མཚོ་ཆེན་ཁྲི་ཤོར་རྒྱལ་མོས་ལྗང་མདོག་འཕེལ་རྒྱས་གླུ་རུ་གྱེར།
2024.04.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 5

 མཚོ་སྔོན་པོ་ནི་ནུབ་ཀྱི་བྱེ་ཐང་ཤར་དུ་མཆེད་པ་བཀག་འགོག་བྱེད་པའི་རང་བྱུང་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་པོའི་གསེར་ཉ་དང་ཆུ་བྱའི་འཚོ་སྡོད་ཀྱི་ཁྱིམ་གཞིས་ཀྱང་ཡིན།  དེ་མིན་རྒྱལ་ཁབ་ཀྱི5Aརིམ་པའི་མཛེས་ལྗོངས་ཁུལ་དང་མཚོ་སྔོན་ཞིང་ཆེན་གྱི་མཛེས་ལྗོངས་ཁུལ་གྲགས་ཅན་ཞིག་ཡིན་ཞིང་། དེ་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་མ་ཟད།    གདོད་མའི་སྐྱེ་ཁམས་ཀྱི་ས་མཐོའི་མཛེས་པའང་ལྡན་པས།   རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོས་ཡིད་ཀྱི་སྨོན་པ་འཆོར་སའི་གནས་མཆོག་ཞིག་ཡིན།

མཚོ་སྔོན་གྱིས་གནས་བབ་དང་བསྟུན་ནས་སྲུང་སྐྱོབ་ནན་མོ་བྱེད་པའི་ཁྲོད་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་གཏོང་སྟངས་ཕྱོགས་ལ་གོམ་ཁ་བསྒྱུར་ཏེ། “ཁུ་སིམ་པའི”སྐྱེ་ཁམས་ཐོན་ཁུངས་དེར“འགུལ་ལྡན”གྱི་རིན་ཐང་བསྩོལ་བའི་གོམ་སྟབས་ནམ་ཡང་ལྷོད་མ་མྱོང་།

སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མུ་མཐུད་དུ་བསྐྲུན་ནས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་བླང་བྱ་གལ་ཆེན་ལ་དམིགས་ཏེ། མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་བསྐྲུན་ནས།   《རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་བསྐྲུན་པའི་བྱ་བའི་ཇུས་གཞི》པར་འགྲེམ་ལག་བསྟར་བྱས་ཤིང་།    སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཡུལ་ལྗོངས།    ས་ཁོངས་རིག་གནས་བཅས་སྲུང་སྐྱོབ་བྱེད་པ་སྔོན་འགྲོའི་ཆ་རྐྱེན་དུ་བཟུང་ནས།    “སྐྱེ་ཁམས་ཀྱི་མཚོ་སྔོན་པོ”བསྐྲུན་ནས་ཆུ་དང་།    རླུང་ཁམས་ཆེན་མོ།    མཛེས་ལྗོངས་ཁོར་ཡུག་བཅས་ཀྱི་སྤུས་ཚད་སྲུང་སྐྱོབ་བྱས་ཡོད།     མཚེའུ་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་སྐུལ་འདེད་དང་།   བྱ་རིགས་དང་གསེར་ཉའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ།    མཚོ་སྔོན་པོའི་མཐའ་འཁོར་གྱི་རྩྭ་ཐང་གི་སྤུས་ཚད་མཐོ་རུ་གཏོང་བ།    བྱེ་མ་ཅན་དུ་འགྱུར་བ་ཚོད་འཛིན་བྱེད་པ།    མཚོ་སྐོར་བརླན་སའི་སྲུང་སྐྱོབ་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཁྱད་ལྡན་ལྟ་སྐོར་དང་།    རིག་གནས་ཉམས་ལེན།    སྐྱེ་ཁམས་སྤྲོ་གསེང་།    ཕྱི་རོལ་ལུས་རྩལ་སོགས་ཁྱད་ཆོས་སྣ་མང་ལྡན་པའི་ས་མཐོའི་མཚེའུ་སྐྱེ་ཁམས་ཡུལ་སྐོར་གྱི་གནས་མཆོག་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་།  དུས་བཞི་དང་ས་ཁོངས་ཡོངས།    དུས་གཡེར་མེད་བཅས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་བསྐྲུན་ནས། མཚོ་སྔོན་གྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་སྤུས་རྟགས་དེ་རྒྱལ་ཡོངས་དང་འཛམ་གླིང་སྟེང་བསྐྱོད་པར་སྐུལ་འདེད་བཏང་།

དོ་དམ་སྒྲིག་སྲོལ་འཐུས་ཚང་དང་ད་ཡོད་ཀྱི་ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ།    མཛེས་ལྗོངས་གཞི་གཅིག་ཅན་དང་དོ་དམ་གཞི་གཅིག་ཅན།    འཛུགས་སྐྲུན་གཞི་གཅིག་ཅན།    ལས་གཉེར་གཞི་གཅིག་ཅན་བཅས་ཀྱི་དམིགས་འབེན་ལྟར།    འཆར་འགོད་གཅིག་གྱུར་དང་ཚད་གཞི་གཅིག་གྱུར།    ལས་གཉེར་གཅིག་གྱུར་བཅས་ལ་ཤུགས་སྣོན་བྱས།     རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་ཞབས་ཞུའི་ཚད་གཞི་གཏན་འབེབས་བྱས་པ་དང་།    འཛུགས་སྐྲུན་དམིགས་ཚད་གཏན་འབེབས་དང་གདེང་འཇོག་མ་ལག་གསལ་བོ་བཟོས་ནས། ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་ལ་བརྟག་དཔྱད་རྐྱེན་སྲོལ་དང་།    ཕྱོགས་གསུམ་པའི་གདེང་འཇོག་རྐྱེན་སྲོལ།    དཔྱད་ཞིབ་ལྟ་སྐུལ་མཛུབ་སྟོན་གྱི་བྱ་དགའ་དང་ཆད་གཅོད་རྐྱེན་སྲོལ་བཅས་བཙུགས་ཏེ།     རྒྱལ་སྤྱིའི་ཚད་གཞི་དང་འབྲེལ་མཐུད་བྱེད་པའི་ཡུལ་སྐོར་གྱི་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་སོགས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་བླང་བྱ་ལྟར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་ཚད་གཞི་ཅན་གྱི་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས།

2023ལོའི་ཟླ5པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོའི་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་སིའི་གྲབས་འཛུགས་གཞུང་སྒྲུབ་ཁང་བཙུགས།     ཟླ7པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོའི་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས་ཐོ་འགོད་བྱས་ནས་དངོས་སུ་བཙུགས་པ་དང་།  འགན་ནུས་སྡེ་ཁག10དང་།    ཡན་ལག་ཀུང་སི3།  ཀུང་སི4བཅས་ཀྱི་སྒྲོམ་གཞི་བཀོད་སྒྲིག་བྱས་ནས་དཔེ་སྟོན་ཁུལ་བསྐྲུན་པ་དང་། མཛེས་ལྗོངས་ཁུལ་གཉེར་སྐྱོང་དོ་དམ་སོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགན་ཁུར་ཏེ།   “གཞི་གཅིག་ཅན”མངོན་འགྱུར་བྱེད་ཆེད་རྨང་གཞི་བཏིངས་བ་རེད།

མཚོ་སྔོན་པོའི་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི། སྤྱིའི་འགན་འཛིན་པ་མིན་ཏིན་ཁོས་ཀྱིས་བཤད་རྒྱུར།   2023ལོར། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་དང་འབྲེལ་ཡོད་ཆེད་དོན་འཆར་འགོད་དང་སྦྲེལ་མཐུད་གང་ལེགས་བྱས་ཏེ། ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་ལ་མངགས་བཅོལ་བྱས་ནས། 《རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཕེལ་རྒྱས་འཆར་འགོད(2023ལོ་ནས་2035ལོ་བར)》དང་། 《རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གྱི་ལོ་ལྔའི་བྱ་སྤྱོད་ཇུས་གཞི(2023ལོ་ནས2027ལོ་བར)》སོགས་ཀྱི་ཐོག་མའི་འཆར་ཟིན་བཟོས་ཤིང་།  འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཚན་རིག་ཞིབ་འཇུག་ཁང་ལ་མངགས་བཅོལ་བྱས་ནས།  《མཚོ་སྔོན་པོའི་ཡུལ་སྐོར་མཛེས་ལྗོངས་བར་ཁྱམས་འཆར་འགོད》ཀྱི་ཐོག་མའི་འཆར་ཟིན་བཟོས་པ་དང་།     ཀྲུང་གོ་བཟོ་སྐྲུན་ཇུས་འགོད་གླིང་ལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་རྟ་ནག་མའི་ཁྱད་ལྡན་གྲོང་རྡལ་ཆུང་བའི་ཇུས་འགོད་ཇུས་གཞི་དང་ཞིབ་ཕྲའི་འཆར་འགོད་ཇུས་གཞི་སོགས་སྤུས་ཚད་མཐོན་པོས་ཚན་རིག་ལྟར་ འཆར་འགོད་དང་།    དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུའི་མངགས་བཅོལ་བྱས་ཡོད་ཟེར།

དེ་དང་ཆབས་ཅིག མཚོ་སྐོར་ཡུལ་སྐོར་ལམ་ཆེན་བསྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་མིག་སྔར་དངོས་སུ་བསྐྲུན་འགོ་ཚུགས་ཡོད།     ད་ཡོད་ཀྱི་ཡུལ་སྐོར་ཞབས་ཞུའི་སྤྱི་སྤྱོད་རྨང་གཞིའི་མ་ལག་དང་།    ཞབས་ཞུའི་འགན་སྲུང་ཚད་གཞིའི་མ་ལག  ཞབས་ཞུ་མཁོ་འདོན་བྱེད་པའི་ཚད་གཞིའི་མ་ལག་བཅས་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་ཏེ། “རྒྱལ་ཁབ་རིམ་པའི་མཚོ་སྔོན་པོའི་སྐྱེ་ཁམས་ཞབས་ཞུའི་ལས་རིགས་ཚད་གཞི་ཅན་གྱི་ཚོད་ལྟའི”རེ་ཞུའི་ལས་དོན་ལེགས་སྒྲུབ་བྱས་པ་དང་།  མཛེས་ལྗོངས་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་ཚད་གཞི་ཅན་གྱི་ཞབས་ཞུའི་ཚོད་ལྟའི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་ཚད་གཞིའི་ཡུལ་སྐོར་གྱི་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་ཚང་དུ་བཏང་ཡོད།

ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་ནས་ཡུལ་སྐོར་བས་མཚོ་སྔོན་པོའི་དམིགས་བསལ་ཁྱད་ཆོས་ལ་ཉམས་ལེན་བྱས།

དཔྱིད་དུས་ཀྱི་མཚོ་སྔོན་པོར་གཞན་དང་མི་འདྲ་བའི་ཉམས་འགྱུར་ལྡན་པས། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད།  མཚོ་ངོས་སུ་གསེར་མདོག་གི་ཉི་འོད་དལ་གྱིས་ཤར་ནས་མཚོ་འགྲམ་གྱི་ག་ས་གང་དུ་ཡུལ་སྐོར་བས་པར་རྒྱག་བཞིན་པ་མཐོང་།

ཀྲེ་ཅང་ཞིང་ཆེན་ནས་ཡོང་བའི་ཡུལ་སྐོར་བ་ཀོན་ཝུའེ་ཝུའེ་ཡིས་བཤད་རྒྱུར། མཚོ་སྔོན་པོ་འདི་འདྲའི་མཛེས་པའང་། ང་རང་ན་ནིང་དབྱར་དུས་ཐེངས་གཅིག་ལ་ཡོང་མྱོང་ཞིང་། གནམ་ས་གཅིག་ཏུ་འདྲེས་པའི་མཚོ་སྔོན་པོའི་ཡུལ་ལྗོངས་ཀྱིས་ཡུལ་འདི་ལ་ཞེན་ཆགས་ནས་ལོག་འདོད་མི་སྐྱེས་པའི་སྣང་བ་སྟེར།  ཉིན་འགའི་སྔོན། མཚོ་སྔོན་དུ་དགུན་དཔྱིད་ཡུལ་སྐོར་གྱི་བྱ་འགུལ་ཡོད་པ་ཤེས་ནས་ང་རང་ཁྱིམ་མི་དང་ལྷན་དུ་ཡང་བསྐྱར་དཔྱིད་མགོའི་མཚོ་སྔོན་པོར་ལྟ་སྐོར་དུ་ཡོང་བ་ཡིན་ཟེར།

2023ལོར། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ས་ཡ་གསུམ་དང་འབུམ་གཉིས་ཁྲི་གཉིས་ལྷག་ལ་སྣེ་ལེན་བྱས་ཤིང་། དེ2019ལོའི་དུས་མཚུངས་ལས38%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད།   2024ལོའི་ལོ་སར་གྱི་སྐབས་སུ།  མཚོ་སྔོན་པོས་ཡུལ་སྐོར་བ་ཁྲི་གཅིག་དང་སྟོང་གསུམ་ལྷག་ལ་སྣེ་ལེན་བྱས་པ་དང་ཡོང་འབབ་སྒོར་འབུམ་དྲུག་དང་ཁྲི་གསུམ་ལས་བརྒལ་ནས་ལོ་སར་དུས་ཆེན་སྐབས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་པ་རེད།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་ཇེ་ལེགས་སུ་བཏང་སྟེ།   མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ལྷག་བཏང་ནས་མཚོ་སྔོན་པོའི་ནུ་ལྕེ་དང་།    ལྷ་མོ་གཞོངས་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་ཇེ་ལེགས་སུ་བཏང་ཞིང་།  སྤྱི་ལེ15ལྷག་གི་མཛེས་ལྗོངས་ཁུལ་གྱི་གཞུང་ལམ་སྒྱུར་བཀོད་དང་།    ནུ་ལྕེ་གྲུ་ཁ་སྲ་བརྟན་དང་ཉམས་གསོ།   སྦྲ་གུར་མགྲོན་ཁང51གསར་བཟོ།    གཞོན་ནུ་འགྲུལ་ཁང6སྒྱུར་བཀོད།    ཡུལ་སྐོར་གསང་སྤྱོད་སྒྱུར་བཀོད།    ཆུའི་བཟོ་གྲྭ་ཉམས་གསོ།    ཁྲོ་ཐབ་སྒྱུར་བཀོད།    འཁྲབ་སྟོན་ལྟེ་གནས་སྒྱུར་བཀོད།    སྨན་བཅོས་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་སོགས་ཀྱི་ལས་གཞི་ལེགས་སྒྲུབ་བྱས་པ་དང་། གནས་སྐབས་རླངས་འཁོར་འཇོག་ས5བསྐྲུན་ནས་རླངས་འཁོར་འཇོག་གནས5718བར་རྒྱ་བསྐྱེད་པ་དང་།  མཛེས་ལྗོངས་ཁུལ་གྱི་ལྗང་སྒྱུར་འདེབས་འཛུགས་སོགས་ཇེ་ལེགས་སུ་བཏང་ནས། མཛེས་ལྗོངས་ཁུལ་གྱི་རྣམ་པ་གསར་རྐྱང་དུ་སྒྱུར་བས། ཡུལ་སྐོར་བའི་ཉམས་ལེན་བྱེད་ཚད་སྔར་ལས་ཇེ་མཐོར་སོང་།

མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་ཚད་གཞི་དང་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་ཆེད།    《མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས“སྤུས་ཚད་ཞབས་ཞུའི་དུས་ཚིགས”ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བའི་ཇུས་གཞི》བཟོས་ནས།   རྒྱུན་རྣམ་ཅན་གྱི་སྟེང་ནས་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བའི་གསོ་སྦྱོང་བྱས་ཏེ། མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་སྤུས་ཚད་དང་ཞབས་ཞུའི་ཚད་གཞི་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་ཡོད།     མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཞུ་གཏུག་བདག་སྤྲོད་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཡུལ་སྐོར་ཞུ་གཏུག་བདག་སྤྲོད་ལྟེ་གནས་བཙུགས་ནས་ཞུ་གཏུག་དང་ཐོལ་བྱུང་དོན་རྐྱེན་གཅིག་གྱུར་སྒོས་བདག་སྤྲོད་བྱེད་པ་དང་ཆབས་ཅིག་ཐག་གཅོད་འོས་འཚམ་བྱས།     སྐྱེ་ཁམས་ཡུལ་སྐོར་གྱི་ཉེན་ཚབ་མ་ལག་དང་བབ་བསྟུན་མྱུར་སྐྱོབ་རྐྱེན་སྲོལ་འཐུས་ཚང་དང་།   བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་གསར་གཏོད།    ཐོལ་བྱུང་དོན་རྐྱེན་འཕྲལ་བསྟུན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཡུལ་སྐོར་བར་བདེ་འཇགས་ཡུལ་སྐོར་གྱི་ཁོར་ཡུག་ཅིག་བསྐྲུན་པ་རེད།

གཞན་ཡང་། མ་དངུལ་སྒོར་ས་ཡ་ལྔ་འབུམ་ལྔ་བཏང་ནས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྨན་ཁང་མཚོ་སྔོན་པོའི་སྨན་བཅོས་ཞབས་ཞུའི་ས་ཚིགས་བསྐྲུན་པ་དང་།    སྨན་བཅོས་མྱུར་སྐྱོབ་སྒྲིག་ཆས་དང་ས་མཐོའི་གསོ་རླུང་སྒྲིག་ཆས་བཀོད་སྒྲིག་བྱས་ནས།    སྨན་བཅོས་སྲོག་སྐྱོབ་དང་རྒྱུན་ལྡན་གྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ནས་ཡུལ་སྐོར་བའི་ཚེ་སྲོག་དང་བདེ་ཐང་འགན་ལེན་ནུས་ལྡན་བྱས།

ཉེ་བའི་ལོ་འདི་དག་གི་རིང་ལ། “མཛེས་སྡུག་གི་ཀྲུང་གོ་དང་བདེ་སྐྱིད་ལྡན་པའི་ཡུལ་སྐོར”ཞེས་པའི་ཀྲུང་གོའི་ཡུལ་སྐོར་ཉིན་མོའི་བརྗོད་དོན་བྱ་འགུལ་དང་།    མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན།    ཉི་མ་ནུབ་རིའི་ངོགས་སུ་སྐྱོད་པའི་བྱ་འགུལ་སོགས་ཚང་མ་མཛེས་སྡུག་གི་མཚོ་སྔོན་པོའི་འགྲམ་ནས་སྤེལ།

2024ལོའི་ལོ་སར་དུས་ཆེན་གྱི་སྐབས་སུ།  མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས“དགུན་དུས་མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས།  དགུན་ཁའི་མཛེས་ལྗོངས་དྲིལ་སྒྲོག་བྱས་ཏེ། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག།    མཚོ་སྔོན་པོའི་རྒྱལ་སྤྱིའི་མགྲོན་ཁང་གིས“ཞག་སྡོད་དང་།    བོད་ལྭ་གྱོན་ནས་པར་རྒྱག་པ།     ཡུལ་སྐོར་བཅས་ཟུང་དུ་འབྲེལ་བའི”ཡུལ་སྐོར་བྱེད་ཐབས་བཏོན་ནས་ཉིན་རེར་ཆ་སྙོམས་ཞག་སྡོད་བྱེད་ཚད་ཁང་མིག100ལྷག་ལ་སླེབས་ཡོད།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་ཐོག་མཐར་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་སྲུང་སྐྱོབ་བྱས་ནས་སྐྱེ་ཁམས་ཡུལ་སྐོར་དང་མཛེས་ལྗོངས་ཁུལ་གྱི་གསར་སྤེལ་འཆམ་མཐུན་གཅིག་གྱུར་གྱི་འབྲེལ་བ་གཅིག་འདོམས་དང་དོ་མཉམ་ཡོང་བར་བྱས།    མཛེས་ལྗོངས་ཁུལ་གྱི“སྐྱེ་ཁམས་ཡུལ་སྐོར་དང་འགྲིམ་འགྲུལ་ཟུང་འབྲེལ”དང་།    “སྐྱེ་ཁམས་ཡུལ་སྐོར་དང་རིག་གནས་ཟུང་འབྲེལ”བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས།“འཇའ་ཚོན་གྱི་ལམ”དང་གཞུང་ལམ།“ཉ་དང་འདབ་ཆགས་མཉམ་གནས”ཀྱི་རིམ་སྤེལ་ཚོན་རིས་དང་།    ཁྱད་ལྡན་དྲ་གྲགས་ཀྱི་ཡུལ་སྐོར་གནས།  འཁྲབ་སྟོན་ཐང་ཆེན་སྒྱུར་བཀོད་སོགས་ཀྱི་དམངས་སྲོལ་འཁྲབ་སྟོན་ལེ་ཚན་བཏོན་ནས། སྣ་མང་རང་བཞིན་དང་།    སྤྱི་ཚོགས་རང་བཞིན།    སྐྱེ་ཁམས་རང་བཞིན་བཅས་ཀྱི་མཛེས་ལྗོངས་ཁུལ་གྱི་ཁྱད་ཆོས་མངོན་པར་བྱས།

གཞན་ཡང་། མཛེས་ལྗོངས་ཁུལ་མཉམ་འདྲེས་འཕེལ་རྒྱས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་ས་ཞིང་འཁོར་རྒྱུག་དང་།    མཉམ་ལས་གཉེར་སྐྱོང་།    ལས་ཞུགས་བསྡུ་ལེན་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཉེ་འཁོར་མང་ཚོགས་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ནས།  མང་ཚོགས་ཀྱིས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བྱས།   ད་ལྟ། མཚོ་སྔོན་པོའི་འབབ་རྒྱུད་དུ་ལོ་མང་རིང་གི་སྲུང་སྐྱོབ་གྲུབ་འབྲས་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་འགྱུར་བཞིན་ཡོད་ལ།   སྐྱེ་ཁམས་དམངས་ཕན་དང་།   སྐྱེ་ཁམས་དམངས་ཆེད་ཀྱི་ཉམས་དགའ་བའི་རྣམ་པ་མངོན་ཡོད།

གནའ་དེང་ཟུང་འབྲེལ་གྱི་མཛེས་སྡུག་དང་མཉམ་དུ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དེ་འཕེལ་རྒྱས་ཀྱི་འགོ་འཇུག་བར་གསུམ་ལ་ཁྱབ་པར་བྱས་པ་སོགས། མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་སྔར་ལས་འཕེལ་རྒྱས་འགྲོ་བའི་ལམ་ལ་ཆས་དང་ཆས་བཞིན་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།