མཚོ་སྔོན་པོས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་བཏོད།
2024.04.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

གནས་འདི་ནི་ནུབ་རྒྱུད་ཀྱི་མྱ་ངམ་ཐང་ཤར་ཕྱོགས་སུ་མཆེད་རྒྱུ་བཀག་འགོག་བྱེད་པའི་རང་བྱུང་སྲུང་ཡོལ་ཞིག་ཡིན་ལ། མཚོ་སྔོན་པོའི་གསེར་ཉ་འཚོ་གནས་བྱེད་སའི་ཁྱིམ་གཞིས་དང་ཆུ་བྱ་མང་པོ་འཚོ་གནས་བྱེད་སའི་དགའ་ཚལ་ཞིག་ཀྱང་ཡིན། གནས་འདི་ནི་རྒྱལ་ཁབ་ཀྱི5Aརིམ་པ་དང་རང་ཞིང་གི་མཛེས་ལྗོངས་ཁུལ་གྲགས་ཅན་ཡིན་པས། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་མཐོ་སྒང་ལ་མཛེས་སྡུག་བསྩལ་ཡོད། འདི་ནི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་པའི་ཡུལ་སྐོར་བྱ་ཡུལ་གྱི་གྲས་ཤིག་ཡིན་པ་དང་། གནམ་ས་འབྲེལ་བ་ལྟ་བུའི་སྔོ་ཞིང་དྭངས་པའི་ཆུ་ཁོངས་དེ་ནི་མཚོ་སྔོན་པོ་རེད།

དུས་དང་བསྟུན་ནས་མཚོ་སྔོན་གྱིས་སྲུང་སྐྱོབ་ནན་མོ་བྱེད་པའི་ཁྲོད་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་གཏོང་སྟངས་ཕྱོགས་སུ་བསྒྱུར་བཞིན་ཡོད་པ་དང་། “ལྷོད་སྡོད”ཀྱི་སྐྱེ་ཁམས་ཐོན་ཁུངས་དེར“སྒུལ་ནུས”རིན་ཐང་སྤྲད་པའི་གོམ་སྟབས་གཏན་ནས་མཚམས་འཇོག་མྱོང་མེད།

སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རྒྱུན་མཐུད་ངང་གཏོད་རྒྱུ་དང་ཐོན་ལས་ཀྱི“གནས་བཞི”མགྱོགས་མྱུར་བསྐྲུན་རྒྱུའི་བླང་བྱ་གལ་ཆེན་ལ་དམིགས་ནས། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་།《རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་བསྐྲུན་པའི་བྱ་བའི་ཇུས་གཞི》པར་འགྲེམས་དང་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་མཛེས་ལྗོངས། ས་ཁོངས་རིག་གནས་བཅས་སྲུང་སྐྱོབ་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ནས། “སྐྱེ་ཁམས་ཀྱི་མཚོ་སྔོན་པོ”ལེགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། ཆུ་དང་རླུང་ཁམས་ཆེན་མོ། མཛེས་ལྗོངས་ཁོར་ཡུག་བཅས་ཀྱི་སྤུས་ཚད་སྲུང་སྐྱོབ་བྱ་རྒྱུ་རེད། མཚེའུ་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་སླར་གསོ་ལ་སྐུལ་འདེད་གཏོང་བ་དང་། འདབ་ཆགས་དང་མཚོ་སྔོན་པོའི་གསེར་ཉའི་འཚོ་གནས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། མཚོ་སྔོན་པོའི་མཐའ་འཁོར་གྱི་རྩྭ་ཐང་གི་སྤུས་ཚད་མཐོ་རུ་གཏོང་བ་དང་མཚོ་སྐོར་གྱི་བརླན་སའི་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཁྱད་ཆོས་ལྡན་པའི་ལྟ་སྐོར་དང་། རིག་གནས་ཉམས་ལེན། སྐྱེ་ཁམས་སྤྲོ་གསེང་། ཕྱི་རོལ་ལུས་རྩལ་སོགས་ཀྱི་ནུས་པ་ལྡན་པའི་མཐོ་སྒང་གི་མཚེའུའི་སྐྱེ་ཁམས་ཡུལ་སྐོར་གནས་མཆོག་གིས་དུས་ཚིགས་ཧྲིལ་པོ་དང་།    ས་ཁོངས་ཧྲིལ་པོ།    དུས་སྐབས་ཧྲིལ་པོ་བཅས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་བསྐྲུན་ནས། མཚོ་སྔོན་གྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་སྤུས་རྟགས་རྒྱལ་ཡོངས་སུ་སྐད་གྲགས་ཆོད་ནས་འཛམ་གླིང་གི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།

རྩེ་རིམ་ཇུས་འགོད་འཐུས་ཚང་དུ་གཏོང་བ་དང་ཚད་གཞི་མཐོ་བའི་སྒོ་ནས་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་དགོས།

དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ད་ཡོད་ཀྱི་ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ། མཛེས་ལྗོངས་ཁུལ་གཞི་གཅིག་ཅན་དང་དོ་དམ་གཞི་གཅིག་ཅན། འཛུགས་སྐྲུན་གཞི་གཅིག་ཅན། གཉེར་སྐྱོང་གཞི་གཅིག་ཅན་བཅས་ཀྱི་དམིགས་འབེན་ལྟར། གཅིག་གྱུར་འཆར་འགོད་དང་ཚད་ལྡན་ལྟར་གཅིག་གྱུར་བྱེད་པ། གཅིག་གྱུར་གཉེར་སྐྱོང་བཅས་བྱེད་དགོས། རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་ཞབས་ཞུའི་ཚད་གཞི་གཏན་འབེབས་བྱེད་པ་དང་། འཛུགས་སྐྲུན་དམིགས་ཚད་ཚད་འབེབས་དང་གདེང་འཇོག་མ་ལག་གསལ་བོ་བྱས་ནས་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་བརྟག་དཔྱད་ལམ་སྲོལ་དང་། ཕྱོགས་གསུམ་པའི་གདེང་འཇོག་ལམ་སྲོལ། དཔྱད་ཞིབ་ལྟ་སྐུལ་མཛུབ་ཁྲིད་དང་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་བཅས་འཛུགས་དགོས། རྒྱལ་སྤྱིའི་ཚད་གཞི་དང་འབྲེལ་མཐུད་བྱེད་པའི་ཡུལ་སྐོར་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། རང་ཞིང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི་བླང་བྱ་གཞིར་བཟུང་སྟེ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་ཚད་ལྡན་ཅན་གྱི་ཚོད་ལྟ་ཁྱོན་ཡོངས་ནས་ལག་བསྟར་བྱས།

2023ལོའི་ཟླ5བའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོ་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་སི་གྲབས་འཛུགས་གཞུང་ལས་ཁང་བཙུགས་ཏེ་མཚོ་སྔོན་པོར་བཅའ་སྡོད་བྱས་པ་དང་། ཟླ7པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོའི་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས་ཐོ་འགོད་བྱས་ནས་བཙུགས་པ་དང་། འགན་ནུས་སྡེ་ཁག10དང་ཡན་ལག་ཀུང་སི་གསུམ། དེ་ལས་ཆུང་བའི་ཡན་ལག་ཀུང་སི་བཞི་བཅས་ཀྱི་སྒྲོམ་གཞི་བཀོད་སྒྲིག་ཡོངས་འགྲུབ་བྱས་ནས་དཔེ་སྟོན་ཁུལ་གཏོད་པ་དང་མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་དོ་དམ་སོགས་ཀྱི་བྱ་བར་ཕྱོགས་ཡོངས་ནས་འགན་འཁུར་འགོ་བཙུགས་ཏེ། “གཞི་གཅིག་ཅན”མངོན་འགྱུར་ཡོང་ཆེད་རྨང་གཞི་བཏིང་།

“2023ལོར། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་དང་འབྲེལ་ཡོད་ཆེད་དོན་འཆར་འགོད་དང་སྦྲེལ་མཐུད་གང་ལེགས་བྱས་ཏེ།  ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སའོ་ལ་མངགས་བཅོལ་བྱས་ནས《རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཕེལ་རྒྱས་འཆར་འགོད(2023ལོ་ནས2035ལོ་བར)》དང་། 《རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གྱི་ལོ་ལྔའི་བྱ་སྤྱོད་ཇུས་གཞི(2023ལོ་ནས2027ལོ་བར)》སོགས་ཀྱི་ཐོག་མའི་འཆར་ཟིན་བཟོས་ཤིང་།  འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཚན་རིག་ཞིབ་འཇུག་ཁང་ལ་མངགས་བཅོལ་སྒོས《མཚོ་སྔོན་པོའི་ཡུལ་སྐོར་མཛེས་ལྗོངས་བར་ཁྱམས་འཆར་འགོད》ཀྱི་ཐོག་མའི་འཆར་ཟིན་བཟོས་པ་དང་།     ཀྲུང་གོ་བཟོ་སྐྲུན་ཇུས་འགོད་གླིང་ལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་རྟ་ནག་མའི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་ཇུས་འགོད་ཇུས་གཞི་དང་ཞིབ་ཕྲའི་འཆར་འགོད་ཇུས་གཞི་སོགས་སྤུས་ཚད་མཐོན་པོས་ཚན་རིག་དང་མཐུན་པའི་འཆར་འགོད་དང་། དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུའི་མངགས་བཅོལ་བྱས་ཡོད”ཅེས་མཚོ་སྔོན་པོའི་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི། སྤྱིའི་འགན་འཛིན་པ་མིན་ཏིན་ཁོས་ཡིས་དེ་ལྟར་བཤད།

དེ་དང་ཆབས་ཅིག མཚོ་སྔོན་པོའི་ཡུལ་སྐོར་ལམ་ཆེན་འཛུགས་སྐྲུན་ལས་ཀ་ཇེ་མགྱོགས་སུ་གཏོང་དགོས་ལ་མིག་སྔར་འཛུགས་སྐྲུན་བྱེད་མགོ་བརྩམས་ཡོད། ད་ཡོད་ཀྱི་ཡུལ་སྐོར་ཞབས་ཞུའི་ཀུན་སྤྱོད་ཀྱི་རྨང་གཞིའི་མ་ལག་དང་། ཞབས་ཞུ་འགན་ལེན་ཚད་གཞིའི་མ་ལག ཞབས་ཞུ་མཁོ་འདོན་ཚད་གཞིའི་མ་ལག་བཅས་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ། “རྒྱལ་ཁབ་རིམ་པའི་མཚོ་སྔོན་པོའི་སྐྱེ་ཁམས་ཞབས་ཞུའི་ལས་རིགས་ཚད་ལྡན་ཅན་གྱི་ཚོད་ལྟ”སྙན་ཞུའི་བྱ་བ་ལེགས་གྲུབ་བྱས་པ་དང་། མཛེས་ལྗོངས་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་ཚད་ལྡན་ཅན་གྱི་ཞབས་ཞུའི་ཚོད་ལྟའི་བྱ་བར་སྐུལ་འདེད་བརྟན་པོ་བཏང་ནས། རྒྱལ་སྤྱིའི་ཚད་ལྡན་ཡུལ་སྐོར་གྱི་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་ཚང་དུ་གཏོང་དགོས།

ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་ཡུལ་སྐོར་བས་མཚོ་སྔོན་པོའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་གཏིང་ཟབ་བྱེད་དགོས།

དཔྱིད་ཀའི་མཚོ་སྔོན་པོར་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ལྡན་པས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ལྟ་སྐོར་དུ་ཡོང་བཞིན་ཡོད། གསེར་མདོག་གི་ཉི་འོད་དལ་བུར་འཆར་བ་དང་བསྟུན་ནས། མཚོ་འགྲམ་གྱི་རྐང་ལམ་དང་ལྡིང་ཁང་འགྲམ་དུ་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་པར་རྒྱག་བཞིན་ཡོད།

“མཚོ་སྔོན་པོ་ཧ་ཅང་མཛེས་པོ་འདུག ང་ན་ནིང་དབྱར་ཁར་ཐེངས་གཅིག་ཡོང་མྱོང་བ་དང་། གནམ་དང་མཚོ་ཡི་ཁ་གདོག་གཅིག་ཏུ་སྣང་བས་མི་རྣམས་ལ་བརྗེད་ཐབས་བྲལ་བའི་ཚོར་བ་སྟེར་སྲིད། ཉིན་འགའི་སྔོན་ལ་མཚོ་སྔོན་དུ་དགུན་དཔྱིད་དུས་ཀྱི་ཡུལ་སྐོར་བྱེད་སྒོ་སྤེལ་རྒྱུ་ཡོད་པ་ཐོས་རྗེས། ང་དང་བཟའ་མི་རྣམས་ཡང་བསྐྱར་གནས་འདིར་ཐོན་པ་དང་མཐོ་སྒང་གི་དཔྱིད་ཀ་མྱོང་རོལ་བྱེད་ཞོར་སླར་ཡང་མཚོ་སྔོན་པོར་ལྟ་འདོད་ཡོད”ཅེས་ཀྲེ་ཅང་ཞིང་ཆེན་གྱི་ཡུལ་སྐོར་བ་ཀོན་ཝའེ་ཝའེ་ཡིས་དེ་ལྟར་བཤད།

2023ལོར། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ས་ཡ་གསུམ་དང་འབུམ་གཉིས་ཁྲི་གཉིས་སྟོང་བདུན་ལྷག་སྣེ་ལེན་བྱས་པ་དང་། 2019ལོ་དང་བསྡུར་ན38%འཕར་ཡོད་པ་དང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 2024ལོའི་དཔྱིད་གསར་དུས་ཆེན་གྱི་སྐབས་སུ། མཚོ་སྔོན་པོས་ཡུལ་སྐོར་བ་ཁྲི་གཅིག་དང་སྟོང་གསུམ་ཉིས་བརྒྱ་སྣེ་ལེན་བྱས་པ་དང་། ཚོང་གཉེར་ཡོང་འབབ་སྒོར་འབུམ་དྲུག་དང་ཁྲི་གསུམ་ལས་བརྒལ་ནས་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་ཇེ་ལེགས་སུ་བཏང་སྟེ། མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་བཞི་ལྷག་བཏང་ནས་མཚོ་སྔོན་པོའི་ནུ་ལྕེ་དང་།   ཁེ་རམས་ཐང་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་རིམ་སྤར་སྒྱུར་བཀོད་བྱས་ཤིང་།  སྤྱི་ལེ་བཅོ་ལྔ་ལྷག་གི་མཛེས་ལྗོངས་ཁུལ་གྱི་གཞུང་ལམ་སྒྱུར་བཀོད་དང་།    ནུ་ལྕེ་གྲུ་ཁ་སྲ་བརྟན་དང་ཉམས་གསོ།    རས་གུར་མགྲོན་ཁང51གསར་བཟོ།    གཞོན་ནུ་འགྲུལ་ཁང་ཐོག་ཁང་དྲུག་དང་ཡུལ་སྐོར་གསང་སྤྱོད་སྒྱུར་བཀོད།    ཆུའི་བཟོ་གྲྭ་ཉམས་བཟོ།    ཁྲོ་ཐབ་སྒྱུར་བཀོད།    འཁྲབ་སྟོན་ལྟེ་གནས་སྒྱུར་བཀོད།    སྨན་བཅོས་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལེགས་སྒྲུབ་བྱས་ནས། གནས་སྐབས་རླངས་འཁོར་འཇོག་ས་ལྔ་འཛུགས་སྐྲུན་བྱས་པ་དང་རླངས་འཁོར་འཇོག་གནས5718བར་རྒྱ་བསྐྱེད་བྱས། མཚོན་རྟགས་བྱང་བུ་ལེགས་བཅོས་དང་མཚེའུ་འགྲམ་རྒྱུད་ཀྱི་གད་སྙིགས་གཙང་སེལ། ལྗོངས་ཁུལ་གྱི་ལྗང་སྒྱུར་འདེབས་འཛུགས་སོགས་ཇེ་ལེགས་སུ་བཏང་ནས། མཛེས་ལྗོངས་ཁུལ་གྱི་རྣམ་པ་གསར་རྐྱང་དུ་སྒྱུར་བ་དང་ཡུལ་སྐོར་བའི་ཉམས་ལེན་བྱེད་ཚད་སྔར་བས་མཐོར་འདེགས་སུ་བཏང་།

མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་ཚད་གཞི་དང་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད།《མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ“སྤུས་ཚད་ཞབས་ཞུའི་དུས་ཚིགས”ཀྱི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་ཇུས་གཞི》བཟོས་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ཞབས་ཞུ་མཐོར་གཏོང་གི་གསོ་སྦྱོང་བྱས་ཏེ། མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་སྤུས་ཚད་དང་ཞབས་ཞུའི་ཚད་གཞི་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཞུ་གཏུག་བདག་སྤྲོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཡུལ་སྐོར་ཞུ་གཏུག་བདག་སྤྲོད་ལྟེ་གནས་བཙུགས་པ་དང་། ཞུ་གཏུག་དང་ཐོལ་བྱུང་དོན་རྐྱེན་གཅིག་གྱུར་སྒོས་བདག་སྤྲོད་བྱེད་པ་མ་ཟད་ཐག་གཅོད་འོས་འཚམ་བྱེད་དགོས། སྐྱེ་ཁམས་ཡུལ་སྐོར་ཉེན་ཚབ་མ་ལག་དང་འཕྲལ་བསྟུན་རོགས་སྐྱོབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་གསར་གཏོད་བྱེད་པ། ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་བསྟུན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཡུལ་སྐོར་བར་བདེ་འཇགས་ཀྱི་ཡུལ་སྐོར་ཁོར་ཡུག་བསྐྲུན་དགོས།

གཞན་ཡང་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་ལྔ་བཏང་ནས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྨན་ཁང་མཚོ་སྔོན་པོའི་སྨན་བཅོས་ཞབས་ཞུའི་ས་ཚིགས་བསྐྲུན་པ་དང་། སྨན་བཅོས་སྲོག་སྐྱོབ་སྒྲིག་ཆས་དང་ས་མཐོའི་གསོ་རླུང་ཁང་བཀོད་སྒྲིག་བྱས་ནས། ཛ་དྲག་གི་སྨན་བཅོས་སྲོག་སྐྱོབ་དང་རྒྱུན་ལྡན་གྱི་སྨན་བཅོས་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ཏེ་ཡུལ་སྐོར་བའི་ཚེ་སྲོག་བདེ་ཐང་འགན་ལེན་ནུས་ལྡན་བྱས་ཡོད།

མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི“གསེར་གྱི་མིང་བྱང”ཕྱོགས་ཡོངས་ནས་གཏོད་དགོས།

“རིག་གནས་དང་ཡུལ་སྐོར”ཟུང་དུ་འབྲེལ་བའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པའི་ངོས་ནས། ཉེ་ལམ། མཚོ་སྔོན་གྱི་སྐྱེ་ཁམས་པར་ལེན་འགྲེམས་སྟོན་མཚོ་སྔོན་པོར་གཟབ་རྒྱས་ངང་བསྡུས་པ་དང་། སྐྱེ་ཁམས་དང་རང་བྱུང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། པར་རྒྱག་མཁས་ཅན་གྱི་པར་ལེན་བརྒྱུད་བརྩམས་ཆོས་རྩེ་གྲ་བརྒྱ་ལྷག་ཙམ་གྱིས་ལྟ་སྐོར་བར་མཐོང་ཚོར་གྱི་སྟོན་མོ་ཞིག་བཤམས་པ་རེད།

ཉེ་བའི་ལོ་འགའི་རིང་། “མཛེས་སྡུག་ལྡན་པའི་ཀྲུང་གོ་དང་བདེ་སྐྱིད་ལྡན་པའི་འགྲུལ་ལམ”ཞེས་པའི་ཀྲུང་གོའི་ཡུལ་སྐོར་ཉིན་མོའི་བརྗོད་དོན་གཙོ་བོའི་བྱ་འགུལ་དང་། མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སོགས་ཀྱི་བྱ་འགུལ་ཚང་མ་མཛེས་སྡུག་ལྡན་པའི་མཚོ་སྔོན་པོའི་འགྲམ་དུ་སྤེལ་རྒྱུ་གདམ་གསེས་བྱས་ཡོད།

2024ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་ལ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས“མཚོ་སྔོན་པོའི་གངས་འཁྱག་སྐྱེ་ཁམས་ཡུལ་སྐོར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཁྱད་ལྡན་གྱི“དར་སྔོན”མཛེས་ལྗོངས་དྲིལ་བསྒྲགས་རྒྱུན་མཐུད་བྱས་པས། ཡུལ་སྐོར་བ་མང་པོ་ཞིག་ལྟ་རུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། མཚོ་སྔོན་པོའི་མཚོ་གཟིགས་རྒྱལ་སྤྱིའི་ཚོང་མགྲོན་ཁང་གིས“ཞག་སྡོད་དང་། བོད་ཀྱི་གྱོན་ཆས་ཡུལ་སྐོར་གྱི་པར་ལེན་དང་། མཚེའུའི་ཤོག་སྦག་མེ་ཏོག་ལ་ལྟ་བའི”འཁྱགས་རོམ་ཡུལ་སྐོར་བཅས་མཉམ་སྒྲིག་བྱས་པས། མངག་ཉོ་བྱེད་མཁན་ཧ་ཅང་མང་ལ་ཉིན་རེར་ཆ་སྙོམས་ཁང་བ་བརྒྱ་ལྷག་གི་ནང་དུ་འདུག་མཁན་ཡོད་པ་དང་། མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཉུང་བའི་འཛད་སྤྱོད་ཀྱི་སྦས་ཤུགས་སྔོག་འདོན་ནུས་ལྡན་བྱས་ཡོད།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་སྲུང་སྐྱོབ་བྱས་ནས་སྐྱེ་ཁམས་ཡུལ་སྐོར་དང་མཛེས་ལྗོངས་ཁུལ་གྱི་གསར་སྤེལ་འཆམ་མཐུན་གཅིག་གྱུར་གྱི་འབྲེལ་བ་གཅིག་འདོམས་དང་དོ་སྙོམས་ཡོང་བར་བྱས།    མཛེས་ལྗོངས་ཁུལ་གྱི“སྐྱེ་ཁམས་ཡུལ་སྐོར་དང་འགྲིམ་འགྲུལ་ཟུང་འབྲེལ”དང་།    “སྐྱེ་ཁམས་ཡུལ་སྐོར་དང་རིག་གནས་ཟུང་འབྲེལ”བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས། “འཇའ་ཚོན་གྱི་ལམ”དང་གྲུ་ཁ་བསྐྱོད་སའི་གཞུང་ལམ། “ཉ་དང་འདབ་ཆགས་མཉམ་གནས”ཀྱི་རིམ་སྤེལ་ཚོན་རིས་དང་།    ཁྱད་ལྡན་དྲ་གྲགས་ཀྱི་ཡུལ་སྐོར་གནས།  འཁྲབ་སྟོན་ཐང་ཆེན་སྒྱུར་བཀོད་སོགས་ཀྱི་དམངས་སྲོལ་འཁྲབ་སྟོན་ལེ་ཚན་བཏོན་ནས། སྣ་མང་རང་བཞིན་དང་།    སྤྱི་ཚོགས་རང་བཞིན།    སྐྱེ་ཁམས་རང་བཞིན་བཅས་ཀྱི་མཛེས་ལྗོངས་ཁུལ་གྱི་ཁྱད་ཆོས་མངོན་ཡོད།

“མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དང་ཚྭ་ཁའི་ཨང་རྟགས་དང་པོའི་ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱི་མཉམ་འགུལ་མཉམ་ལས་ཇུས་གཞི་བཟོས་ནས། སྤ་སེ་མཉམ་འབྲེལ་དང་ཚོང་གཉེར་མཉམ་ལས་ལམ་སྲོལ་བཙུགས་པ་དང་། ཕྱོགས་གཉིས་པོའི་ཐོན་ཁུངས་ལེགས་ཆ་གང་ལེགས་སྤྱད་དེ། ནང་འཛུལ་སྤ་སེ་དང་ཚོང་གཉེར་ལས་གཞི་མཉམ་འབྲེལ་བྱས་ཏེ་སྤ་སེ་ཕྱིར་འཚོང་བྱས་པ་དང་། མཛེས་ལྗོངས་ཁུལ་གྱི་ལྟེ་བའི་ཚོང་མགྲོན་ཁང་གི་ལས་སྒོའི་རིན་ཐང་འཕར་བ་དང་དེ་བཞིན་མཛེས་ལྗོངས་ཁུལ་གྱི་མེ་འཁོར་ཆུང་གྲས་དང་། སྤྲོ་གསེང་གྲུ་གཟིངས་སོགས་འཛད་སྤྱོད་སྤ་སེ་ཐེངས་གཉིས་ལ་ཉོས་ན་གཟིགས་སྐྱོང་ཡོད་པའི་ཚོང་གཉེར་མཉམ་ལས་བྱས་ནས། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་འགྲོ་གྲོན་ལུགས་མཐུན་ངང་ཇེ་དམའ་རུ་བཏང་བ་དང་། ཡུལ་སྐོར་བ་སྔར་ལས་མང་བའི་ཡིད་དབང་བཀུག་ནས་མཛེས་ལྗོངས་ཁུལ་གྱི་ལྟེ་བའི་འགྲན་རྩོད་ནུས་པ་དང་ཟོང་རྟགས་རིན་ཐང་ཇེ་མཐོར་བཏང་བས། གོ་རིམ་རྗེས་མའི་མཚོ་སྔོན་ཞིང་ཆེན་གྱིAརིམ་པའི་ལྗོངས་ཁུལ་མཉམ་ལས་མནའ་འབྲེལ་ལ་རྨང་གཞི་བརྟན་པོ་བཏིང་ཡོད” ཅེས་མཚོ་སྔོན་པོ་ཡུལ་སྐོར་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྤྱིའི་ལས་འཛིན་པ་ལིས་ཞའོ་པིན་གྱིས་དེ་ལྟར་བཤད།

དེ་དང་ཆབས་ཅིག ཡུལ་ལྗོངས་མཉམ་འདྲེས་འཕེལ་རྒྱས་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས། ས་ཞིང་འཁོར་རྒྱུག་དང་མཉམ་ལས་གཉེར་སྐྱོང་། ལས་ཞུགས་བསྡུ་ལེན་སོགས་ཀྱི་བྱ་ཐབས་སྤྱད་དེ་མཐའ་འཁོར་གྱི་མང་ཚོགས་དེའི་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཏེ། མང་ཚོགས་ལ་ཡུལ་སྐོར་གྱི་ཡོང་འབབ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་རེད། ད་ལྟ། མཚོ་སྔོན་པོ་རྒྱུག་ཁུལ་དུ་ལོ་མང་རིང་སྲུང་སྐྱོབ་བྱས་པའི་ཕན་འབྲས་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཀྱི་འབྱུང་ཁུངས་སུ་འགྱུར་བཞིན་ཡོད་པ་དང་། སྐྱེ་ཁམས་དམངས་ཕྱུག་དང་། སྐྱེ་ཁམས་དམངས་ཕན། སྐྱེ་ཁམས་དམངས་ཀྱི་ཆེད་དུ་ཡིན་པ་བཅས་ཀྱི་ཐོག་ནས་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད།

རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ཏེ་སྐྱེ་ཁམས་སྔོན་ལ་འཇོག་པའི་འདུ་ཤེས་དེ་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་སོགས་མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་སླར་ཡང་སྔར་ལས་བཟང་པོའི་ཕྱོགས་སུ་བསྐྱོད་བཞིན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།