རྨ་ཀླུང་སྔོན་མོས་སྐྱེ་ཁམས་ལ་རིན་ཐང་བསྩལ།
2024.03.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 6

ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་སྟེ་རྨ་ཆུ་ནི་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དང་། ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་། མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་བཅས་རྫོང་གསུམ་བརྒྱུད་ནས་བཞུར་བཞིན་ཡོད་པ་དང་། མིན་ཧོ་རྫོང་ཡུའེ་ཝང་འགག་བརྒྱུད་དེ་ཞིང་ཆེན་ཕྱི་རུ་བཞུར་བཞིན་ཡོད། དེར་བརྟེན་རྨ་ཆུ་ནི་མཚོ་ཤར་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན།

“ཆུ་བོར་བསྡོངས་ཏེ་འཚོ་བ”ནས“ཆུ་བོར་བརྟེན་ནས་དར་བ”ཡི་བར། མཚོ་ཤར་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་གྱི་ཞིབ་ཕྲའི་བྱེད་ཐབས་ཡིད་ལ་དམ་པོར་བཅངས་ཞིང་ལག་ཏུ་བསྟར་ནས། སྲུང་སྐྱོབ་ཆེན་མོ་མཉམ་དུ་དམ་འཛིན་གང་ལེགས་དང་། བཅོས་སྐྱོང་ཆེན་མོར་མཉམ་དུ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་བཅས་བྱས་ཏེ། རྨ་ཆུ་དང་ཙོང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་མཐུད་ངང་ཡག་པོ་ཡོང་བ་དང་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱས།

དཔྱིད་མགོ་མའི་རྨ་ཆུ་དལ་མོར་བཞུར་བཞིན་ཡོད་ལ། རྨ་ཆུའི་ཞུན་ཧྭའི་དུམ་མཚམས་ལ་ཁྱད་ཆོས་གཞན་དང་མི་འདྲ་བ་མངོན་ཡོད། ནམ་མཁའ་སྔོ་ཞིང་དྭངས་ལ། རྨ་ཆུ་གཡུ་ཡི་མདངས་སུ་འཁྱིལ་བ། ཙོང་ཁའི་སྐྱེས་རིའི་བཀྲག་མདངས་ཀྱིས་རྨ་ཆུར་མཛེས་པ་སྦྱིན་ཡོད། ལོ་འདི་དག་གི་རིང་ལ། ཞུན་ཧྭ་རྫོང་གིས་བྱེད་ཐབས་ལེགས་པོ་སྤྱད་དེ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཆལ་ཆིལ་དུ་འབབ་པའི་རྨ་ཀླུང་སྔོན་མོ་ཞུན་ཧྭ་རྫོང་རག་ཤུལ་མདོ་ནས་བཞུར་རྗེས་འགྲོས་ཇེ་དལ་དུ་ཕྱིན་ཡོད་པ་དང་། ཆུ་ལམ་གྱི་གད་སྙིགས་འགྲམ་ངོགས་སུ་དེད་དེ། སྐོམ་ཆུའི་དམ་བུ་དང་། འགྱིག་ཁུག ཤོག་སྙིགས་ཁུག་མ་སོགས་མཐོང་།“སྐབས་རེར། ཉིན་མོའི་དུས་ལ་ཆུ་ངོས་ཤིན་ཏུ་གཙང་ཡང་། ཞག་གཅིག་སོང་རྗེས་གང་ནས་ཁུར་ཡོང་བ་མི་ཤེས་པའི་གད་སྙིགས་ཆུ་ཁར་གཡེང་འདུག”ཅེས་རག་ཤུལ་མདོ་ཡུལ་ཚོའི་མགོ་གཙོ་གཞོན་པ་ཀླུ་རྒྱལ་དོན་གྲུབ་ཀྱིས་དེ་ལྟར་བཤད།

རྨ་ཆུ་ནི་རག་ཤུལ་མདོ་ཡུལ་ཚོའི་ས་ཁོངས་སུ་སྤྱི་ལེ30ཙམ་ལ་བཞུར་བཞིན་ཡོད་པས། ས་གནས་དེ་གའི་མིང་དོན་མཚུངས་པའི་མ་ཡུམ་ཆུ་བོ་ཡིན། འགྱིག་ཆས་དང་འགྱིག་ཤོག་གད་སྙིགས་གཏན་འགོག་བྱེད་ཆེད། རག་ཤུལ་མདོ་ཡུལ་ཚོ་སྲིད་གཞུང་གིས་གཟའ་འཁོར་རེའི་གཟའ་པ་སངས་ཉིན་ཁོར་ཡུག་གཙང་སྦྲའི་ཉིན་མོར་གཏན་འཁེལ་བྱས་ཡོད། ཁོར་ཡུག་གཙང་སྦྲའི་ཉིན་མོར་ཡུལ་ཚོ་དང་སྡེ་བ་རིམ་པའི་ལས་བྱེད་པ་དག“ཁོར་ཡུག་མཛེས་བཟོ་མཁན”དུ་གྱུར་ནས། ཏང་ཡོན་དང་མང་ཚོགས་ལ་རྒྱ་ཁྱབ་ངང་སྐུལ་སློང་བྱས་པ་དང་། རྨ་ཆུ་དང་རག་ཤུལ་མདོ་ཆུ་ལམ་གྱི་ཆུ་ཁར་གཡེང་བའི་དངོས་པོ་དང་གཞོགས་གཉིས་ཀྱི་འཛུགས་སྐྲུན་གད་སྙིགས་ཁྱོན་ཡོངས་ནས་གཙང་སེལ་དང་ཆུ་ངོགས་ཀྱི“ཟང་ཟིང་བཞི”བཅོས་སྒྲིག་བྱས་པས་འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཐུབ་ཡོད།

རྨ་ཆུའི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ནི་དུས་ཡུན་རིང་བའི་བཟོ་འགོད་ཅིག་ཡིན་པས། རྒྱུན་འཁྱོངས་ལྷོད་མེད་བྱས་ན་ད་གཟོད་སྔོ་ལྗང་རི་ཆུ་གནས་སུ་འཇུག་ཐུབ། 2023ལོའི་ལོ་དཀྱིལ་དུ་མཚོ་ཤར་གྲོང་ཁྱེར་གྱིས《རྨ་ཆུའི་མཚོ་ཤར་བཞུར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་འགུལ་སྐྱོད་ཇུས་གཞི》བཏོན་ཏེ་འགྲེམ་སྤེལ་བྱས། སྲུང་སྐྱོབ་བྱ་རྒྱུ་གཙོ་བོ་དང་བཅོས་སྐྱོང་བྱ་རྒྱུ་གཞི་རྐང་བྱས་ཏེ། ཆུ་ཁུངས་གསོ་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་ཐོན་རྫས་སྔར་ལས་མང་པོ་བསྐྲུན་རྒྱུ་གཙོ་གནད་དུ་འཛིན་པ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མ་ཡུམ་ཆུ་བོའི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་གནས་པར་བྱ་རྒྱུ་དམིགས་ཚད་དུ་བྱས་ནས། རྨ་ཆུའི་མཚོ་ཤར་བཞུར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་འགུལ་སྐྱོད་ཁྱོན་ཡོངས་ནས་སྤེལ།

2025ལོའི་བར་དུ། མཚོ་ཤར་གྲོང་ཁྱེར་གྱིས་རྨ་ཆུའི་སྟོད་རྒྱུད་ཀྱི་མཚོ་ཤར་དུམ་མཚམས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་དང་། འབབ་རྒྱུད་ཡུན་རིང་བདེ་འཇགས་འགན་ལེན་བྱེད་པ། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་བྱས་ཏེ་ཕན་ནུས་མཐོ་བའི་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ལྗང་མདོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཚོ་ཤར་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།