མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་ཆེས་ཆེར་འཕར་ཡོད།
2024.03.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག མཚོ་སྔོན་ནས་ཡོང་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཞུས་ཆིང་མིན་གྱིས་འདྲ་པར་ཞིག་ཁྱེར་ཡོང་བ་རེད། འདྲ་པར་དེའི་ནང་དུ་ཤྭ་བ་མཆུ་དཀར་བརྒྱ་ལྷག་དར་ཆགས་པའི་རྨ་ཆུའི་ཐོག་ཏུ་འགྲོ་བཞིན་ཡོད།

འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱི་འཇིག་ལ་ཉེ་བའི་སྲོག་ཆགས་ཀྱི་མིང་ཐོ་དམར་པོའི་ནང་བཅུག་པའི་ཤྭ་བ་མཆུ་དཀར་རྣམས་ཁྱུ་བྱས་ཏེ་བསྐྱོད་དགོས་དོན་གང་ཡིན་ནམ། ཞུས་ཆིང་མིན་གྱིས་འདྲ་པར་འདི་ཁྱེར་ཡོང་དོན་ཅི་ཡིན་ནམ།

སྲུང་སྐྱོབ་སྲིད་ཇུས་དོན་འཁྱོལ་དང་སྐྱེ་ཁམས་ལ་གཅེས་སྐྱོང་བྱེད་པའི་འདུ་ཤེས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལོ་རེ་བཞིན་ཇེ་ལེགས་སུ་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད།

རྒྱལ་ཡོངས་ཚོགས་ཆེན་གཉིས་མ་འཚོགས་པའི་སྔ་ནུབ་ཏུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་སྐྱེ་ཁམས་བདག་སྐྱོང་པས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཤྭ་བ་མཆུ་དཀར400ལྷག་ཙམ་དར་ཆགས་པའི་རྨ་ཆུའི་ངོས་སུ་གྲལ་སྟར་འགྲིག་པོས་སྐྱོད་པའི་ངོ་མཚར་ཆེ་བའི་རྣམ་པ་དེ་པར་ལེན་ཐུབ་ཡོད། ཞུས་ཆིང་མིན་གྱིས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་པ་དང་བསྟུན་ནས། རིགས་སོ་སོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱུང་བས། སྐྱེ་ཁམས་ཁོར་ཡུག་ལོ་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། འཇིག་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་གྲངས་ཀ་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར།

དུས་ཡུན་རིང་པོའི་ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོ་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་སླར་གསོ་བྱུང་བ་དང་། རྩྭ་ཐང་དང་བརླན་སའི་གྲངས་ཀ་དང་སྤུས་ཚད་ཀྱིས་རི་སྐྱེས་སྲོག་ཆགས་མང་པོའི་འཚོ་གནས་དང་ཟས་འཚོལ་བར་འདེགས་སྐྱོར་ཐུབ་ཀྱིན་ཡོད། དུས་མཚུངས་སུ་ས་གནས་དེ་གའི་སྲིད་གཞུང་དང་མི་དམངས་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྐྱོང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་ཁོར་ཡུག་གི་འདུ་ཤེས་བཟང་པོ་ཞིག་ཆགས་ཡོད་ཅིང་། སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དེ་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་གཞི་ཚུགས་པ་དང་མྱུ་གུ་འབུས་ཡོད་པས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཐུབ་པ་མཚོན་ཡོད།

མཚོ་སྔོན་འདི་ཉིད་མཚོ་བོད་མཐོ་སྒང་དུ་གནས་པ་དང་། འཛམ་གླིང་ཐོག་གི་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་བསྡུས་ས་ཁུལ་གྱི་གྲས་ཤིག་ཡིན། དེ་གར་གསའ་དང་གཙོད། ཤྭ་བ་མཆུ་དཀར་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་ཀྱིན་ཡོད། དུས་ཡུན་རིང་པོར་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ལས་དོན་སྒྲུབ་མཁན་ཞུས་ཆིང་མིན་ལ་ཉེ་བའི་ལོ་ཤས་རིང་གི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད།

ཁོས་བཤད་རྒྱུར། ལྷག་པར་དུ་ད་ལོ་ཕྱི་རོལ་དུ་ལྟ་ཞིབ་ཚད་ལེན་བྱེད་མཁན་ལས་རོགས་ཚོས་ཤྭ་བ་མཆུ་དཀར་ཁྱུ་དང་ཁྱུ་བྱས་ནས་རྩྭ་ཐང་དུ་ཟས་འཚོལ་བ་དང་འགྲོ་སྐྱོད་བྱེད་པ་མཐོང་ཐུབ་ཀྱིན་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཅུང་དཔེ་མཚོན་ཡིན་པའི་ཤྭ་བ་མཆུ་དཀར་གྱི་གྲངས་ཀ་ཁྲི་གཉིས་དང་སྟོང་ལྔ་བར་འཕར་ཡོད་ཟེར།

མདོ་དབུས་མཐོ་སྒང་གི་རྩ་ཆེའི་སྲོག་ཆགས་པེ་ཅིང་རི་དྭགས་ཁང་དུ་གཞིས་ཆགས།

ཤྭ་བ་མཆུ་དཀར་གྱི་མཆུ་ཏོའི་མཐའ་འཁོར་དུ་མདོག་དཀར་པོ་ཅན་གྱི་ཁྲ་རྡོག་ཡོད་པས། མིང་དེ་ལྟར་ཐོགས་པ་དང་། མདོ་དབུས་མཐོ་སྒང་དང་དེའི་མཐའ་རྒྱུད་ཀྱི་རི་མཐོའི་རྩྭ་ཐང་དུ་ཁྱབ་ཅིང་། དེ་ནི་མཚོ་འཕང་སྨི5000ལས་བརྒལ་བའི་རྩྭ་ཐང་དུ་འགུལ་སྐྱོད་བྱེད་ཐུབ་པ་མ་ཟད། མཚོ་འཕང་སྨི3000ལས་དམའ་བའི་ནགས་རིའི་མཐའ་ཁུལ་དུ་ཡང་འགྲོ་སྐྱོད་བྱེད་ཐུབ་པས། དེ་ནི་འཚོ་སྡོད་བྱེད་གནས་ཀྱི་ས་བབ་མཐོ་ཤོས་ཡིན་པའི་ཤྭ་རིགས་ཀྱི་གྲས་ཤིག་ཡིན།

2018ལོར། མཚོ་སྔོན་ནས་ཡོང་བའི་ཤྭ་བ་མཆུ་དཀར་བཞི་པེ་ཅིང་རི་དྭགས་ཁང་དུ་གཞིས་ཆགས།

2021ལོའི་ཟླ8པར། ཤྭ་བ་མཆུ་དཀར་པེ་ཅིང་རི་དྭགས་ཁང་དུ་བདེ་བླག་ངང་རྒྱུད་སྤེལ་ཐུབ་ནས་ཤྭེའུ་གཉིས་བདེ་བླག་ངང་སྐྱེས་ཡོད།

2022ལོར། སླར་ཡང་ཤྭ་བ་མཆུ་དཀར་མོ་ཞིག་བདེ་བླག་ངང་རྒྱུད་སྤེལ་ཐུབ་ཡོད།

གནས་སྐོར་བ་མང་པོ་ཞིག་དེར་ལྟ་རུ་ཡོང་བཞིན་ཡོད་ལ། ཡུལ་སྐོར་བ་ཁ་ཤས་ཀྱིས་ཤྭ་བ་མཆུ་དཀར་སྙིང་རྗེ་མོ་འདུག  རི་དྭགས་ཁང་གིས་བདག་སྐྱོང་ཡག་པོ་བྱས་འདུག་ཟེར་བཞིན་ཡོད།

ལོ་ངོ་དྲུག་གི་རིང་། པེ་ཅིང་དུ་གཞིས་ཆགས་པའི་ཤྭ་བ་མཆུ་དཀར་གྱིས་གནས་སྐོར་བ་མང་པོའི་ཡིད་དབང་བཀུག་པ་མ་ཟད། མི་སྔར་ལས་མང་བས་ཤྭ་བ་མཆུ་དཀར་གྱི་ཕ་ཡུལ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དོ་ཁུར་བྱེད་ཀྱིན་ཡོད།

ཞུས་ཆིང་མིན་གྱིས་དེ་སྔོན་མེ་འཁོར་ནང་ལྷ་ས་དང་ཡུས་ཧྲུའུ་རུ་སྐྱོད་མཁན་གྱི་ཡུལ་སྐོར་བ་དང་འཕྲད་མྱོང་ཡོད། ཁོ་ཚོས་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་དང་ནམ་མཁའ་སྔོ་བའི་སྐྱེ་ཁམས་མཛེས་ལྗོངས་ལ་ཡིད་སྨོན་བྱེད་པ་མ་ཟད། བྱིས་པ་ཁྲིད་ནས་སྐྱེ་ཁམས་སློབ་གསོ་དང་ལེན་བྱེད་ཀྱིན་ཡོད་ཅེས་བརྗོད་ཀྱིན་འདུག གྲོགས་པོ་ཆུང་ཆུང་ཚོས་མཚོ་སྔོན་དུ་གཙོད་དང་གསའ་ཡོད་པ་དང་ལྷག་པར་དུ་པེ་ཅིང་རི་དྭགས་ཁང་ནས་ཤྭ་བ་མཆུ་དཀར་མཐོང་རྗེས་དེར་སྤྲོ་སྣང་ཆེན་པོ་བྱུང་བ་མ་ཟད། ཡུས་ཧྲུའུ་དང་གཙང་གསུམ་འབྱུང་ཡུལ་ལ་སྔར་ལས་ཤེས་རྟོགས་བྱ་རྒྱུའི་རེ་བ་བྱེད་ཀྱི་འདུག་ཅེས་ཕྱིར་དྲན་བྱེད་ཞོར་དུ་དེ་ལྟར་བཤད།

བརྒྱུད་རིམ་ལྡན་པའི་བསམ་གཞིགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་སྟངས་འཛིན་པ་དང་། གྲངས་འཛིན་ཅན་གྱི་ལག་རྩལ་ལ་བརྟེན་ནས་མི་དང་ཁོར་ཡུག་གི་བར་ཐག་ཇེ་ཉེར་གཏོང་དགོས།

རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་པ་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་ཡོང་བ་བྱེད་པའི་བར་དང་། ཁོར་ཡུག་བཅོས་སྐྱོབ་བྱེད་པ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བར། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པའི་ངོས་ནས། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་མཚོ་སྔོན་གྱི་འཐུས་མིས་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་སའི་དོན་གནད་ཅིག་རེད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། མཚོ་སྔོན་སློབ་ཆེན་ཕྱུགས་ལས་ཕྱུགས་སྨན་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཏུང་ཆོན་མིན་གྱིས་བཤད་རྒྱུར། རྩྭ་སར་ཆ་མཚོན་ན། དེ་ཡང་སྐྱེ་ཁམས་མ་ལག་ཅིག་ཡིན་པ་དང་། ས་དང་རྩྭ། ཕྱུགས། མི་སོགས་སྤྱི་ཡོངས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པས། དོ་དམ་དང་ལུགས་མཐུན་བེད་སྤྱོད། ཞན་འགྱུར་རྗེས་ཀྱི་ཉམས་གསོ་བཅས་གང་ཞིག་ཡིན་རུང་། བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་བརྟེན་ནས་སླར་གསོ་བྱེད་དགོས་ཟེར།

མཚོ་སྔོན་དུ་རྩྭ་ཐང་གི་རྒྱ་ཁྱོན་གྱིས་ཞིང་ཆེན་ས་ཁོངས་རྒྱ་ཁྱོན་གྱི་ཕྱེད་ཀ་ཡན་བཟུང་ཡོད། འདས་ཟིན་པའི་ལོ་གཅིག་ནང་། མཚོ་སྔོན་གྱིས“ཀྲུང་ཧྭའི་ཆུ་མཛོད” སྲུང་སྐྱོབ་འགུལ་སྐྱོད་ལག་བསྟར་བྱས་པ་དང་། “མཁའ་དབྱིངས་དང་ས་ངོས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བ་རིམ་བཞིན་འཐུས་ཚང་དུ་བཏང་བ། གཙང་པོ་དང་མཚེའུ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་ཀྱི་མ་ལག་ཁྱོན་ཡོངས་ནས་བཙུགས་ཡོད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། ཟི་ལིང་གྲོང་ཁྱེར་ཆུ་ལམ་བཅོས་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རིན་ཅང་ཀྲི་ཀང་ལ་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོས་གཙང་པོ་དང་མཚེའུ་ཡི་དོ་དམ་ཁྲོད་རྒྱུན་དུ་བཤད་པའི་ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་ཆུའི་སྐྱེ་ཁམས་སླར་གསོ། དེ་བཞིན་ཆུའི་སྦགས་བཙོག་འགོག་བཅོས་སོགས་ཀྱི་བྱ་བའི་ཐད་སྡེ་ཁག་སོ་སོས་གཞོགས་འདེགས་དམ་ཟབ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱིན་ཡོད།

ད་ལོའི་ཚོགས་ཆེན་གཉིས་ཀྱི་ཐོག ཞུས་ཆིང་མིན་གྱིས་ཀྱང་འབྲེལ་ཡོད་གྲོས་མགོ་བཏོན་པ་རེད། ཁོས་ད་ལྟ་དར་སྤེལ་བཏང་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆེན་པོའི་ནང་། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ནི་ལས་རིགས་སོ་སོའི་གཙོ་གཉེར་སྡེ་ཁག་ཁོངས་གཏོགས་ཀྱི་ལྟ་ཞིབ་ཚད་ལེན་སྒྲིག་གཞིས་མཉམ་དུ་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། གཞི་གྲངས་དེ་ད་དུང་གཞི་གྲངས་རྒྱུན་ལ་དངོས་སུ་ཆགས་མེད། གལ་ཏེ་དུས་བཅད་ལྟར་གཞི་གྲངས་བརྗེ་རེས་དང་གཞི་གྲངས་མཉམ་སྤྱོད་བྱེད་ཐུབ་ན། སྐྱེ་ཁམས་ཁོར་ཡུག་སྲུབ་སྐྱོང་བྱ་རྒྱུ་ཁ་ཕྱོགས་དང་ལྟེ་བ་འདོན་སྤྲོད་བྱ་རྒྱུ་དང་སྐྱེ་ཁམས་ཁོར་ཡུག་དོ་དམ་གྱི་ལས་ཆོད་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོང་སྲིད་པའི་ངོས་འཛིན་བྱས།

དེ་དང་ཆབས་ཅིག ཤྭ་བ་མཆུ་དཀར་གྱི་ཕ་ཡུལ་དུ། མཚོ་སྔོན་སློབ་ཆེན་གྱི་ཚན་ཞིབ་ཚོགས་པས“གྲངས་འཛིན་ཅན་གྱི་ཤྭ་བ་མཆུ་དཀར”བཟོས་ནས་ཤྭ་བ་མཆུ་དཀར་གྱི་རྣམ་པ་དང་གོམས་གཤིས་ལ་ལད་མོ་བྱེད་བཞིན་ཡོད་པ་དང་། མ་འོངས་པར་ད་དུང་དྲ་གྲོགས་དང་བརྗེ་རེས་ཐུབ་པ་བྱ་རྒྱུ་རེད། ཚོགས་པས་ཚན་རིག་ཁྱབ་གདལ་གྱི་འགུལ་རིས་དང་དྲ་རྒྱའི་མཉམ་འགུལ་སོགས་གྲངས་འཛིན་ཅན་གྱི་ལག་རྩལ་བརྒྱུད་ཤྭ་བ་མཆུ་དཀར་སོགས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད་པ་རེད།

མཚོ་སྔོན་སློབ་ཆེན་ཆ་འཕྲིན་ཅན་ལག་རྩལ་ལྟེ་གནས་ཀྱི་ཀྲུའུ་རིན་ལིག་ཀྲི་ཆང་གིས་བཤད་རྒྱུར། གྲངས་འཛིན་ཅན་གྱི་སྲུང་སྐྱོབ་དེ་མདོ་དབུས་མཐོ་སྒང་དུ་མཐོང་དཀོན་པའི་དངོས་རིགས་ཤིག་ཡིན་པའི་ཤྭ་བ་མཆུ་དཀར་གྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། དེས་མི་རྣམས་ལ་བར་ཐག་ཇེ་ཉེར་བཏང་ཡོད། དཔེར་ན། དྲ་བ་བརྒྱུད་གེགས་མེད་ཀྱི་བྱ་ཐབས་ཐོག་ནས་ཤྭ་བ་མཆུ་དཀར་གྱི་རིགས་ལ་རྒྱུས་ལོན་དང་དགའ་ཞེན། དོ་སྣང་བཅས་སྔར་ལས་ལྷག་པ་ཐོབ་ཐུབ་ཅིང་། ཚང་མས་ཤྭ་བ་མཆུ་དཀར་གྱི་ཕ་ཡུལ་ལ་དོ་ཁུར་སྔར་ལས་མང་བ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་དོ་སྣང་སྔར་ལས་ཆེ་བ་བྱེད་ཐུབ་རྒྱུ་རེད་ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།