ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཕྲུག་སྲུང་སྐྱོབ་ས་ཚིགས་སུ་བསྐྱོད་པ།
2024.03.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

 ཆ་སྙོམས་མཚོ་འཕང་སྨི4600ཡོད་པའི་ཨ་ཆེན་གངས་རྒྱབ་དུ་ཁྱད་པར་ཅན་གྱི་གཙོད་ཕྲུག་སྐྱོབ་ས་ཞིག་ཡོད། གནས་དེ་རུ་གྲུང་ཤ་དོད་པ་དང་ཤིན་ཏུ་སྙིང་རྗེ་བའི་གཙོད་ཕྲུག་སྐོར་ཞིག་འཚོ་སྡོད་བྱས་ཡོད།

གཙོད་ཕྲུག་སྐྱོབ་ས་དེ་བཙུགས་ནས་ད་ལྟའི་བར་ལོ22འགོར་ཞིང་། དེ་ནི་གཞི་ཁྱོན་ལ་མུའུ550ཟིན་པའི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་ཞིག་ཡིན། འདས་ཟིན་པའི་ལོ་ཟླ་རིང་མོའི་ཁྲོད་ཨ་ཆེན་གངས་རྒྱབ་ཀྱི་སྐོར་ཞིབ་མི་སྣས་སྔ་རྗེས་སུ་གཙོད་ཕྲུག50ལྷག་ལ་རོགས་སྐྱོབ་བྱས་པ་དང་། གཙོད་ཕྲུག་དེ་དག་གིས་རོགས་སྐྱོབ་ལྟེ་གནས་སུ་སྨན་བཅོས་དང་ལེན་བྱེད་པ་དང་བདེ་ཐང་ངང་འཚར་ལོངས་བྱུང་ནས་ཡང་བསྐྱར་རང་བྱུང་ཁམས་སུ་བསྐྱོད་པ་རེད།

རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གཙོ་བོ་ཡིན་པའི་ཆ་ནས། གཙོད་ཁྱུའི་གྲངས་ཀ་ཡང་རྒྱུན་མཐུད་ངང་འཕར་བཞིན་ཡོད་པ་དང་། ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཁྱུའི་གྲངས་ཀ་འཕར་ནས་ཁྲི7ལྷག་ཟིན་ཡོད།   སྲུང་སྐྱོབ་རིམ་པ་ཡང“ཚར་ཉེན་ཡོད་པའི་སྲོག་ཆགས་རིགས”ནས“ཚར་ལ་ཉེ་བའི་སྲོག་ཆགས”རིགས་སུ་སྒྱུར།

རི་སྐྱེས་སྲོག་ཆགས་གཙོད་ཀྱི་རིམ་པ་མར་བབས་པ་དེས་ཀྲུང་གོས་ཚར་ཉེན་ཡོད་པའི་སྲོག་ཆགས་རིགས་ལ་སྲུང་སྐྱོབ་བྱས་པའི་ལག་ལེན་དངོས་ཡིན་པ་མ་ཟད། ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བའི་མཚོན་བྱེད་ཅིག་ཀྱང་ཡིན།

ཨ་ཆེན་གངས་རྒྱབ་ཀྱི་ལྟེ་གནས་སུ་གྱུར་བའི་བྲག་ནག་མཚེའུ་ལ“གཙོད་ཕྲུག་རྩེབ་ས་ཆེན་པོ”ཞེས་འབོད་ཀྱིན་ཡོད།  ལོ་རེའི་ཟླ5བ་ནས་ཟླ7པར་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཞིན་ཅང་ཨ་འར་ཅིན་ཧྲན།  བོད་ལྗོངས་བྱང་ཐང་བཅས་ནས་ཡོང་བའི་གཙོད་ཁྱུ་མཚེའུ་དེའི་འགྲམ་རྒྱུད་དུ་འདུས་ནས་གཙོད་ཕྲུག་རྩེབ་པར་གྲ་སྒྲིག་བྱེད་བཞིན་ཡོད།

2023ལོའི་གཙོད་ཁྱུའི་གནས་སྤོར་གཙོད་ཕྲུག་རྩེབ་པའི་དུས་སུ་སྐོར་ཞིབ་རུ་མིས་ཨ་ཆེན་གངས་རྒྱབ་ལྟེ་གནས་ཀྱི་བྲག་ནག་མཚེའུ་འགྲམ་དུ་རྗེས་སུ་ལུས་པའི་གཙོད་ཕྲུག3བསྐྱབས་པ་དང་། “གཙོད་ཕྲུག་རྩེབ་པའི་ལམ་བར་དུ་གནམ་གཤིས་ངན་པ་སོགས་ལ་འཕྲད་ཚེ།  གཙོད་ཕྲུག་གཙོད་ཁྱུ་དང་ཁ་ཐོར་སླ་ཞིང་། ཁ་ཐོར་དུ་སོང་བའི་གཙོད་ཕྲུག་མཐོང་ཚེ་ང་ཚོས་རོགས་སྐྱོབ་ལྟེ་གནས་སུ་ཁྱེར་ཡོང་བ་ཡིན”ཞེས་སྐོར་ཞིབ་རུ་མི་ཚེ་དབང་རྡོ་རྗེ་ཡིས་དེ་ལྟར་བཤད།

གཙོད་ཕྲུག་སྐྱོབ་ས་རུ་གཙོད་ཕྲུག་ཁེར་རྐྱང་དུ་འདུག་པ་མིན་པར། སྐོར་ཞིབ་རུ་མིས་སྲོག་ཆགས་དེ་དག་ལ་བདག་སྐྱོང་ཡག་པོ་བྱས་ནས་འོ་མ་ལྡུད་པ་དང་རི་སྐྱེས་ཅན་དུ་སྦྱོང་བརྡར་བྱེད་བཞིན་ཡོད།

ད་ལོའི་ལོ་སར་ལ། ལོ31ཡིན་པའི་ཚེ་དབང་རྡོ་རྗེ་དང་གཙོད་ཕྲུག3མཉམ་འཛོམས་བྱུང་པ་དང་། ཁོ་རང་གཙོད་ཕྲུག་སྐྱོབ་སའི་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ་བསྡད་དེ་གཙོད་ཕྲུག་གསུམ་པོར་བདག་སྐྱོང་བཟང་བོ་བྱས།

གསར་འགོད་པས་གཙོད་ཕྲུག་སྐྱོབ་ས་ནས་ལོ་ཕྱེད་ཀ་ཙམ་ཡིན་པའི་གཙོད་ཕྲུག་གསུམ་སྐབས་རེར་རྩེད་འཇོར་རོལ་པ་དང་སྐབས་རེར་ཟས་འཚོལ་བཞིན་པའི་རྣམ་པ་མཐོང་ཞིང་།  དེ་དག་ལ་བདག་བྱེད་མཁན་ཚེ་དབང་རྡོ་རྗེ་ཡིས་ལག་ཏུ་དམ་བེ་ཞིག་བཟུང་ནས་འོ་མ་ལྡུད་པར་གྲ་སྒྲིག་བྱེད་བཞིན་ཡོད་པས།  གཙོད་ཕྲུག་དག་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་ཁོའི་འགྲམ་དུ་ཡོང་།

ཚེ་དབང་རྡོ་རྗེ་ཡིས་བཤད་རྒྱུར།  ཟླ་འགའི་རིང་། སྲོག་ཆགས་དེ་དག་ང་ལ་དགའ་ཞིང་ང་ལ་བརྟེན་བཞིན་ཡོད།  ང་ལ་མཚོན་ན་ཡང་དེ་དག་ནི་ངའི་བྱིས་པ་དང་འདྲ།    མིག་སྔར་གཙོད་ཕྲུག་གསུམ་པོའི་བདེ་ཐང་གི་གནས་ཚུལ་བཟང་ལ་མི་འགྱང་བར་རི་སྐྱེས་ཅན་གྱི་སྦྱོང་བརྡར་བྱེད་དགོས། དེ་དག་གི་ལུས་པོའི་གནས་ཚུལ་ཆ་རྐྱེན་དང་མཐུན་ཚེ་ཡང་བསྐྱར་རང་བྱུང་ཁམས་སུ་གཏོང་དགོས་ཟེར།

ལོ22རིང་ལ།  གཙོད་ཕྲུག་སྐྱོབ་ས་དེས་བསྡོམས་པས་རི་སྐྱེས་སྲོག་ཆགས་སྣ་ཚོགས600བསྐྱབས་པའི་ནང་གཙོད་ཕྲུག50ལྷག་རང་བྱུང་ཁམས་སུ་བཏང་ཡོད།

གཙོད་ཕྲུག་སྐྱོབ་ས་དེ་ནི་ཕྱི་ཕྱོགས་ལ་གཙོད་བསྐྱབས་པའི་ཕན་འབྲས་མངོན་བྱེད་དང་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་འགྱུར་ལྡོག་བྱུང་བའི་སྐར་ཁུང་ལྟ་བུར་གྱུར་ཡོད།

དུས་རབས20པའི་ལོ་རབས80ནང་དུ་ཁྲིམས་འགལ་རི་དྭགས་རྔོན་མཁན་གྱིས་རི་སྐྱེས་སྲོག་ཆགས་མང་པོ་རྔོན་པས། ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཁྱུའི་གྲངས་ཀ་འབུམ་གཉིས་ལྷག་ནས་ཁྲི་གཉིས་ཙམ་བར་ཇེ་ཉུང་དུ་ཕྱིན། 1994ལོར་རི་དྭགས་རྔོན་མཁན་དང་འཐབ་རྩོད་ཐེངས་ཤིག་ཁྲོད་དུ། སྐབས་དེའི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་རང་སྲོལ་བློས་བཏང་པ་རེད། ལོ་ངོ30རིང་ལ་བསོད་ནམས་དར་རྒྱས་ཀྱི་བསམ་བློའི་འབོད་སྐུལ་གྱིས་དུས་རབས་ནས་དུས་རབས་བར་ཨ་ཆེན་གངས་རྒྱབ་སྲུང་མཁན་ཚོ་ལ་སྐུལ་ལྕག་བྱེད་བཞིན་ཡོད།

བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ་མིག་སྔར་བསྡོམས་པས་སྐྱེ་ཁམས་ལྟ་སྲུང་པ12ཡོད་པ་དང་།   ཁོ་ཚོས་སྐོར་ཞིབ་དང་ལྐོག་རྔོན་སྔོན་འགོག  རི་སྐྱེས་སྲོག་ཆགས་རྩ་ཆེན་གཙོད་སོགས་སྲུང་སྐྱོབ་བྱེད་པའི་ལས་འགན་ཁུར་བཞིན་ཡོད།  ཟླ་ཕྱེད་རིང་རེས་བསྐོར་ནས་སྲུང་སྐྱོབ་ས་ཚིགས་སྲུང་སྐྱོབ་བྱེད་པ་དང་།  ཕྱི་རོལ་དུ་ཁོ་ཚོ་ནི་སྐོར་ཞིབ་རུ་མི་ཡིན་པ་དང་རྗེས་སུ་ལུས་ཤིང་རྨས་ཕོག་པའི་གཙོད་ཕྲུག་དང་ཐུག་ཚེ་རོགས་སྐྱོབ་ལྟེ་གནས་སུ་ཁྱེར་ཡོང་བ་རེད། གཙོད་ཕྲུག་སྐྱོབ་སར་ཐོན་ཚེ་ཁོ་ཚོ་ནི་དེ་དག་ལ་བདག་སྐྱོང་བྱེད་མཁན་དུ་གྱུར།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པའི་ཚུན་ལ།  སྐོར་ཞིབ་རུ་མིས་ལོ་རེར་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ནས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་དང་བླངས་པ་དང་ཡུལ་སྐོར་པར་སྐྱེ་ཁམས་སློབ་གསོའི་བྱ་འགུལ་སྤེལ་བ་དང་། ས་ཚིགས་ཀྱི་ཚན་རིག་ཁྱབ་གདལ་འགྲེམ་སྟོན་ཁང་དུ་གཙོད་ཀྱི་འདྲ་པར་དང་རུ་མི་ཚོས་ཨ་ཆེན་གངས་རྒྱབ་དུ་སྐོར་ཞིབ་བྱེད་པའི་འདྲ་པར་བཞག་ཡོད།

སྐོར་ཞིབ་རུ་མི་ཏུན་ཧེ་ཕེན་གྱིས་བཤད་རྒྱུར།  ང་ཚོས་སྐོར་ཞིབ་བྱེད་ཐེངས་རེ་རེར་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ནས་བསྐྱོད་པ་དང་། གནས་དེ་ནི་ང་ཚོས་སྐོར་ཞིབ་བྱེད་སྐབས་ངལ་གསོ་ས་དང་དངོས་ཟོག་ཁ་སྣོན་བྱེད་ས་གཙོ་བོ་ཡིན། ཨ་ཆེན་གངས་རྒྱབ་དུ་དགུན་ཁར་ཁ་བ་འབབ་པ་དང་དབྱར་ཁར་ལམ་དུ་འདམ་གྱིས་ཁེངས་ཀྱང་གཙོད་ཁྱུ་གནས་དེ་ནས་བག་ཡངས་ངང་རྒྱུ་བ་མཐོང་ཚེ་རུ་མི་ཚོར་སེམས་གསོ་ཆེན་པོ་ཞིག་ཐོབ་པ་རེད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྲུན་མགོ་བརྩམས་པ་དང་བསྟུན་ནས། གཙོད་ཁྱུའི་སྲུང་སྐྱོབ་དང་ཞིབ་འཇུག་ལས་དོན་ཡང་མུ་མཐུད་དུ་རིམ་པ་འཕར།

ཚད་བརྒལ་གྱིས་ཕྱུགས་འཚོ་བ་དང་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་པས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་སྔོན་ཆད་མཚོ་དང་མཚེའུ། བརླན་ས་དང་རྩྭ་ཐང་གི་སྔོ་ཁེབས་ཞན་འགྱུར་གྱི་གནས་ཚུལ་བྱུང་བ་དང་། རྒྱུན་མཐུད་ངང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་ཆེད།  ས་གནས་ཀྱིས་སྐྱེ་ཁམས་གནས་སྤོར་ལས་གཞི་མགོ་བརྩམས་ནས་རྩྭ་ཐང་གི་ཕྱུགས་འཚོ་ཚད་ཚོད་འཛིན་དང་མི་འགུལ་སྐྱོད་བྱས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་ཇེ་ཉུང་དུ་བཏང་། གཞན་ཡང་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ལས་གཞི་ལག་བསྟར་བྱས་ནས། རྩྭ་ཐང་དང་ཐང་རྒོད། མཚོ་དང་མཚེའུ། གངས་རི་དང་འཁྱགས་རོམ། བརླན་ས་སོགས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱས།

ཆེད་མཁས་མི་སྣས་བཤད་རྒྱུར།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ནས་ལོ་གཉིས་འགོར་རྗེས། ས་གནས་ཁོར་ཡུག་གི་ཐེག་ཤུགས་མུ་མཐུད་དུ་མཐོ་རུ་ཕྱིན་པ་དང་།   རང་བྱུང་སྐྱེ་ཁམས་མ་ལག་སྤྱིའི་ཆ་ནས་ཇེ་བཟང་དུ་ཕྱིན་པ།  སྐྱེ་ཁམས་ནུས་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད།

གཙོད་ཀྱིས་རྒྱུད་སྤེལ་བ་དང་གནས་སྤོར་ལ་སྲུང་སྐྱོབ་བྱེད་པའི་ཐད། ཨ་ཆེན་གངས་རྒྱབ་ས་ཁུལ་གྱིས་མུ་མཐུད་དུ་གཞི་ཁྱོན་ཆེ་བའི་སྐོར་ཞིབ་འགུལ་སྐྱོད་སྤེལ་ནས།  ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་དྲག་པོ་གཏོང་བའི་བྱ་འགུལ་སྤེལ། ལོ་རེའི་ཟླ་ལྔ་བར་ས་གནས་ཀྱིས་ས་ཚིགས་སོ་སོར་ལས་བྱེད་མི་སྣ་དང་རླངས་འཁོར་ཁ་སྣོན་བྱས་ནས་གཙོད་ཕྲུག་རྩེབ་དུས་དང་གནས་སྤོར་བྱེད་སྐབས་ཀྱི་འགྲིམ་འགྲུལ་བཀག་འགོག་བྱས་པ་དང་། ཁ་ཐོར་དུ་སོང་བ་དང་རྗེས་སུ་ལུས་པའི་གཙོད་ཕྲུག་སྐྱོབ་པར་སྐུལ་འདེད་བཏང་།

ལོ་མང་པོ་རིང་གི་སྲུང་སྐྱོབ་བརྒྱུད། གཙོད་རྔོན་པའི་གནས་ཚུལ་གཏན་འགོག་བྱས། མིག་སྔར་ཨ་ཆེན་གངས་རྒྱབ་ས་ཁུལ་ཚུད་པའི་མཚོ་སྔོན་དང་ཞིན་ཅང་།  བོད་ལྗོངས་བཅས་ཀྱི་གཙོད་ཁྱུའི་གྲངས་ཀ་འབུམ་གསུམ་ཟིན་པ་དང་། རྒྱུན་མཐུད་ངང་གཙོད་ལ་ཞིབ་འཇུག་བྱེད་པའི་ལས་དོན་ཐད།  གཙོ་གནད་སྐྱེ་ཁམས་ས་ཁུལ་གྱི་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པར།  མཚོ་སྔོན་གྱིས2016ལོ་ནས་བཟུང་དྲ་རྒྱ་ཅན་གྱི་རྒྱང་ལྟ་བརྙན་ལམ་ནས་དུས་ལྟར་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག་འཛུགས་སྐྲུན་བྱས་པ་དང་།  མིག་སྔར་མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང་ཞེས་པའི་རྒྱང་ལྟ་བརྙན་ལམ་ལྟ་ཞིབ་ཚད་ལེན་དོ་དམ་མ་ལག་ལ་ལྟ་ཞིབ་ཚད་ལེན་ས་ཚིགས76ཡོད་པས།  གཙོད་ཁྱུའི་འཚོ་སྡོད་ལ་གནོད་པ་མི་སྐྱེལ་བའི་གནས་ཚུལ་འོག་ཏུ་དུས་ལྟར་གཙོད་ཁྱུའི་འགུལ་སྐྱོད་གནས་ཚུལ་རྟོགས་ཐུབ།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ཆ་འཕྲིན་ལྟེ་གནས་ཀྱི་ལས་བྱེད་མི་སྣ་ཁྲིན་ལེང་པའོ་ཡིས་བཤད་རྒྱུར། མིག་སྔར། མིའི་ཐབས་ཀྱི་རིག་སྟོབས་བརྙན་ལམ་དབྱེ་ཞིབ་རྩིས་ཐབས་ཀྱིས་ལོ་རྒྱུས་གཞི་གྲངས་ལ་དབྱེ་ཞིབ་བྱས་པ་བརྒྱུད། ང་ཚོས་གནས་སྤོར་གཙོད་ཁྱུའི་གྲངས་ཀར་རྒྱུས་ལོན་བྱེད་ཐུབ་ལ།   མཚོ་སྔོན་གྱི“སྐྱེ་ཁམས་སྐར་ཁུང”གིས་གཙོད་ཁྱུའི་སྲུང་སྐྱོབ་ཐད་གཞི་གྲངས་ཞིབ་ཕྲ་མཁོ་འདོན་བྱས་ཡོད་ཟེར།

བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་ལྷུན་འགྲུབ་ཚེ་རྒྱལ་གྱིས་བཤད་རྒྱུར། རྒྱང་རིང་ནས་ལྟ་ཞིབ་ཚད་ལེན་བྱས་ན་སྐོར་ཞིབ་རུ་མིས་གནད་ཁེལ་གྱིས་རྗེས་སུ་ལུས་པ་དང་རྨས་སྐྱོན་ཕོག་པའི་གཙོད་ཁྱུ་ལ་རོགས་སྐྱོབ་བྱེད་ཐུབ་པ་མ་ཟད། དེ་དག་གཙོད་ཕྲུག་སྐྱོབ་སར་ཁྱེར་ཡོང་ནས་བདག་སྐྱོང་བྱེད་ཐུབ་ཟེར།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།