བརླན་སའི་ལྟ་སྲུང་པ།
2024.03.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ་གཉིས་པའི་ཚེས་བཞི་ཉིན་གྱི་ཞོགས་པར། ཚེ་རིང་དོན་གྲུབ་ཀྱིས་སྐོར་སྲུང་རུ་ཁག་གི་གྱོན་ཆས་གྱོན་ཞིང་ཟིན་ཐོ་འགོད་ཆས་ལག་ཏུ་བཟུང་སྟེ། ཉིན་གཅིག་གི་སྐོར་སྲུང་ལས་དོན་སྤེལ་མགོ་ཚུགས། སྒོ་ཕྱེས་བ་ན། གློ་བུར་དུ་གྲང་རླུང་ལྡང་ཞིང་། ཚེ་རིང་དོན་གྲུབ་ཀྱིས་སྐེ་ནང་དུ་སྐུམ་སྐུམ་ཞིག་བྱས་ཏེ། ལག་པས་ལྭ་བའི་གོང་ཁ་དམ་པོར་བསྡམས་རྗེས། མགྱོགས་མྱུར་ངང་སྤྱི་ལེ་ཁ་ཤས་ཀྱི་མཚམས་སུ་ཡོད་པའི་སྐོར་སྲུང་བྱ་ཡུལ་གྱི་ཕྱོགས་སུ་བསྐྱོད།

ཚེ་རིང་དོན་གྲུབ་ཚང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྟེ་བར་གནས་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་མཚོ་བཟང་སྡེ་བར་ཡོད་ལ། 2018ལོར་མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར།

“ལོ་རེའི་ཟླ་གསུམ་པའི་ཟླ་མཇུག་ནས་ཟླ10པའི་བར། ཁྲུང་ཁྲུང་སྐེ་ནག་འབོར་ཆེན་ཞིག་གིས་རོང་པོ་ཐང་བརླན་སར་ཚང་བཟོ་བ་དང་འཚོ་སྡོད་བྱེད་ཀྱིན་ཡོད། སྐོར་སྲུང་བྱེད་ཐེངས་རེར་ཆ་དང་ཆ་བྱས་པའི་ཁྲུང་ཁྲུང་སྐེ་ནག་གིས་གར་སྟབས་སྒྱུར་བཞིན་པ་དང་། ཁྱུ་དང་ཁྱུ་བྱས་པའི་ངུར་བའི་ཚོགས་ཀྱིས་དགའ་བའི་རྩེད་འཇོར་རོལ་ཞིང་རང་དབང་གིས་གཤོག་རྩལ་སྒྱུར་བཞིན་པ་མཐོང་ཐུབ་པས། མཐོ་སྒང་དུ་འདབ་ཆགས་སྲུང་སྐྱོབ་བྱ་རྒྱུ་ནི་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་རེད”ཅེས་ཚེ་རིང་དོན་གྲུབ་ཀྱིས་དེ་ལྟར་བཤད།

དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བར། མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དེ་རང་རྒྱལ་གྱི་ཁྲུང་ཁྲུང་སྐེ་ནག་དང་དེའི་སྐྱེ་འཕེལ་བྱ་ཡུལ་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་པོར་གྱུར་པ་དང་། བརླན་ས་མང་པོ་ཞིག་མདོ་དབུས་མཐོ་སྒང་གི་རི་སྐྱེས་འདབ་ཆགས་འཚོ་གནས་བྱེད་ས་དང་སྐྱེ་འཕེལ་བྱ་ཡུལ་དུ་གྱུར། རོང་པོ་ལའང་འདབ་ཆགས་ཆེད་མཁས་པས“ཁྲུང་ཁྲུང་སྐེ་ནག་གི་ཕ་ས”ཞེས་བསྔགས་བརྗོད་བྱེད་ཀྱིན་ཡོད།

རྒྱལ་སྤྱིའི་བརླན་ས་གལ་ཆེན་ཞིག་ཡིན་པའི་མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཐོག་མའི་དུས་སུ་མདོང་གཉིས་རྒྱང་ཤེལ་གཅིག་ལས་མེད་པ་ནས་དུས་དང་རྣམ་པ་ཀུན་ཏུ་ཆུ་བྱ་འཚོ་སྡོད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་བརྙན་ལམ་ལྟ་ཞིབ་ཚོད་འཛིན་སྟེགས་བུ་ཡོད་པའི་བར་དང་། ལས་བཟོ་པ་ཁ་ཤས་ཤིག་གིས་མཚོ་སྐོར་བྱ་སྲུང་བྱེད་པ་ནས་མཚོ་སྔོན་དུ་བརླན་སའི་དོ་དམ་སྲུང་སྐྱོབ་པའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་མགོ་ཚུགས་པའི་བར། རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་ནས་གྲངས་འཛིན་ཅན་གྱི་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་པའི་བར་བཅས་ལ་འཕེལ་རྒྱས་བྱུང་སྟེ། དེང་སྐབས་རང་བྱུང་སྲུང་སྐྱོབ་ཁུལ་དུ་ད་དུང་རང་བྱུང་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་སློབ་གསོ་ཁང་དང་། འདབ་ཆགས་རིགས་སྲུང་སྐྱོབ་ཁང་། འདབ་ཆགས་ལྟ་ཞིབ་ཁང་། ཆུ་བྱ་ལྟ་ཞིབ་ཚད་ལེན་ལྟེ་གནས་སོགས་ཁོར་ཡུག་སློབ་གསོའི་རྟེན་གཞི་མང་པོ་བཙུགས་ཡོད།

དེ་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དུ་བསྐྱོད་ན། 2015ལོར། རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་ལ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་ཚོད་ལྟའི་ས་ཚིགས་ཀྱི་ཆོག་མཆན་སྤྲད་པ་དང་། སློབ་ཆེན་མཐར་ཕྱིན་ནས་ཅུང་མ་འགོར་བའི་འཇིགས་མེད་རྡོ་རྗེ་ནི་སྐབས་དེ་ཙམ་ཞིག་ནས་རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་བརླན་སའི་སྐོར་སྲུང་རུ་ཁག་གི་ཁོངས་མི་ཞིག་ཏུ་གྱུར།

ཁོས་ཉིན་རྒྱུན་ཕྱོགས་གཅིག་ནས་བརླན་སའི་སྤྱི་གླིང་དབྱེ་འབྱེད་ས་ཁོངས་ནང་སྐོར་ཞིབ་སྐོར་སྲུང་དང་ལྟ་སྐུལ་དོ་དམ་བྱས་ཏེ། གཙོ་གནད་ཆུ་བོ་དང་། གཙོ་གནད་ཆུ་བོའི་དུམ་མཚམས། གཙོ་གནད་དུས་མཚམས་བཅས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་སྔ་མོ་ནས་མཐོང་བ་དང་། སྔ་མོ་ནས་འགོག་པ། སྔ་མོ་ནས་ཐག་གཅོད་བཅས་བྱས་ཏེ། དུམ་མཚམས་རེ་རེ་དང་། ནགས་ཚལ་དང་རྩྭ་ས་རེ་རེ། ཆུ་ཁོངས་བཅས་ལ་དོ་དམ་བྱེད་མཁན་ཡོད་པ་དང་། དོ་དམ་བྱེད་ཐུབ་པ། དོ་དམ་ཡག་པོ་བྱེད་ཐུབ་པར་འགན་ལེན་བྱས་ཤིང་། ཕྱོགས་གཞན་ཞིག་ནས་འབྲོག་པར་སྐྱེ་ཁམས་སྲུང་སྐྱོབ་སྐོར་དྲིལ་སྒྲོག་བྱས་ནས། འབྲོག་པ་དེ་བས་མང་པོར་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རྒྱུས་མངའ་ཡོད་དུ་བཅུག

“འདི་གར་མཚོ་འཕང་མཐོ་བ་དང་གནམ་གཤིས་གྲང་ངར་ཆེ་ལ་དགུན་དུས་རིང་མོད། འོན་ཀྱང་རུ་མི་མང་ཆེ་བ་ནི་བརླན་སའི་མཐའ་འཁོར་གྱི་སྡེ་བ་སོ་སོ་ནས་འདེམ་སྒྲུག་བྱས་པའི་འགན་འཁྲིའི་བསམ་པ་ཅན་གྱི་འབྲོག་པ་ཡིན་ཞིང་། ཁོ་ཚོ་ཆུང་དུས་ནས་རྩེ་ཆུའི་བརླན་ས་ཡོད་སའི་གནས་འདིར་འཚོ་བ་བསྐྱལ་བ་ཡིན་པས། དེ་གའི་གནས་ཚུལ་ལ་རྒྱུས་ཧ་ཅང་ཆེན་པོ་ཡོད་ལ་ས་ཆ་དེར་དགའ་ཞེན་ཆེ།” ཁ་བརྡ་བྱེད་པའི་བར་གསེང་ནས། འཇིགས་མེད་རྡོ་རྗེས་ཁུག་མའི་ནང་ནས་ལག་ཁྱེར་ཁ་པར་བླངས་ཏེ་ཕྱི་རོལ་གྱི་ལྟ་སྐུལ་ཚོད་འཛིན་མ་ལག་གི་སྒོ་ཕྱེས་ཤིང་།ཞིབ་ཕྲའི་གནས་རེ་རེར་ཆད་ལྷག་འབྱུང་བར་སེམས་ཁྲལ་བྱེད་བཞིན་ཡོད།

“འདི་ནི་རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་བཙུགས་པའི་ཆུ་ཚོད་ཉེར་བཞིའི་རིང་གི་ཕྱི་རོལ་གྱི་ལྟ་སྐུལ་ཚོད་འཛིན་མ་ལག་ཡིན་པས། ང་ཚོས་ཕྱི་རོལ་དུ་སྐོར་སྲུང་བྱེད་པའི་དུས་མཚུངས་སུ། ལག་ཁྱེར་ཁ་པར་དང་ལྟ་སྐུལ་ཚོད་འཛིན་ལྟེ་གནས་ཀྱི་དྲ་བ་སྦྲེལ་ཏེ། ཕྱི་རོལ་གྱི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་ཚོད་འཛིན་བྱས་ནས་ས་ངོས་ཀྱི་སྐོར་སྲུང་དང་རི་ཐང་ལ་ལྟ་སྐུལ་ཚོད་འཛིན་བྱ་རྒྱུ་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་ཐུབ”ཅེས་འཇིགས་མེད་རྡོ་རྗེས་ངོ་སྤྲོད་བྱས།

ལོ་མང་རིང་དོ་དམ་སྲུང་སྐྱོབ་བྱས་པ་བརྒྱུད། རྩེ་ཆུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས། མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་དེ་རྩེ་གཞུང་རྩྭ་ཐང་གི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། འཇིགས་མེད་རྡོ་རྗེས་གསར་འགོད་པར་བཤད་རྒྱུར། དེང་སྐབས་རི་སྐྱེས་སྲོག་ཆགས་ཀྱི་རིགས་དང་གྲངས་འབོར་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། རྐྱང་དང་ཝ་སོགས་རི་སྐྱེས་སྲོག་ཆགས་མང་པོ་མིའི་རིགས་དང་འཆམ་མཐུན་མཉམ་གནས་བྱེད་ཀྱིན་ཡོད། གོ་བོ་དང་གླག ཕྲག་དཀར་གླག ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་འདབ་ཆགས་ཀྱི་རིགས་ཡུལ་དེ་རུ་ཡོང་སྟེ་གཞིས་ཆགས་ཤིང་། ད་དུང་ལྕུམ་དང་། སྤང་སྤོས། སྲོ་ལོ་དམར་པོ་སོགས་རིགས་མི་འདྲ་བའི་སྨན་སྤྱོད་སྐྱེ་དངོས་ལས་གྲུབ་པའི་ཁྱད་ལྡན་སྐྱེ་ཁམས་མ་ལག་ཀྱང་ཡོད།

“ང་ཚོས་ལྟ་སྲུང་བྱས་པ་བརྒྱུད། རྩ་ཆེའི་རི་སྐྱེས་སྲོག་ཆགས་དེ་བས་མང་པོ་ཞིག་གནས་འདིར་གཞིས་ཆགས་ཏེ། གངས་ལྗོངས་མཐོ་སྒང་དུ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡིན་པའི་མཛེས་སྡུག་གི་ཡུལ་ལྗོངས་ཤིག་མིག་མདུན་དུ་མངོན་ཐུབ་པའི་ཡིད་ཆེས་ཡོད”ཅེས་འཇིགས་མེད་རྡོ་རྗེ་ཡིས་དེ་ལྟར་བཤད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།