ཤུག་སྡོང་ཁེར་སྐྱེས་བདག་སྐྱོང་ས་ཚིགས།
2024.04.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

ཉེ་ལམ་གསར་འགོད་པས་ཞིང་ཆེན་བརྒལ་ཞིང་རི་ཀླུང་བརྟོལ་ཏེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་བདག་སྐྱོང་ས་ཚིགས་སུ་འབྱོར།

ལམ་ལ་མ་ཆས་གོང་ཤུག་སྡོང་ཁེར་སྐྱེས་བདག་སྐྱོང་ས་ཚིགས་ཀྱི་གནས་ཡུལ་ཙམ་ལས་དེ་དང་འབྲེལ་བའི་གནས་ཚུལ་གཞན་དག་ལ་ཆ་རྒྱུས་གང་ཡང་མེད། ཤུག་སྡོང་ཁེར་སྐྱེས་བདག་སྐྱོང་ས་ཚིགས་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་སྡེ་བརྒྱད་དེའུ་འབུར་གྲོང་རྡལ་དང་། བྱང་རི་ཡུལ་ཚོ། ནུབ་ཐང་ཡུལ་ཚོ་བཅས་ཀྱི་འབྲེལ་མཚམས་སུ་གནས་ཤིང་། དེ་ནི་ཀན་སུའུ་ཞིང་ཆེན་གྱི་ཆོན་ཝོ་ཆེ་བ་དང་རི་དམར་ཆེ་བ་གཉིས་སུ་སྦྲེལ་ཡོད། དེ་ནི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མིན་ཡོན་ས་ཁོངས་ཀྱི་ཆེས་མཐའ་འཁོབ་ཏུ་གྱུར་པའི་བདག་སྐྱོང་ས་ཚིགས་ཤིག་རེད།

མིན་ཡོན་རྫོང་ནས་ཤུག་སྡོང་ཁེར་སྐྱེས་བདག་སྐྱོང་ས་ཚིགས་བར་སྤྱི་ལེ180ལྷག་ཡོད་པས། བྱེས་བགྲོད་རླངས་འཁོར་ཆུ་ཚོད5ཙམ་ལ་བསྐྱོད་དགོས། བདག་སྐྱོང་ས་ཚིགས་ཀྱི་མགོ་གཙོ་མ་ཆིང་ཧུང་གིས་དུས་ཚིགས་འདིར་ང་ཚོས་བདམས་པའི་ལམ་བུ་དེ་ནི་ལམ་ཐིག་ཡག་ཤོས་དེ་རེད་ཅེས་བཤད།

ཉིན་དེའི་ཕྱི་དྲོར། ང་ཚོས་མ་ཆིང་ཧུང་དང་ཁོའི་ལས་གྲོགས་ཚོ་དང་མཉམ་དུ། ལམ་ཐག་ཉེ་སར་སྐོར་སྲུང་ཞིག་བྱས་རྗེས་ཅང་མ་འགོར་བར་ངོ་མཚར་ཆེ་བའི་ཤུག་སྡོང་དེའི་འོག་ཏུ་སླེབས་པ་དང་།“བདག་སྐྱོང་ས་ཚིགས་ཀྱི་བྱང་ཕྱོགས་ཀྱི་སྤྱི་ལེ་གཅིག་གི་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་ཤུག་སྡོང་ཞིག་སྐྱེས་ཡོད་པ་ལས་བདག་སྐྱོང་ས་ཚིགས་ཀྱི་མིང་ནི་དེ་ལས་ཐོགས་པ་ཞིག་རེད།”

ཤུག་སྡོང་འོག་གི་ཕ་བོང་དེར་ཞིབ་ལྟ་ཞིག་བྱས་པ་ན། དེའི་སྟེང་དུ“སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད། གཞིས་ཁྱིམ་ལ་གཅེས་སྐྱོང་བྱེད”ཅེས་པའི་ཡིག་འབྲུ་འགའ་བྲིས་ཡོད་པ་དང་དུས་ཡུན་རིང་པོར་རླུང་བུས་གཙེས་ཤིང་ཆར་ཆུས་བརླན་པས་ཡིག་འབྲུ་དམར་པོ་དེ་དག་གི་མདོག་ཅུང་ཙམ་ཡལ་འདུག་མོད། འོན་ཀྱང་སྔར་བཞིན་གསལ་བོར་མཐོང་ཐུབ།

ཤུག་སྡོང་ཁེར་སྐྱེས་བདག་སྐྱོང་ས་ཚིགས་ཀྱི་བདག་སྐྱོང་ས་ཁོངས་ལ་སྤྱི་ཆིང་ཁྲི1.46ཡོད་ལ། དེའི་ནང་ལྟེ་བའི་ཁུལ་དང་། གཞུང་ཁོངས་ནགས་ཁུལ། སྤྱིར་བཏང་ཚོད་འཛིན་ཁུལ་བཅས་ཚུད་ཡོད། ས་ཁོངས་ནང་གི་ས་དབྱིབས་གཡང་གཟར་ཆེ་ལ། ནགས་ཚལ་སྟུག་ཅིང་སྲོག་ཆགས་མང་པོ་ཡོད། ལྷག་པར་དབྱར་ཁ་དང་སྟོན་ཁར་དྲེད་མོང་སོགས་རི་དྭགས་མང་པོ་མཐོང་རྒྱུ་ཡོད་ཅིང་། དགུན་དུས་གངས་ཀྱིས་རི་མགོ་གཡོགས་ཡོད།

“ཤུག་སྡོང་ཁེར་སྐྱེས་བདག་སྐྱོང་ས་ཚིགས་སུ། ང་ནི་ཆེས་འོས་འཚམ་གྱི་བདག་སྐྱོང་པ་ཡིན་ལ། ང་གནས་འདིར་མི་ཡོང་ཟེར་ན་དེ་ནི་གཞན་ལ་བཤད་ཐབས་མེད་པའི་སྐད་ཆ་ཞིག་རེད།” 2021ལོར་བདག་སྐྱོང་ས་ཚིགས་སོ་སོས་ལས་གནས་སྤོ་སྒྱུར་བྱེད་སྐབས་མ་ཆིང་ཧུང་གིས་རང་འགུལ་ངང་རེ་འདུན་ཞུས་ཏེ་དེ་སྔ་འབད་འཐབ་བྱས་མྱོང་བའི་ས་ཆ་སྟེ། ཤུག་སྡོང་ཁེར་སྐྱེས་བདག་སྐྱོང་ས་ཚིགས་སུ་ཕྱིར་ལོག

མ་ཆིང་ཧུང་ཐེངས་དང་པོར་ས་དེར་སླེབས་སྐབས་ནི2012ལོར་ཡིན་ཞིང་། སྐབས་དེ་དུས་ཀྱི་ཤུག་སྡོང་ཁེར་སྐྱེས་བདག་སྐྱོང་ས་ཚིགས་སུ་བགྲོད་པའི་ལམ་མི་བདེ་བས་ཕར་འགྲོ་ཚུར་འོང་བྱེད་སྐབས་འཕྲུལ་རྟར་བཞོན་རྒྱུ་ལས་འོས་མེད། ཉིན་རེའི་ས་སྲོད་ལ་དུས་བཀག་ལྟར་སྤྱི་ལེ་བདུན་གྱི་ཕ་རོལ་དུ་ཡོད་པའི་ཅིར་ཅ་རུ་ཕྱིན་ཏེ། ལས་ཁུངས་ལ་བདེ་འཇགས་སྙན་ཞུ་འབུལ་དགོས།

2014ལོའི་དགུན་ཁར་མ་ཆིང་ཧུང་གིས་གངས་འཁྱགས་ཀྱིས་བཏུམས་པའི་ཁོངས་གཏོགས་ཁུལ་དུ་སྐོར་སྲུང་བྱེད་སྐབས་འཕྲུལ་རྟའི་སྟེང་ནས་ཐང་ལ་འགྱེལ་མོད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་མ་ཆིང་ཧུང་ལ་སྐྱོན་མ་བྱུང་། དེ་ནས་མ་ཆིང་ཧུང་གིས་དར་ཐོག་ཏུ་འགྱེལ་ཡོད་པའི་འཕྲུལ་རྟ་སྐྱོར་བ་ན། རྐང་པས་ས་མ་ཚུགས་པར་མགོ་བོ་དར་ཐོག་ཏུ་བརྡབས་པ་དང་། དར་མདུང་ཞིག་གིས་གདོང་རུས་ལ་གཙགས་ཏེ་རྨ་ཁ་བཏོད།

འཕྲལ་མར་སྨན་ཁང་དུ་བསྐྱལ་བ་དང་། རྨ་ཁ་དྲག་སྐྱེད་བྱུང་རྗེས་མ་ཆིང་ཧུང་གིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་འབྲུག་རྒན་ཁུག་བདག་སྐྱོང་ས་ཚིགས་སུ་ལས་གནས་སྤོར། 2021ལོར་ལས་གནས་སྤོ་སྐབས། མ་ཆིང་ཧུང་སླར་ཡང་དེ་གར་ལོག་པ་དང་གདོང་གི་རྨ་ཤུལ་ད་དུང་ཅུང་ཙམ་མཐོང་རྒྱུ་འདུག

ད་ལྟ་ལོ་ན་དྲུག་ཅུར་སླེབས་ལ་ཉེ་བའི་མ་ཆིང་ཧུང་གིས་བདག་སྐྱོང་པ་ལྔ་ཁྲིད་དེ་དེ་གའི་རི་ཆུ་ཀླུང་གསུམ་ལ་སྔར་བཞིན་སྲུང་སྐྱོབ་བྱེད་བཞིན་ཡོད་ལ། དེ་ནི་རྡོ་ཕ་བོང་སྟེང་སྲ་ཞིང་བརྟན་པོར་སྐྱེས་པའི་ཆི་ལིན་ཤུག་སྡོང་དེ་དང་ཡོངས་སུ་མཚུངས།

“ད་ལྟ་ཕྱོགས་གང་ཅིའི་ཐད་ཀྱི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ནས་ན་ནིང་ལོ་མཇུག་ཏུ་གློག་དང་དྲ་བ་ཤར་གཏོང་ཐུབ་ཡོད་པར་མ་ཟད། ལམ་ཡང་ཤར་གཏོང་ཐུབ་ཡོད”ཅེས་བཤད། འདས་ཟིན་པར་ཕྱིར་དྲན་བྱས་ན་མ་ཆིང་ཧུང་ལ་མྱོང་ཚོར་ཟབ་མོ་ཡོད། གང་ལགས་ཞེས་ན། དེ་ནི་ཀན་སུའུ་དང་མཚོ་སྔོན་འབྲེལ་མཚམས་སུ་གནས་པའི་དབང་གིས་གློག་དྲ་མཐུན་སྦྱོར་གྱི་དོན་དག་ལ་ལོ་གཉིས་ལྷག་གི་དུས་ཚོད་བཏང་བའི་རྐྱེན་རེད།

ད་ལོ་ལོ་ན་ང་བདུན་ལ་སླེབས་པའི་ཀྲང་ཞན་རོང་ནི་བདག་སྐྱོང་ས་ཚིགས་ཀྱི་ལོ་ན་མཐོ་ཤོས་ཀྱི་སྐྱེ་ཁམས་ནགས་སྲུང་པ་ཞིག་ཡིན་ལ། བདག་སྐྱོང་ས་ཚིགས་སུ་ཀུན་གྱིས་ཁས་ལེན་པའི་ཟས་རིགས་གཡོ་སྦྱོར་ལ་མཁས་པའི་སྐྱེ་ཁམས་ནགས་སྲུང་པ་ཞིག་ཀྱང་རེད། རྒྱུན་ལྡན་གྱི་ཁ་ཟས་བཟོ་བ་ནས་གོ་རེ་བཟོ་བར་ཡང་བྱང་ཆ་ཡོད་པ་དང་། ལྷག་པར་ཁོས་བཟོས་པའི་གོ་རེ་ཤིན་ཏུ་ཞིམ།“ཡོང་མ་ཐག་པའི་ལོར་དེ་གར་ཕྱི་ནས་ཉོས་ཡོང་བའི་གོ་རེ་ཟོས་ཆོག དུས་ཚོད་ཅུང་ཙམ་འགོར་རྗེས་དེ་ལ་བྲོ་བ་མི་འདུག དེ་བས་རང་གིས་གོ་རེ་བཅའ་ཨེ་ཤེས་བལྟས་པ་ཡིན། བཅའ་སྲོལ་མི་ཤེས་ན་འཕྲུལ་རྟར་ཞོན་ནས་ཅིར་ཅའི་ཁྱིམ་དུ་ལོག་ནས་ཆུང་མའི་གམ་ནས་བསླབས་རྗེས་ཕྱིར་ཡོང་ནས་ཡང་བསྐྱར་བཅོས་པ་ཡིན”ཞེས་ཀྲང་ཞན་རོང་གིས་འཛུམ་མདངས་སྟོན་བཞིན་དེ་ལྟར་བཤད།

ཤུག་སྡོང་ཁེར་སྐྱེས་བདག་སྐྱོང་ས་ཚིགས་དེ་ས་གཞན་དང་བར་ཐག་རིང་བས་བཟའ་བཅའ་དང་རྒྱུན་ལྡན་གྱི་མཁོ་ཆས་ཉོ་སྒྲུབ་བྱེད་པར་སྟབས་ཧ་ཅང་མི་བདེ་བས། བདག་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་ནགས་སྲུང་པས་ཐད་ཀར་རང་སྟོབས་ལ་བརྟེན་དགོས། སྐྱེ་ཁམས་ནགས་སྲུང་པ་རེ་རེས་ཉིན་རེར་འགན་ཁུར་ནས་ལས་རེས་བྱེད་བཞིན་ཡོད། ཞོགས་པར་སྤྱིར་བཏང་གིས་འབྲས་ཐུག་དང་གོ་རེ་ཡིན་ལ། ཉིན་གུང་ཕྱི་ལ་འགྲོ་དུས་ཀྲང་ཞན་རོང་གིས་བཟོས་པའི་གོ་རེ་བྲོ་ཁ་ཁྱེར་བ་དང་དགོང་མོར་ཐུག་པ་བསྐོལ་གྱིན་ཡོད།

ད་ལོ་ལོ་ན་ཉེར་དྲུག་ལ་སླེབས་པའི་སུའུ་མགོན་པོ་ཚེ་རིང་ནི་བདག་སྐྱོང་ས་ཚིགས་ཀྱི་ལོ་ན་གཞོན་པའི་སྐྱེ་ཁམས་ནགས་སྲུང་པ་ཞིག་ཡིན། 2020ལོར་སུའུ་མགོན་པོ་ཚེ་རིང་བདག་སྐྱོང་ས་ཚིགས་སུ་ཡོང་ནས་ལོ་གཅིག་ཕྱིན་རྗེས་ཁྱིམ་དུ་ལོག ཁོའི་ཁྱིམ་ནི་བསོད་སྐྱིད་ཐང་ཡུལ་ཚོ་རུ་ཡོད་པ་དང་། བདག་སྐྱོང་ས་ཚིགས་དང་བར་ཐག་སྤྱི་ལེ230ལྷག་ཡོད། ཁྱིམ་དུ་ཕྱུགས་ཟོག80ལྷག་ཡོད།

ཡུལ་ལ་ལོག་རྗེས་སུའུ་མགོན་པོ་ཚེ་རིང་གིས་སྤྱི་ཚོགས་ནགས་སྲུང་པར་རྒྱུགས་འཕྲོད་པ་དང་། ཕྱུགས་འཚོ་བའི་དུས་མཚུངས་སུ་སྐོར་སྲུང་བྱས། ད་ལོར་སུའུ་མགོན་པོ་ཚེ་རིང་སླར་ཡང་ཤུག་སྡོང་ཁེར་སྐྱེས་བདག་སྐྱོང་ས་ཚིགས་སུ་ལོག

ཤུག་སྡོང་ཁེར་སྐྱེས་བདག་སྐྱོང་ས་ཚིགས་ཀྱི་གཡས་གཡོན་གྱི་བྲག་སྟེང་དུ་རང་བྱུང་གི་ནགས་ཚལ་སྟུག་པོ་ཡོད་པ་དང་། རི་སྐྱེས་སྲོག་ཆགས་འཚོ་སྡོད་ཀྱི་སྤྲོ་སྐྱིད་གླིང་ཞིག་ཡོད། བདག་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་ནགས་སྲུང་པས་ལྟ་སྲུང་བྱེད་བཞིན་པ་ནི་ཤུག་སྡོང་གཅིག་ཙམ་ག་ལ་ཡིན་ཏེ། ཁོ་ཚོས་ལྟ་སྲུང་བྱེད་བཞིན་པ་ནི་ནགས་ར་ཧྲིལ་པོ་དང་། རང་བྱུང་ཁམས་ཆེན་མོ་དང་རི་སྐྱེས་སྲོག་ཆགས་ཀྱི་གཞིས་ཁྱིམ་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།