མདོ་ལ་རིང་མོའི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་སྐྱེ་ཁམས་མ་ལག་སྦྲུམ་སྟེ། སྲོག་ཆགས་ཁྲི་སྟོང་མང་པོར་འཚོ་གནས་དང་སྐྱེ་འཕེལ་གྱི་གཞིས་ཁྱིམ་མཁོ་འདོན་བྱས་ཡོད།
རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་སྐམ་སའི་དམིགས་བསལ་ས་ཁོངས32གྲས་ཀྱི་གཅིག་ཡིན་པའི་ངོས་ནས། ས་ཁོངས་ནང་སྐས་རིམ་ཧེ་བག་མངོན་གསལ་དོད་པ་དང་། སྐྱེ་ཁམས་གྲུབ་ཆ་འཐུས་སྒོ་ཚང་བ། རིགས་སྣ་མང་བ་བཅས་ཀྱི་རི་སྒང་མཐོན་པོའི་སྐྱེ་ཁམས་མ་ལག་སྐྱེ་འཚར་དང་རྒྱུན་འཁྱོངས་ཐུབ་ཡོད་པས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཕུན་སུམ་ཚོགས་པོ་ལྡན། དེ་རུ་གཞི་ཁྱོན་ཆེ་ལ་རྒྱུན་མཐུད་རང་བཞིན་ལྡན་པའི་གསའ་ཡི་འཚོ་གནས་ལ་འཚམ་པའི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་ལྔ་དང་སྟོང་གཅིག་ལྷག་ཡོད་པར་མ་ཟད། ཕུན་སུམ་ཚོགས་པའི་མཐོ་སྒང་གི་རྩ་ཆེ་ལ་སྟོང་ཉེར་ཡོད་པའི་སྲོག་ཆགས་མང་པོ་འཚོ་སྡོད་དང་རྩི་ཤིང་མང་པོ་སྐྱེས་ཡོད། དེའི་ནང་གསའ་དང་རྩྭ་གཡི། ཁྲུང་ཁྲུང་སྐེ་ནག འབྲོང་། རེ་སྐོན་སྒ་ཏིག གཡའ་ཚན་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་ཡིན་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས77ཡོད།
དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པོ་ཡིས་མདོ་ལ་རིང་མོར་སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་བསྩལ་ཡོད། 2017ལོར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་བའི་ཚུན་ལ། མཚོ་སྔོན་ནི་ཚོད་ལྟའི་ཞིང་ཆེན་གྱི་གྲས་ཤིག་ཏུ་གྱུར། མཚོ་སྔོན་ཞིང་ཆེན་མདོ་ལ་རིང་མོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་། བ་ལྡིང་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་བརླན་སའི་སྤྱི་གླིང་། སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་སོགས་སྲུང་སྐྱོབ་བྱ་ཡུལ་དག་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ཁུལ་དུ་བསྡུ་སྒྲིལ་བྱས་རྗེས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ལ་གཅིག་གྱུར་དོ་དམ་དང་། ཁྱོན་ཡོངས་སྲུང་སྐྱོབ། མ་ལག་སླར་གསོ་བཅས་མངོན་འགྱུར་བྱུང་བ་དང་། གླིང་ཁུལ་གྱི་ཁྱབ་ཁོངས་དེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནང་བཅུག་ནས། སྲུང་སྐྱོབ་དེ་བས་ནན་མོ་བྱས་པས་སྐྱེ་ཁམས་སྲུང་སྐྱོབ་ཐད་རྣམ་པ་གསར་པ་མངོན་ཡོད།
ཉེ་བའི་ལོ་ཤས་རིང་། མདོ་ལ་རིང་མོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་མ་ལག་ཉིན་བཞིན་འཐུས་ཚང་དུ་སོང་བ་དང་། ལྟ་ཞིབ་ཚད་ལེན་གྱི་ནང་རྐྱེན་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་པ། རྨང་གཞིའི་ནུས་པ་ཆེ་རུ་ཕྱིན་པ་བཅས་དང་བསྟུན་ནས། མི་རྣམས་ཀྱིས་གསའ་ལྔ་དང་། རྩྭ་གཡི་ལྔ། གཡི་ལྔ། ས་རྟ་གྲོ་ལི་དྲུག་བཅས་བརྙན་སྒྲོམ་གཅིག་ཏུ་མངོན་པའི་མཐོང་དཀོན་པའི་འདྲ་པར་བླངས་པ་དེས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་མཚོ་སྔོན་དུམ་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་བླངས་ཡོད་པ་ཡང་བདེན་དཔང་བྱས་ཡོད།
ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧན་ཆང་གིས་བཤད་རྒྱུར། “རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་སྲུང་སྐྱོབ་ཡག་པོ་བྱས་ཚེ་བུ་རབས་ཚ་རྒྱུད་ལ་སྐྱེ་དངོས་ཀྱི་བང་མཛོད་འཇོག་ཐུབ” ཟེར། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་བཟོ་འགོད་གལ་ཆེན་ལག་བསྟར་ཤུགས་ཆེན་བྱས་ནས། སྣ་མང་སྐྱེ་དངོས་སྲུང་སྐྱོབ་བྱ་རྒྱུ་དེ་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་གྱི་གྲས་ཤིག་ཏུ་གྱུར་ཡོད། ཧན་ཆང་གིས་གསར་འགོད་པར“རི་ཆུ་ནགས་ཞིང་མཚེའུ་བྱེ་ཐང་འཁྱགས་ཀླུང་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱས་པ་བརྒྱུད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ནུས་ལྡན་སྒོས་ཇེ་ལེགས་སུ་བཏང་ནས། སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་འཐུས་ཚང་རང་བཞིན།བརྟན་པོའི་རང་བཞིན་བཅས་རྒྱུན་འཁྱོངས་ནུས་ལྡན་ཐུབ་ཡོད”ཟེར།
རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་རྒྱུད་སྤེལ་ས་ཚིགས་དང་པོ་ཡིན་པའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་གསོ་སྤེལ་ས་ཚིགས་ནི་མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་མྱུར་སྐྱོབ་ཀྱི་ཆེད་དོན་ལས་ཁུངས་གཉིས་པ་ཡིན་པ་དང་། གཙོ་བོ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་།རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་གསོ་སྤེལ།འཚོ་གནས་སླར་གསོ།རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན། ཚན་རིག་ཞིབ་འཇུག ཚན་རྩལ་ཁྱབ་གདལ་དང་དྲིལ་སྒྲོག་སློབ་གསོ་སོགས་ཀྱི་ལས་དོན་གྱི་འགན་ཁུར་ཡོད།
ཉེ་བའི་ལོ་ཤས་རིང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་དོ་དམ་ཅུས་ཀྱིས་སྤྱི་དམངས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ནང་ཞུགས་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། རང་རྒྱལ་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་མ་ལག་གི་སྒོ་འབྱེད་རྣམ་པ་ཆེ་ཤོས་ཀྱི་ཚན་རིག་ཁྱབ་གདལ་ཁང་བསྐྲུན་པ་དང་། རྒྱལ་ཁབ་སྤྱི་གླིང་འགྲེམ་སྟོན་ལྟེ་གནས་བསྐྲུན་ནས། རྒྱལ་ཁབ་སྤྱི་གླིང་དང་སྤྱི་ཚོགས་དང་དམངས་ཡོངས་ཀྱིས་རང་བྱུང་སློབ་གསོ་དང་ལེན་བྱེད་པའི་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།
མཚོ་སྔོན་ཞིང་ཆེན་རང་བྱུང་སློབ་གསོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིའུ་ལུའུ་ཆིང་གིས་བཤད་རྒྱུར། “ད་ལྟ་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་ཞུགས་པའི་བྱ་གཞག་ཅིག་ཏུ་གྱུར་ནས་མི་རྣམས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་འདུན་པ་ཤེས་རྟོགས་ཐུབ་པ་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ནང་ཞུགས་པའི་འདུ་ཤེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ཡོད”ཟེར།
རང་བྱུང་སློབ་གསོ་དེ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་དུམ་ཁུལ་གྱི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད་ཅེས་བརྗོད་ཆོག
མིག་སྔར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་དུམ་ཁུལ་གྱིས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ལ་བརྟེན་ནས། མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ནུས་པའི་རིན་ཐང་གཙོ་བོར་བྱས་ཏེ། ཕྱིར་བསྐྱོད་པ་དང་ནང་དུ་གདན་འདྲེན་པ་བྱེད་ཐབས་གཙོ་བོ་ཡིན་པའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་བཀོད་སྒྲིག་དང་།སྐྱེ་ཁམས་སློབ་གྲྭ་འཛུགས་པ།སྐྱེ་ཁམས་སྐོར་གྱི་སློབ་ཁྲིད་སྤེལ་བ་བཅས་བྱེད་ཀྱིན་ཡོད།
“རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བརྟེན་ནས། བྱ་དངོས་ཐམས་ཅད་ཀྱི་སྐྱེ་སྟོབས་འཕེལ་དུ་འཇུག་དགོས།” རྩྭ་ཐང་ནས་མཚེའུ་དང་། ནགས་ཚལ་ནས་བརླན་ས། སྔོ་ལྗང་རི་ཆུ་བཅས་ཀྱི་གསེབ་ཏུ། སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། མདོ་ལ་རིང་མོའི་ག་ས་གང་དུ་མཛེས་ལྗོངས་མཐོང་ཞིང་སྐྱེ་ཁམས་འཆམ་ཞིང་མཛེས་པའི་རྣམ་པ་མངོན་བཞིན་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།