རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་གྱི་མ་དཔེ་ལེགས་པོ་བསྐྲུན་དགོས།
2024.05.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 24

རྩྭ་ཐང་གི་ནས་ཞིང་ལ་ཐུར་ལྟ་བྱེད་པ།

དབྱར་གཞུང་གི་རྩེ་ཁོག་རྩྭ་ཐང་།

ནས་ནག་འདེབས་འཛུགས་ཡུལ་དངོས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ལ་ཆ་མཚོན་ནས་བཤད་ན། སྐྱེ་ཁམས་ཁོར་ཡུག་བཟང་པོ་རང་ཆས་སུ་མངའ་བ་དེས་སྐྱེ་དངོས་ཐམས་ཅད་ལ་འཚོ་སྡོད་དང་འཚམ་པའི་སྐྱེ་ཁམས་བསྟི་གནས་བསྐྲུན་ཡོད་ཅིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པའི་བར་སྟོང་ཡངས་པོ་དང་སྦས་ཤུགས་ཆེན་པོའང་བསྐྲུན་ཡོད།

རྩེ་ཁོག་རྫོང་ལ་མཚོན་ནས་བཤད་ན་གཙང་གསུམ་འགོ་ཁུངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གནས་པ་དང་། སྐྱེ་ཁམས་གནས་ཡུལ་གལ་ཆེན་ཡིན་པའི་དབང་གིས། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པ་དང་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལྕི་མོ་ཕྲག་སྟེང་དུ་བབས་ཡོད། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་བརྟན་ཆགས་སུ་གཏོང་བའི་གོ་རིམ་ཁྲོད་དུ་ལྗང་མདོག་འཕེལ་རྒྱས་འཕར་སྣོན་གང་ལེགས་ཡོང་བར་འབད་དེ། ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ་དང་། ཆེས་ཕུགས་རྒྱང་རིང་བའི་རྩེ་རིམ་ཇུས་འགོད་རེ་རེ་ནས་རིམ་བཞིན་ལྗང་མདོག་ཅན་དུ་གྱུར་དང་འགྱུར་བཞིན་པའི་ཐོན་ལས་སྦྲེལ་ཐག་གི་བར་དུ། སྐྱེ་ཁམས་སྔར་ལས་མཛེས་པ་དང་ཐོན་ལས་སྔར་ལས་ལྗང་མདོག་ཡིན་པ། མི་དམངས་མང་ཚོགས་ལ་གོ་སྐབས་སྔར་ལས་གང་མང་ཐོབ་པ་བཅས་ཀྱི་གཞི་གཅིག་ཅན་མངོན་འགྱུར་བྱུང་བར་མ་ཟད། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས།  སྤྱི་ཚོགས་ཕན་འབྲས་བཅས་དུས་མཉམ་གཅིག་ལ་ཇེ་ལེགས་སུ་ཕྱིན་པ་ལས་གཞན། རི་སྔོ་ཆུ་དྭངས་ཀྱི་མཛེས་ཉམས་སྔར་ལས་ཇེ་མཐོར་ཕྱིན་པ་དང་། གསེར་རི་དངུལ་རིའི་བཀྲག་མདངས་སྔར་ལས་ཇེ་གསལ་དུ་སོང་ཡོད།

བསམ་བློ་གཏོང་སྟངས་ལ་སྒྱུར་བཅོས་བཏང་ནས་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པའི་བདེ་སྐྱིད་ཀྱི་ལམ་བུའི་སྟེང་ཞུགས།

ཡངས་ཤིང་རྒྱ་ཆེ་བའི་རྩེ་གཞུང་རྩྭ་ཐང་སྟེང་དུ། ཁོད་ཡངས་ལ་སྤུས་ཀ་ལེགས་པའི་རྩྭ་སའི་ཐོན་ཁུངས་དེ་ནི་འབྲོག་པའི་ཡོང་འབབ་འཕར་བ་དང་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། ཆུང་དུས་ནས་བཟུང་རྩྭ་ཐང་དུ་འཚར་ལོངས་བྱུང་བའི་བཀྲ་ཤིས་དོན་གྲུབ་ལ་ཆ་མཚོན་ནའང་དེ་བཞིན་ཡིན།  ཁོའི་སྣང་ངོར་རྩྭ་ཐང་ནི་སྲོག་རྩ་དང་དཔལ་འབྱོར་གྱི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པའི་དབང་གིས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱས་པ་ཡིན་ན། གཞི་ནས་འབྲོག་པ་མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་ཡག་པོ་ཡོང་བའི་ཁྲོད་རྒྱུན་མཐུད་ངང་ཕན་པ་ཐོབ་ཐུབ་པའི་ངོས་འཛིན་བྱེད་ཀྱིན་ཡོད།

ང་ཚོས་རྩེ་ཁོག་རྫོང་ཧོར་གྲོང་རྡལ་ཐང་འདུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཀྲ་ཤིས་དོན་གྲུབ་ཐོག་དང་པོར་མཐོང་སྐབས། ཁོས་སྔོ་ཚལ་དྲོད་ཁང་ནང་དུ་ཉིན་འགའི་སྔོན་ལ་སྤོ་འཛུགས་བྱས་པའི་སུར་པན་དང་ཧོང་ཀྭ་སོགས་ཀྱི་ལྗང་མྱུག་འབུས་སྟངས་ལ་ལྟ་ཞིབ་བྱེད་བཞིན་ཡོད་པར་མ་ཟད། ལས་བྱེད་མི་སྣར་དོ་སྣང་བྱེད་དགོས་པའི་དོན་དག་འགའ་ཞིབ་ཚགས་སྒོས་བཅོལ་གདམས་བྱེད་ཀྱིན་འདུག

བཀྲ་ཤིས་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་ནས་བཤད་རྒྱུར། དེ་སྔའི་བེད་མེད་དུ་ལུས་པའི་ས་སྟོང་བེད་སྤྱོད་གང་ལེགས་བྱས་ནས། ས་ཆ་སྨི་ངོས་སྙོམས་གྲུ300ཡོད་པའི་སྟེང་དུ་སྔོ་ཚལ་དྲོད་ཁང3བསྐྲུན་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ལྡན་དུ་གཏོང་བའི་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར་ནས། ཐག་ཉེ་སའི་སྔོ་ཚལ་མཁོ་འདོན་གྱི་དགོས་མཁོ་ཐག་གཅོད་བྱས་པར་མ་ཟད། ད་དུང་ལས་ཞུགས་ལས་གནས14མཁོ་འདོན་བྱས་ནས། འབྲོག་པས་རང་གི་སྒོ་ཁ་ནས་ལས་ཞུགས་བྱེད་ཐུབ་པར་སྟབས་བདེ་གང་ལེགས་བསྐྲུན།

ཐང་འདུ་སྡེ་བའི་སྡེ་མི་གུ་གྲགས་ནི་དེའི་ཁྲོད་ཀྱི་གཅིག་ཡིན་ལ། ཁོས་ཁོམ་ལོང་ཆེ་བའི་དུས་སུ་གྲོང་རྡལ་དུ་མ་རྩ་ཆུང་ངུའི་ཚོང་རྒྱག་བཞིན་ཡོད་ལ། བྲེལ་བ་ཆེ་བའི་དུས་སུ་བཟའ་ཟླ་དང་མཉམ་དུ་དྲོད་ཁང་དུ་ལས་ཀ་ལས་ཀྱིན་ཡོད། ཁོ་མཚོན་ནས་བཤད་ན། ཧ་ལམ་ཟླ་རེར་ཡོང་འབབ་བརྟན་པོ་ཡིན་པ་དང་། ལོ་གཅིག་གི་ནང་ཡོང་འབབ་མི་ཉུང་བ་ཞིག་ཡོད་པ་དང་། ཐོན་ལས་དང་ལས་རིགས་བསྒྱུར་བའི་དུས་མཚུངས་སུ། ཡོང་འབབ་དང་ཕན་འབྲས་གཉིས་ཀ་དུས་མཉམ་གཅིག་ཏུ་འཕར་བཞིན་པའི་དབང་གིས། ད་ལྟ་ཁོའི་འཚོ་བ་ལོ་རེ་ནས་ལོ་རེར་ཇེ་ཡག་ཇེ་སྐྱིད་ལ་འགྲོ་བཞིན་ཡོད།

ཐང་འདུ་སྡེ་བར་མཚོན་ན་ཁྱིམ་ཚང་བཞི་བརྒྱ་རེ་གཅིག་དང་མི་གྲངས་སྟོང་གཉིས་དང་བརྒྱད་ཡོད་ཅིང་། སྡེ་བ་དེ་ནི་འབྲོག་ལས་གཙོ་བོར་གཉེར་བའི་སྡེ་བ་ཞིག་ཡིན་པ་དང་། སྡེ་བ་དེའི་རྩྭ་སའི་ཐོན་ཁུངས་ལ་སྤྱི་ཆིང་ཁྲི་གཅིག་དང་སྟོང་བཞི་ཡོད་ལ། རྩྭ་སའི་ཐོན་ཁུངས་དེ་ནི་འབྲོག་པའི་ཁྱིམ་ཚང་དེ་དག་གི་འཚོ་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཡིན་ནའང་སྔོན་ཆད་ཕྱུགས་འཚོ་སྐྱོང་བྱེད་ཐལ་ཆེ་བ་དང་ས་ནག་དང་ཨབ་རའི་གནོད་པ་སོགས་ཀྱི་དབང་གིས། རྩྭ་ས་ཞན་འགྱུར་བྱུང་ནས་ད་ལྟའི་རྩྭ་སའི་གནས་སྟངས་ཀྱིས་སྒོ་ཕྱུགས་དེ་འདྲའི་མང་པོ་ཞིག་ལ་རྩྭ་ཆུ་འདང་ངེས་མཁོ་འདོན་བྱེད་དཀའ་བ་དང་། འབྲོག་དམངས་ཀྱི་འཚོ་བར་ཤུགས་རྐྱེན་ངན་པ་ཐེབས་ཡོད། དེར་བརྟེན། ཁོ་ཚོས་འཚོ་གནས་ཀྱི་གདམ་ག་གཞན་ཞིག་མི་འཚོལ་ག་མེད་དུ་གྱུར་ཡོད་ཅིང་། སྡེ་བ་ཡོངས་ཀྱི་བརྒྱ་ཆའི་སུམ་ཅུའི་འབྲོག་ཁྱིམ་གྲོང་རྡལ་དང་རྫོང་མཁར་གྱི་ཉེ་འགྲམ་དུ་གནས་སྤར་ནས་ཞོར་ལས་གཉེར་བཞིན་ཡོད།

བཀྲ་ཤིས་དོན་གྲུབ་ཀྱིས་སྔོན་ཆད་དང་མིག་སྔའི་གནས་ཚུལ་གླེང་སྐབས། ཁྱིམ་དུ་རྩྭ་ས་སྤྱི་ཆིང་53.33ཡོད་ནའང་རྩྭ་སའི་རྒྱུ་སྤུས་ཇེ་ཞན་དུ་སོང་བའི་དབང་གིས་རྫོང་ཐོག་ཏུ་སོང་ནས་ལས་ཀ་མི་འཚོལ་ག་མེད་དུ་གྱུར་ཡོད། རྗེས་སུ་རྩྭ་ཐང་བཅོས་སྐྱོང་གི་སྲིད་ཇུས་དང་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། མ་དངུལ་གཏོང་བ་དང་ས་ནག་བཅོས་སྐྱོང་། ཕྱུགས་བཀག་རྩྭ་སྲུང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། གནས་འདིའི་འབྲོག་དམངས་བྱེད་ཐབས་དེ་དག་གི་ཁྲོད་འབད་པས་ཞུགས་པའི་དབང་གིས། རྩྭ་ཐང་ལ་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་ཏེ་ཉམས་པ་སོར་ཆུད་བྱུང་སྟབས། དེང་སྐབས་ཉེ་འཁོར་གྱི་རྩྭ་ས་དག་ལས་སྤུས་ཚད་ཆེས་ཡག་ཤོས་ཀྱི་རྩྭ་ཐང་ཞིག་ཡིན་ཞེས་བཤད་ཆོག་ཆོག་ཡིན་ཟེར།

རྩྭ་ཐང་གི་སྐྱེ་ཁམས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས། དེ་སྔ་གནས་སྤར་ཟིན་པའི་འབྲོག་ཁྱིམ་ཚང་མ་ཕྱིར་རང་གི་ཕ་ཡུལ་དུ་ལོག་བཞིན་ཡོད། སྐྱེ་ཁམས་ལ་གཏོར་བཤིག་བཏང་བ་ལས་བསྐྱེད་པའི་ངན་འབྲས་དང་དཀའ་སྡུག་དངོས་སུ་མྱངས་ཟིན་པའི་ཐང་འདུ་སྡེ་བའི་སྡེ་མི་ཚོས། དེང་སྐབས་རང་གི་མིག་མདུན་གྱི་བདེ་ཞིང་སྐྱིད་པའི་འཚོ་བར་སྔར་ལས་གཅེས་སྤྲས་གང་ལེགས་བྱེད་ཀྱིན་འདུག བཀྲ་ཤིས་དོན་གྲུབ་ཀྱིས་བཤད་པ་ནང་བཞིན། སྔོན་ཆད་ལོ་གཅིག་གི་དུས་ཚིགས་བཞིའི་ནང་ནོར་ལུག་རྩྭ་སའི་སྟེང་འདེད་ཀྱིན་ཡོད་ནའང་། དེང་སྐབས་སྒོ་ཕྱུགས་ཀྱི་གྲངས་ཚད་དང་རྩྭ་སའི་རྒྱ་ཁྱོན་ལྟར་འཆར་འགོད་ཡོད་པའི་སྒོ་ནས་ཕྱུགས་འཚོ་སྐྱོང་བྱེད་ཐུབ་ཡོད་པས། རྩྭ་ཐང་གི་སྐྱེ་ཁམས་ལ་སྔར་ལས་སྲུང་སྐྱོབ་གང་ལེགས་ཐོབ་ནས། ཐོན་ལས་ཀྱང་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད།

ཐང་འདུ་སྡེ་བའི་སྐྱེ་ཁམས་སྔོན་ལ་སྤེལ་བ་དང་ཁྱད་ལྡན་ཐོན་ལས་ལ་ཇུས་འགོད་གང་ལེགས་བྱས་ཏེ། འཐབ་ཇུས་ཀྱི་གོ་སྐབས་མང་པོ་དམ་འཛིན་བྱས་ནས་ཐོན་ལས་དེ་སྡེ་བའི་ཆེས་སྟོབས་ལྡན་དང་དམངས་ཕྱུག་གི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་འབུར་ཐོན་ཅན་དུ་བཏང་། བཀྲ་ཤིས་དོན་གྲུབ་ཀྱིས་གསར་འགོད་པར་བཤད་རྒྱུར། ཁོ་ཚོས་ཐང་འདུ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། དེ་སྔའི་རྩེ་ཁོག་གི་ཁྱད་ལྡན་ནོར་གནག་གསོ་སྤེལ་དང་ཕྱུགས་ལས་ཐོན་རྫས་ལས་སྣོན་འཕེལ་རྒྱས་བཏང་བའི་རྨང་གཞིའི་སྟེང་དུ། སྐྱེ་ཁམས་སྲུང་སྐྱོབ་ལ་གཞི་ཚུགས་ནས་ཐོན་ལས་འབྲེལ་ཐག་སྔར་ལས་འཐུས་ཚང་དུ་བཏང་བ་དང་། སྔོ་ཚལ་དྲོད་ཁང་དང་གྱོན་ཆས་ལས་སྣོན་བཟོ་གྲྭ་བསྐྲུན་ཡོད།  ཁེ་སྤོགས་བགོ་བཤད་རྒྱག་སྐབས་ཆེས་མང་དུས་སྒོར་འབུམ་ལྔ་ཡོད་ཅིང་། སྡེ་བའི་སྡེ་མི་ཡོངས་ལ་ཕན་ཐོགས་ཆེ་བར་མ་ཟད། ཐོན་ལས་སྣ་མང་ཅན་དུ་འཕེལ་རྒྱས་འགྲོ་བའི་འགྲོས་དང་བསྟུན་ནས་སྡེ་བའི་ནང་གི་གཞོན་ནུ་ཚོར་འཕེལ་རྒྱས་ཀྱི་གོ་སྐབས་ཀྱང་མཁོ་འདོན་བྱས་ཡོད།

ཐང་འདུ་སྡེ་བའི་པད་མ་རྡོ་རྗེ་ནི་ལག་རྩལ་ཆེས་ལེགས་པའི་འཚེམ་བཟོ་བ་ཞིག་ཡིན་ལ། སྡེ་བའི་ནང་གྱོན་ཆས་བཟོ་གྲྭ་བཙུགས་རྗེས། ཁོ་ལའང་ལག་རྩལ་སྦྱོང་ས་ཡོད་པར་གྱུར།  ལས་ཀ་ལྟར་གླ་ཕོགས་བགོ་བཤའ་རྒྱག་བཞིན་ཡོད་པས།  མངགས་ཐོ་ཡོད་པའི་སྐབས་སུ་པད་མ་རྡོ་རྗེ་ཡིས་ཉིན་རེར་ཆེས་མང་ན་ལྭ་བ་གསུམ་རེ་འཚེམ་བཟོ་བྱེད་ཐུབ་པ་དང་།  ལས་ཀ་རྙོག་འཛིང་ཆེ་ནའང་ཉིན་རེར་ལྭ་བ་གཅིག་རེ་འགྲུབ་ཐུབ་ཀྱིན་ཡོད་པས། ན་ནིང་གི་ཟླ་ཁ་ཤས་ནང་ཡོང་འབབ་མང་པོ་བསྐྲུན་པ་རེད།

ཐོན་ལས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་ཐང་འདུ་སྡེ་བའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི2ལ་སླེབས་ཡོད།    སྔོ་ཞིང་དྭངས་བའི་རི་ཆུ་དེ་ཐོན་ལས་འཕེལ་རྒྱས་ཀྱི་ཐོན་རིན་ཞིག་ཏུ་གྱུར་ནས་མང་ཚོགས་ལ་ཕན་ཁེ་ཆེན་པོ་ཐོབ།  གོམ་སྟབས་རྗེས་མར་ང་ཚོས་ད་ཡོད་ཀྱི་ཐོན་ལས་གཞི་ཁྱོན་མུ་མཐུད་དུ་ཆེ་རུ་གཏོང་བ་དང་ཆབས་ཅིག་ད་དུང་ཐོན་ལས་སྦྲེལ་ཐག་མུ་མཐུད་དུ་སྣུར་སྲིང་བྱེད་རྒྱུ་ཡིན་ལ།  ཐད་ཚོང་ཁང་བཙུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། ཐོན་རྫས་བཟང་པོར་ཁྲོམ་ར་ཆེན་པོ་ཡོད་པར་བྱས་ནས་ཚོང་ལམ་ཡག་པོ་ཞིག་བཏོད་རྒྱུ་ཡིན་ཞེས་བཀྲ་ཤིས་དོན་གྲུབ་ཀྱིས་དེ་ལྟར་བཤད།

མཐོ་སྒང་དུ་དཔྱིད་ཀ་སླེབས་པ་འཕྱི་ཡང་། ན་ནིང་བཏབ་པའི་གཟན་རྩྭར་མྱུ་གུ་འབུས་འགོ་བརྩམས་པས།  ད་ལོའི་གཟན་རྩྭ་སྐྱེ་ཚུལ་བཟང་ཞིང་གསོག་འཇོག་མང་པོ་ཡོད་ངེས། སྲོལ་རྒྱུན་གྱི་ནོར་ལུག་གསོ་སྤེལ་ནས་སྐྱེ་ལྡན་གཟན་རྩྭ་ལས་སྣོན་བྱེད་པའི་ཕྱོགས་སུ་བསྐྱོད་པའི་རྩེ་ཁོག་རྫོང་འབའ་ཐང་ཕྱུགས་རའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་མཉམ་འབྲེལ་ཁང་ནི་རྩེ་ཁོག་རྫོང་འབའ་ཐང་དོ་དམ་ཨུ་ཡོན་ལྷན་ཁང་ལ་གཏོགས་པའི་གཡང་འཁྱིལ་སྡེ་བ་དང་ཀ་ཡག་སྡེ་བ།   ཤུག་ཁྲ་སྡེ་བ་བཅས་ལ་ཐུན་མོང་དུ་དབང་བ་དང་།   ཐོན་ལས་ཀྱི་ཁྱད་ཆོས་ལྟར་ཐོན་ཁུངས་ཀྱི་ཁྱད་སྟོབས་གཅིག་སྡུད་བྱས་ཏེ།    2015ལོར་སྔོན་ཆད་ཀྱི་སྡེ་བ་སོ་སོའི་མཉམ་ལས་ཁང་ལེགས་སྒྲིག་ཧྲིལ་བསྡུས་བྱས་ནས།  དང་ཐོག་ཕྱུགས་ལས་འཕེལ་རྒྱས་གཏོང་རྒྱུ་གཙོ་བོར་བྱས་མོད། འོན་ཀྱང་ཁྲོམ་རའི་ཁོར་ཡུག་གི་ཤུགས་རྐྱེན་ཆེ་བའི་དབང་གིས།    2023ལོར་གྲོས་སྡུར་བྱས་རྗེས་སྐྱེ་ལྡན་གཟན་རྩྭ་འདེབས་འཛུགས་ལས་སྣོན་བྱེད་པའི་ཕྱོགས་སུ་བསྒྱུར། དེའི་རྒྱུ་མཚན་ནི་ཁོ་ཚོས་ཀྱང་རྩེ་ཁོག་རྫོང་གི་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ཁྲོད་ནས་ཚོང་ལས་ཀྱི་གོ་སྐབས་རྙེད་པས་རེད།

རྩྭ་སར་བརྟེན་ནས་ཕྱུགས་རིགས་གཏན་འཁེལ་བྱས་ཏེ་རྩྭ་ཕྱུགས་དོ་མཉམ་ཡོང་བར་འགན་ལེན་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱེད་སྐབས་བསམ་བློའི་འདུ་ཤེས་བསྒྱུར་བ་དང་ཆབས་ཅིག  ཐབས་ལམ་གཞན་ཞིག་ཀྱང་བཏོད་པ་རེད།  བཀྲ་ཤིས་དོན་གྲུབ་ནི་གཡང་འཁྱིལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡིན་ལ་མཉམ་ལས་མཉམ་འབྲེལ་ཁང་གི་འགན་འཁུར་བ་ཡང་ཡིན། ཁོས་ངོ་སྤྲོད་བྱེད་པའི་ཁྲོད་ནས་ད་ལོ་ནི་རྩྭ་འདེབས་པའི་ལོ་གཉིས་པ་ཡིན་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང266ལྷག་ཟིན་ནས་སྐྱེ་ཚུལ་མགྱོགས་ཤོས་ཀྱི་ལོ་ཞིག་ཡིན་པ་ཤེས་རྟོགས་བྱུང་།

བཀྲ་ཤིས་དོན་གྲུབ་ཀྱིས་བཤད་རྒྱུར། གཟན་རྩྭ་འདེབས་འཛུགས་ཐད་སྤྱིར་ན་ལོ་གསུམ་ནང་ཐེངས་གཉིས་བརྔ་བསྡུ་བྱེད་པ་ཡིན།  རྒྱུ་མཚན་ནི་ལོ་དང་པོར་རྩྭ་བཏབ་རྗེས་ལི་སྨི10ཙམ་ཡང་མེད་པ་དང་།  བརྔ་བསྡུ་བྱེད་མི་ཐུབ་ལ་ཕན་འབྲས་མེད་པས།  གཟན་རྩྭ་དང་ལོག་དཀར་གྱི་ས་བོན་བསྲེས་མ་ཚོད་ལྟ་བྱས་ནས་འདེབས་པ་ཡིན།   ས་ཞིང་ཡངས་པོར་འབྲས་བུ་ལེན་རྒྱུ་མེད་པ་བྱེད་ག་ལ་རུང་།  ལོ་དང་པོར་ལོ་ལེགས་ལེན་ཐུབ་པའི་ཆེད་དུ་ཚང་མས་ལོ་དེར་རྩྭ་འདེབས་སྐབས་གཟན་རྩྭ་དང་ལོག་དཀར་གྱི་ས་བོན་བསྲེས་ནས་བཏབ་པས། ན་ནིང་ལོག་དཀར་གྱི་ཕན་འབྲས་སྒོར་འབུམ་དགུ་དང་ཁྲི་བརྒྱད་ལ་བསླེབས་ཡོད་ཟེར།

བཀྲ་ཤིས་དོན་གྲུབ་ཀྱིས་བཤད་རྒྱུར།  འབའ་ཐང་ཕྱུགས་ར་དེ་རྩེ་ཁོག་རྫོང་གི་ནུབ་ཕྱོགས་སུ་གནས་པ་དང་ས་དབྱིབས་དང་། གནམ་གཤིས། རྨོ་ཞིང་རྒྱ་ཁྱོན་བཅས་ཀྱིས་གཟན་རྩྭ་འདེབས་འཛུགས་ལ་ཆ་རྐྱེན་ཡག་པོ་བསྐྲུན་ཡོད།  སྐྱེ་ལྡན་གཟན་རྩྭ་འདེབས་འཛུགས་ལས་སྣོན་ཐོན་ལས་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ནི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། གཟན་རྩྭ་ཁ་གསབ་ལ་བརྟེན་ནས་རྩྭ་སའི་གནོན་ཤུགས་ཇེ་ཆུང་དུ་གཏོང་ཆེད་ཡིན།  དེ་དང་ཆབས་ཅིག་རྩེ་ཁོག་ཤར་ཕྱོགས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གཙོར་བཟུང་ནས་ནུབ་རྒྱུད་དུ་རྩྭ་བཏབ་ནས་ཤར་རྒྱུད་དུ་ཕྱིར་ཚོང་བྱས་པས། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་གྱི་ཕན་འབྲས་ཐོབ་ཡོད།  ད་ལྟ་ང་ཚོའི་རྩྭ་འདེབས་ལག་རྩལ་དེ་མགོ་ལོག་དང་ཡུས་ཧྲུའུ་སོགས་སུ་ཁྱབ་གདལ་བཏང་ཡོད་ཟེར།

བལྟས་ཚོད་ཀྱིས་རྩྭ་འདེབས་རྒྱུ་དེ་ལག་རྩལ་གྱི་ལས་ཀ་སྟབས་བདེ་ཞིག་ཏུ་སྣང་མོད། འོན་ཀྱང་འདེབས་འཛུགས་དང་ལུད་རྒྱག་པ་ནས་ཞིང་ཁའི་དོ་དམ་སྲུང་སྐྱོབ་བྱེད་པའི་བར་དང་།  བརྔ་བསྡུ་དང་བསྡམས་ལོག་བྱེད་པ་ནས་གསོག་ཉར་བྱེད་པའི་བར་བཅས་ཚང་མ་ཞིང་ཁ་རུ་ཡོད་པའི་ཡུལ་དེའི་ལག་རྩལ་པ་རྣམས་དང་འབྲལ་ཐབས་མེད།  བཀྲ་ཤིས་དོན་གྲུབ་ནི་དེའི་ཁྲོད་ཀྱི་གྲས་ཤིག་ཡིན་ཞིང་། དུས་རབས་གོང་མའི་ལོ་རབས90པར་གཟན་རྩྭ་འདེབས་པ་ནས2017ལོའི་གཞི་ཁྱོན་ཆུང་བའི་གཟན་རྩྭ་དང་ལོག་དཀར་གྱི་ས་བོན་བསྲེས་ནས་འདེབས་རྒྱུ་ཚོད་ལྟ་བྱས་པའི་བར་དུ།  ད་ལྟ་ལོ་རེར་ལས་ཞུགས་ལས་གནས30བསྡུས་ཏེ་སྡེ་བ་གསུམ་དང་མཐའ་འཁོར་གྱི་ཁྱིམ་ཚང་མང་པོའི་ཡོང་འབབ་འཕར་སྣོན་བྱེད་པར་སྐུལ་ཁྲིད་བྱེད་ཀྱིན་ཡོད།

མཉམ་ལས་མཉམ་འབྲེལ་ཁང་གིས་གཟན་རྩྭ་འདེབས་འཛུགས་བྱེད་པ་ལས་གཞན། མཐའ་འཁོར་གྱི་འབྲོག་པ་ཁྱིམ་ཚང་གིས་ཀྱང་གཟན་རྩྭ་འདེབས་འཛུགས་ཀྱི་གཞི་ཁྱོན་སྔར་ལས་ཆེ་རུ་བཏང་ཡོད།  གཡང་འཁྱིལ་སྡེ་བའི་འབྲོག་པ་བསམ་གྲུབ་རྒྱལ་ནི་འདེབས་འཛུགས་ཁྱིམ་ཆེན་གྱི་གྲས་ཤིག་ཡིན་ཞིང་།  ཁོས་རྩྭ་འདེབས་པ་ལས་གཞན་གཟན་རྩྭ་ལས་སྣོན་གྱི་སྒྲིག་ཆས་ཉོས་ནས་ས་ཞིང་གི་ཟུར་སྣོན་རིན་ཐང་ཇེ་མཐོར་བཏང་བས། ཡོང་འབབ་སྔོན་ཆད་ཀྱི་ནོར་ལུག་གསོ་སྤེལ་བྱེད་སྐབས་ལས་ལྡབ་ཁ་ཤས་འཕར་ཡོད།

སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་ཁྲོད་དུ་འཕེལ་རྒྱས་ཀྱི་གོ་སྐབས་བཙལ་ནས་ཐོན་ལས་གསར་པར་གྲུབ་འབྲས་མང་པོ་ཡང་དང་བསྐྱར་དུ་བསྐྲུན། ཡོང་སྒོ་བཟང་བས་འཕེལ་རྒྱས་གཏོང་འདོད་ཀྱི་ཡིད་ཆེས་སྔར་ལས་ཇེ་དྲག་ཏུ་ཕྱིན་པ་དང་།  ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་མཐོ་བའི་སྒོ་ནས་གཟན་རྩྭ་འདེབས་འཛུགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ་བརྒྱུད།   སྔར་ལས་ཡངས་པའི་ཁྲོམ་ར་ཐོབ་པ་དང་།  རྫོང་ཡོངས་སུ་དཔེ་སྟོན་མ་དཔེ་བསྐྲུན་པ་དང་། ཁོ་ཚོའི་འཆར་འགོད་ཀྱི་ནང་དུ་སྐྱེ་ལྡན་གཟན་རྩྭ་འདེབས་འཛུགས་དང་ལས་སྣོན་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་དཔེ་རིས་ཆེན་པོ་བཀོད་ཡོད།

གནས་བབ་དང་བསྟུན་ཏེ་ནས་ནག་ཐོན་ལས་ཕྲེང་སྦྲེལ་གྱི་རྣམ་པ་ཆགས།

སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་གྱིས་ལྗང་མདོག་གི་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ། རྩེ་ཁོག་རྫོང་ཧོར་གྲོང་རྡལ་ཤྭ་ལ་སྡེ་བར་མཚོན་ན། སྐྱེ་ཁམས་ཀྱི་ངེས་ཚད་ཁྲོད་གསར་བར་ཁ་ཕྱོགས་པའི་འགག་སྒྲོལ་བྱེད་ས་དང་ཤུགས་འདོན་ས་འཚོལ་བ་དང་། ནས་ནག་འབྲུ་རྡོག་རེ་རེས་འདེབས་འཛུགས་ཀྱི་མགོ་ཁུངས་དང་ཐོན་རྫས་ལས་སྣོན། དེ་ནས་ཁྲོམ་རར་ཕྱིར་འཚོང་བྱེད་པ་བཅས་ཀྱི་ཐོན་ལས་ཕྲེང་སྦྲེལ་རྣམ་པ་ཆ་ཚང་ཞིག་གྲུབ་པར་བྱས་ཤིང་། སྐྱེ་ཁམས་དང་ལྗང་མདོག་སོགས་ཀྱི་མིང་བརྡ་གཙོ་བོར་གཞིགས་ཏེ། ཐོན་ལས་ཕྲེང་སྦྲེལ་མུ་མཐུད་དུ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་མཉམ་དུ་དཔལ་འབྱོར་གྱི་ཡོང་འབབ་སྔར་ལས་ཇེ་མང་དུ་སོང་།

རྩེ་ཁོག་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་ཡོད་པའི་རྩེ་ཁོག་ཤྭ་ལའི་ནས་ནག་གསར་སྤེལ་ཚད་ཡོད་ཀུང་ཟིའི་རྩེ་ཁོག་བོད་ཀྱི་ཤྭ་ལའི་ནས་ནག་གི་ཀ་ར་གོ་རེ་ཐོན་སྐྱེད་འཁོར་ཁང་གི་རང་འགུལ་ཐོན་སྐྱེད་ལས་ཡུལ་དུ་ནས་ནག་གི་ཀ་ར་གོ་རེ་རེ་རེ་ལས་སྣོན་གྱི་རིམ་པ་བརྒྱུད་དེ་ཐུམ་སྒྲིལ་བྱས་ནས་ཁྲོམ་རར་འདྲེན་པར་གྲ་སྒྲིག་བྱེད་བཞིན་འདུག  རྩེ་ཁོག་ཤྭ་ལའི་ནས་ནག་གསར་སྤེལ་ཚད་ཡོད་ཀུང་ཟིའི་འགོ་གཙོ་རིན་ཆེན་ལྷུན་འགྲུབ་ཀྱིས་གསར་འགོད་པར་བཤད་རྒྱུར།  ཐོན་སྐྱེད་བྱེད་ཚད་མང་པའི་གནས་བབ་འོག     ལོ་ཧྲིལ་བོའི་ཐོན་སྐྱེད་གཞི་ཁྱོན་ཏུན་བཞི་བཅུར་སླེབས་སྲིད་ལ། མིག་སྔར་ཐོན་སྐྱེད་བྱས་པ་ཚང་མ་ཕྱིར་གཏོང་མངགས་ཐོའི་ཚོང་རྫས་འདོན་སྤྲོད་བྱེད་ཚད་ཀྱི་ཁག་ཅིག་ཡིན།  ད་ལོའི་ཟླ་གསུམ་པའི་ཟླ་དཀྱིལ་ལ།  རྩེ་ཁོག་བོད་ཀྱི་ཤྭ་ལའི་ནས་ནག་གི་ཀ་ར་གོ་རེ་དེ་ཞང་ཀང་ལ་བདེ་བླག་ངང་ཕྱིར་གཏོང་བྱས་པ་དང་། རིན་ཐང་ཕལ་ཆེར་སྒོར་ས་ཡ་གཅིག་རེད།

ཕྱིར་གཏོང་མངོན་འགྱུར་བྱུང་བ་དེ་ནི་རྩེ་ཁོག་རྫོང་གི་སྔར་བྱུང་མ་མྱོང་བའི་ཐོད་བརྒལ་ཞིག་ཡིན་ལ། བཅར་འདྲི་བྱེད་སྐབས་རིན་ཆེན་ལྷུན་འགྲུབ་ཀྱིས་ནས་ནག་གི་ཀ་ར་གོ་རེའི་ཐོན་ལས་འཕེལ་རྒྱས་གཏོང་བའི་རྒྱུ་མཚན་གླེང་། ཁོ་ནི་རྩེ་ཁོག་རྫོང་ཧོར་གྲོང་རྡལ་ཤྭ་ལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཤྭ་ལ་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་འགན་འཁུར་མི་སྣ་བཅས་རེད། ནས་ནག་ནི་ཤྭ་ལ་སྡེ་བས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་པའི་ཁྱད་ལྡན་འདེབས་འཛུགས་ཐོན་ལས་ཡིན་པ་དང་། སྔོན་ཆད་ས་བོན་འཚོང་བ་དང་རྩམ་པ་འཚོང་རྒྱུ་གཙོ་བོར་བྱེད་པ་ཡིན་ལ། རྗེས་ནས་གསོག་འཇོག་བྱེད་ཚད་དེ་ཁྲོམ་རའི་འདོན་སྤྲོད་ཚད་ལས་བརྒལ་བའི་སྣང་ཚུལ་བྱུང་བས་ཐབས་ལམ་གསར་བ་མི་འཚོལ་ཐབས་མེད་བྱུང་ཞིང་། ནས་ནག་གི་ཀ་ར་གོ་རེ་དེ་ཤྭ་ལ་སྡེ་བའི་ཐུན་མོང་ཐོན་ལས་ཀྱི་ཡ་གྱལ་ཞིག་ཏུ་གྱུར།

ཤྭ་ལ་སྡེ་བར་རྨོ་ཞིང་ཉུང་ཤས་དང་རྒྱ་ཁྱོན་ཆེ་བའི་རྩྭ་ས་ཡོད་མོད། འོན་ཀྱང་ས་ཁམས་གནས་ཡུལ་ཐད་ནས་བཤད་ན། ཆ་སྙོམས་ཀྱི་མཚོ་འཕང་སྨི་སྟོང་གསུམ་དང་དྲུག་བརྒྱ་ཡན་ཡིན་པས་ནས་ནག་སྐྱེ་བར་མི་འཚམ། དེ་ན་འདེབས་འཛུགས་ཀྱི་མགོ་ཁུངས་ནས་ལས་སྣོན་བར་གྱི་ཐོན་ལས་མུ་འབྲེལ་གྱི་འཕེལ་རྒྱས་ཇི་ལྟར་མངོན་འགྱུར་འབྱུང་བའི་གནད་དོན་འདིར་ཁ་གཏད་ནས་རིན་ཆེན་ལྷུན་འགྲུབ་ཀྱིས་དྲིས་ལན་གསལ་བོ་ཞིག་བཏབ།  ཁོ་ཚོས་གྲོང་རྡལ་གྱི་སྲིད་གཞུང་དང་ཐག་ཉེ་སའི་ཧོར་གྲོང་རྡལ་ཟི་མ་སྡེ་བ་འདེབས་འཛུགས་ཁུལ་ཁོངས་སུ་བདམས་པ་དང་། ལོ་རེར་སྒོར་ཁྲི་དྲུག་བཏང་ནས་སྡེ་བའི་ས་ཞིང་འཁོར་རྒྱུག་དང་བཟོ་ཁང་གླས་སྤྱོད་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཀྱིས་ཚད་ངེས་ཅན་ཞིག་གི་སྟེང་ནས་སྡེ་བ་གཞན་ཞིག་སྐུལ་ཁྲིད་བྱེད་ཀྱིན་ཡོད།

ནས་ནག་འདེབས་པའི་དུས་ཚིགས་སུ། ཤྭ་ལ་སྡེ་བའི་ནས་ནག་ལས་སྣོན་བཟོ་གྲྭའི་ལས་འཛིན་མགོ་གཙོ་ཕུར་བ་རྡོ་རྗེས་ཞིང་ཚུགས་བར་ནས་བྲེལ་བཞིན་སྤྲོ་དགའི་ངང་བཤད་རྒྱུར། ད་ལོ་ནས་ནག་སྤྱི་ཆིང་སོ་གསུམ་དང་གྲངས་ཆུང་གསུམ་གསུམ་འདེབས་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་ལ་འདེབས་འཛུགས་བྱ་བ་ཡོངས་འགྲུབ་བྱུང་སོང་ཟེར།

ཤྭ་ལ་སྡེ་བས2017ལོར་མཉམ་ལས་ཁང་བཙུགས་པ་དང་། ལོ་གཉིས་ཀྱི་རྗེས་སུ་ནས་ནག་རྩམ་པའི་ལས་སྣོན་བཟོ་གྲྭ་བཙུགས། 2022ལོར་ལས་གཞིའི་མ་དངུལ་བརྩོན་ལེན་བྱས་ཏེ་ནས་ནག་གི་ཀ་ར་གོ་རེའི་ལས་སྣོན་བཟོ་གྲྭ་བཙུགས་ཤིང་། ན་ནིང་ཟླ་བརྒྱད་པར་ཐོན་སྐྱེད་བྱེད་མགོ་བརྩམས་རྗེས་ཀྱི་ཟླ་གཅིག་གི་ནང་ཁྲོམ་རར་ཕྱིར་ཚོང་བྱས་ཏེ། མིག་སྔའི་བར་ཚོང་གཉེར་ཡོང་འབབ་སྒོར་ཁྲི་བདུན་ཡས་མས་སུ་སླེབས་པ་དང་། ལས་ཞུགས་ལས་གནས་བཅུ་བསྡུ་ལེན་བྱས།

རིན་ཆེན་ལྷུན་འགྲུབ་ཀྱིས་རྩིས་ཤིག་བརྒྱབ་རྗེས། སྔོན་ཆད་རྩམ་པ་ལས་སྣོན་བྱེད་སྐབས་ནས་ནག་ཁེ་ལྔ་བརྒྱར་སྒོར་བཅུ་བྱས་ནས་བཙོངས་པ་དང་། ད་བར་ཀ་ར་གོ་རེ་ལྟར་ལས་སྣོན་བྱས་རྗེས་བཙོངས་ན་ནས་ནག་ཁེ་ལྔ་བརྒྱ་ལ་སྒོར་སོ་བརྒྱད་བྱས་ཏེ་བཙོང་ཆོག མིག་སྔར་རྫོང་མཁར་གྱི་ཚོང་ཁང་ཁ་ཤས་སུ་ཚོང་ཟོག་བཀྲམས་པར་མ་ཟད། ཟི་ལིང་གྲོང་ཁྱེར་གྱི་ཚོང་ཁང་དང་རང་འདེམས་ཚོང་ར་མང་པོ་ནས་ཉོ་འཚོང་གི་ཐབས་ལམ་ཇེ་ཡངས་སུ་བཏང་།

ཐོན་ལས་འཕེལ་རྒྱས་ཀྱིས་ས་ཁོངས་མི་འདྲ་སར་ནུས་པ་མི་འདྲ་བ་ཐོན་སྲིད། ལས་ཞུགས་ཁོ་ནའི་ངོས་ནས་བཤད་ན། ནས་ནག་འདེབས་འཛུགས་དང་ལས་སྣོན་གྱིས་ཤྭ་ལ་སྡེ་བ་དང་ཟི་མ་སྡེ་བ། དེ་མིན་ཉེ་འཁོར་གྱི་ལས་གཉེར་མི་སྣ་བསྡུ་ལེན་བྱེད་ཐུབ། རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་གསེར་ལུང་སྡེ་བའི་ཁོན་ཐར་སྐྱིད་ལ་མཚོན་ནས་བཤད་ན། སློབ་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་ནས་ནག་གི་ཀ་ར་གོ་རེ་ལས་སྣོན་ཁེ་ལས་སུ་བྱ་བ་བཟང་པོ་ཞིག་རེག་ཐབས་བྱས་པ་དང་ཟླ་རེའི་ཡོང་འབབ་སྒོར་སྟོང་བཞི་ལས་བརྒལ་ཡོད་པ་རེད། 

ལྗང་མདོག་གི་ཁོར་ཡུག་གསེར་ལས་ལྷག་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་ཤོས་ནི་ཐོན་ལས་འཕེལ་རྒྱས་ཀྱི་འཕར་སྣོན་འབྱུང་ས་ཡིན། རིན་ཆེན་ལྷུན་འགྲུབ་ཀྱིས་གསར་འགོད་པར་བཤད་རྒྱུར། ནས་ནག་གི་ཀ་ར་གོ་རེ་ལས་སྣོན་ཁེ་ལས་ཀྱི་ལོ་རེའི་ཡོང་འབབ་ཀྱི་བརྒྱ་ཆའི་བཅུ་དེ་སྡེ་བའི་ཁེ་སྤོགས་བགོ་བཤའི་ཐད་ལ་བེད་སྤྱོད་བྱེད་པ་དང་། ལྷག་མ་རྣམས་ཁེ་ལས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་པ་དང་། ཕན་འབྲས་མཐོར་འདེགས་གཏོང་བ་དང་ཁྲོམ་ར་རྒྱ་བསྐྱེད་པར་བེད་སྤྱོད་བྱེད་རྒྱུ་ཡིན་ཟེར། རིན་ཆེན་རྣམ་རྒྱལ་གྱིས་མ་འོངས་པར་རེ་སྨོན་བྱེད་བཞིན་བཤད་རྒྱུར། ང་ཚོས་ཐོན་རྫས་སྔར་ལས་ཕུན་སུམ་ཚོགས་པར་ཞིབ་བཟོ་བྱེད་དགོས་པ་དང་། ཚོང་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཇེ་ཆེར་བཏང་སྟེ། ཐོན་རྫས་འཕར་སྣོན་བྱུང་བའི་ཁྲོད་དུ་རྒྱ་ཆེའི་མང་ཚོགས་ཀྱི་ཡོང་འབབ་འཕར་བར་བྱེད་དགོས་ཟེར།

རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། རི་སྔོ་ཆུ་དྭངས་དེ་སྔར་ལས་མཛེས་སྡུག་ལྡན་པར་བྱེད་པ། གསེར་རི་དངུལ་རི་སྔར་ལས་ཇེ་རྒྱས་སུ་བཏང་ནས། མཛེས་སྡུག་གི་རྩེ་ཁོག་རྩྭ་ཐང་སྟེང་དུ་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་མཉམ་འཕེལ་མཉམ་རྒྱལ་བྱེད་ཐུབ་ངེས་ཡིན་ལ། རང་བྱུང་གི་མཛེས་པ་དང་། འཕེལ་རྒྱས་ཀྱི་མཛེས་པ། དམངས་ཚིས་ཀྱི་མཛེས་པ་བཅས་ལྷག་ཏུ་རྒྱས་ཐུབ་ངེས་ཡིན།

བན་དེ་སྐྱབས། སྒྲོལ་མ་སྐྱིད། ལྷ་མོ་འཚོ་བཅས་ཀྱིས་བསྒྱུར།