་ཁུངས་བདེ་འཇགས། དངོས་རིགས་བདེ་འཇགས་བཅས་ལ་སྲུང་སྐྱོབ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

སྤྱི་གླིང་དངོས་སུ་བཙུགས་པའི་ཚུན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རི་ཆུ་ནགས་ཞིང་དང་། མཚེའུ་རྩྭ་ཐང་བྱེ་ཐང་འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་སླར་གསོར་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་།   “རྒྱལ་ཡོངས་ཀྱི་རྒྱལ་ཁོངས་བརྟག་དཔྱད་ཐེངས་གསུམ་པ”རྨང་གཞིར་བཟུང་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ནང་གི་ནགས་ཚལ་དང་རྩྭ་ས། བརླན་ས་སོགས་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་ཁྱབ་ཚུལ། རྒྱ་ཁྱོན་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་ཤིང་། སྤྱི་གླིང་གི་རང་བྱུང་ཐོན་ཁུངས་ཀྱི་གཞི་གྲངས་འཚོལ་སྡུད་དང་ལེགས་སྒྲིག་བྱས།

རིག་ལྡན་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་མ་ལག་བསྐྲུན་ཏེ། སྐྱེ་ཁམས་གཞི་གྲངས་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་དང་། སྐྱེ་ཁམས་གཞི་གྲངས་ཆེན་མོའི་སྤྲིན་སྟེགས་དང་སྐྱེ་ཁམས་རིག་ལྡན་སྟེགས་བུ་བསྐྲུན་པ། རང་བྱུང་ཐོན་ཁུངས་རྒྱུ་ནོར་དང་སྐྱེ་ཁམས་ལྟ་སྲུང་། སྲིད་འཛིན་ཁྲིམས་བསྟར། སྐྱེ་ཁམས་རིན་ཐང་དཔྱད་དཔོག་འགྲེམ་སྟོན་དང་དབྱེ་ཞིབ་སོགས་དོ་དམ་མ་ལག་བཙུགས་ཤིང་།   “མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང”དང་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་པའི་གཞི་གྲངས་མཉམ་སྤྱོད་ཐུབ་པར་བྱས་ནས། ལྟ་ཞིབ་ཚད་ལེན་བྱ་ཡུལ་དེ2016ལོའི་གནས6ནས་གནས46བར་ཇེ་མང་དུ་བཏང་བས། རིག་ལྡན་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་ཕྱིན་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རིན་ཅིན་ཏའེ་ཡང་གིས་བཤད་པ་ལྟར་ན། དོ་དམ་སྡེ་ཁག་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་གི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་ཐུབ་པ་རེད། མིག་སྔར་གླིང་ཁུལ་གྱི་སྐྱེ་ཁམས་ལྟ་སྲུང་པ2000ལྷག་གིས་རྒྱ་བོད་སྐད་གཉིས་ཀྱི་སྐོར་གཟིགས་མ་ལག་ཆ་ཚང་ཞིག་སྒྲིག་སྦྱོར་དང་བེད་སྤྱོད་བྱས་ནས། ཉིན་རེར་དོ་དམ་ཅུའུ་གཞི་གྲངས་ཆེན་མོའི་ལྟེ་གནས་སུ་པར་རིས་དང་ཡི་གེ བརྙན་སོགས་གཞི་གྲངས་སྣ་ཚོགས1000ཙམ་བརྒྱུད་སྤྲོད་བྱེད་ཀྱིན་ཡོད།

མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ཙམ་བཏང་སྟེ་ས་ནག་ཐང་བཅོས་སྐྱོང་དང་ས་འབུར་བཅོས་སྐྱོང་། ཞན་འགྱུར་རྩྭ་ས་ལེགས་བཅོས། མིའི་ཐབས་ཀྱིས་རྩྭ་འདེབས་པ། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས། བྱེ་མ་ཅན་གྱི་ས་ཆ་བཅོས་སྐྱོང་། མིའི་རིགས་ཀྱི་འགུལ་སྐྱོད་རྗེས་ཤུལ་ཉམས་གསོ། དུག་རྩྭ་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ལས་གཞི་ལག་བསྟར་བྱས་པས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་བཞིན་པའི་གནས་བབ་ཕལ་ཆེར་བཀག་འགོག་བྱེད་ཐུབ་ཡོད་ལ། ཆུའི་ཐོན་ཁུངས་བསྡོམས་འབོར་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་ཡོད་ཅིང་། རྩྭ་ཐང་གི་སྔོ་ཁེབས་ཚད་དང་རྩྭའི་ཐོན་ཚད་སོ་སོར་ལོ10ཡི་གོང་ལས11%དང30%ཡན་ལ་ཇེ་མཐོར་སོང་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཙོ་གནད་སྐྱེ་ཁམས་སླར་གསོའི་ཕན་འབྲས་མངོན་གསལ་དུ་གྱུར་ཡོད་དེ། ས་ནག་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཚད་བཅོས་སྐྱོང་མ་བྱས་གོང་གི20%ནས་བཅོས་སྐྱོང་བྱས་རྗེས་ཀྱི70%ཡན་ལ་ཇེ་མཐོར་སོང་ཡོད།

2023ལོའི་དབྱར་ཁར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ནས་རྨ་ཆུའི་མགོ་ཁུངས་གླིང་ཁུལ་དུ་ལས་ཀར་ཡོང་བའི་འབྲོག་པ་བསོད་ནམས་དར་རྒྱས་ཀྱིས་རང་ཉིད་ཡིད་སྨོན་འཆོར་བའི་བྱ་བ་སྟེ་སྐྱེ་ཁམས་ཉམས་ལེན་དང་རང་བྱུང་སློབ་གསོའི་བྱ་འགུལ་ནང་དོན་གཙོ་བོ་ཡིན་པའི་སྐྱེ་ཁམས་ཡུལ་སྐོར་ལས་རིགས་གཉེར། དེང་སྐབས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ། ཁོས་སྤེལ་བཞིན་པའི་སྐྱེ་ཁམས་ཉམས་ལེན་ཞབས་ཕྱི་རིམ་བཞིན་འཐུས་ཚང་དུ་ཕྱིན་པར་མ་ཟད་ཡུལ་སྐོར་པའི་དགའ་བསུ་ཐོབ་བཞིན་ཡོད། “ངས་ཚོགས་པའི་འཚོ་བའི་མགོ་དཔོན་དང་ཁ་ལོ་པའི་བྱ་བ་གཉིས་གཅིག་ལྕོགས་སུ་ཁུར་ཡོད། ཟླ་རེའི་ཆ་སྙོམས་ཡོང་སྒོ་སྒོར5000ནས6000བར་ཡིན”ཞེས་དེ་ལྟར་བཤད།

2022ལོའི་ཚུན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས“གནས་བཞི”བསྐྲུན་རྒྱུར་དམིགས་ཏེ།   རྣམ་སྲས་གྲོག་རོང་ཆེན་མོའི་སྐྱེ་ཁམས་ཉམས་ལེན་དང་ཁོར་ཡུག་སློབ་གསོ་དམིགས་བསལ་གཉེར་སྐྱོང་བྱ་འགུལ། རྨ་སྟོད་རྩེར་སོན་རང་བྱུང་ཉམས་ལེན་དང་ཁོར་ཡུག་སློབ་གསོའི་བྱ་འགུལ་བཅས་ལ་སྐུལ་འདེད་ཆེན་པོ་བཏང་།

མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་དོན་འཁྱོལ་བྱས་ཏེ། རྫ་ཆུའི་འབྱུང་ཡུལ་གླིང་ཁུལ་དང་། འབྲི་ཆུའི་འབྱུང་ཡུལ་ཨ་ཆེན་གངས་རྒྱབ་ས་ཁོངས། རྨ་ཆུའི་འབྱུང་ཡུལ་གླིང་ཁུལ་བཅས་ཀྱི་རང་བྱུང་སློབ་གསོའི་སློབ་ཁང་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་བསྐྲུན་རོགས་བྱས། འཕེལ་རྒྱས་གཏོང་སྟངས་གསར་རྐྱང་གིས་ས་དེའི་བཟའ་བཏུང་དང་འགྲིམ་འགྲུལ། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་སོགས་ཀྱི་ཐོན་ལས་ལ་སྐུལ་ཁྲིད་བྱས་པ་དང་། མང་ཚོགས་ལ་ལས་གཏོད་དང་ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་པོ་བསྐྲུན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།