རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་དུ་རྨ་ཀླུང་རིང་མོ་ཤང་ཤང་དུ་འབབ་ཅིང་མཐའ་ཡས་རྩྭ་ཐང་གིས་ལྗང་མདོག་གི་ལྭ་བ་མནབས་འདུག་ལ། སླར་ཡང་ཡོད་ཚད་ལ་སྐྱེ་སྟོབས་འབར་བའི་དུས་ཚིགས་སུ་སླེབས།
ཧི་ནན་རྫོང་དེ་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཆགས་ཡོད་པས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་ནི་བཤད་མ་དགོས་པ་ཞིག་རེད། གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ་དང་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཏན་ཏིག་གིས་ཁུར་ཏེ། དམངས་ཡོངས་ཟབ་ཞུགས་བྱས་པའི་འགྱིག་འགོག་འགུལ་སྐྱོད་ཐེངས་གཅིག་སྤེལ་བ་དང་དེ་ནས་ཁུལ་ཡོངས་ཀྱི་གད་སྙིགས་མེད་པའི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱས་ལ། མི་རེ་རེས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་ལག་བསྟར་བྱས་ནས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མུ་མཐུད་དུ་གཏིང་ཟབ་བཏང་ཡོད།
ད་ལྟའི་རྨ་ཁུག་རྩྭ་ཐང་སྟེང་དུ། ཁོར་ཡུག་གཙང་སྦྲར་དག་ཐེར་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། གོང་འོག་མཉམ་འགུལ་དང་མཉམ་འཛིན་སྤྱི་འདོམས། མི་རེ་རེ་ཟབ་ཞུགས་བྱེད་པ་བཅས་ཀྱི་སྣང་ཚུལ་ལེགས་པོ་ཆགས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་མི་རྣམས་ཀྱི་སེམས་པའི་གཏིང་རིམ་དང་འཚོ་བའི་གོམས་གཤིས་ཁྲོད་འདྲེས་ཡོད། རང་བྱུང་ལ་བརྩི་བཀུར་དང་རང་བྱུང་ལ་བསྟུན་པ། རང་བྱུང་སྲུང་སྐྱོབ་བཅས་བྱས་ལ། ཚང་མས་བྱ་བ་ཆུང་ངུའི་ཁྲོད་ཁྱིམ་གཞིས་ལྟ་སྐྱོང་གི་བརྩེ་བ་ཆེན་པོ་གཅིག་སྡུད་བྱས་ནས་དངོས་ཡོད་ལག་ལེན་གྱིས་ཁྱིམ་གཞིས་ལེགས་སྐྲུན་དང་མཛེས་སྡུག་ལྡན་པར་བྱས་ཡོད།
དངོས་ཡོད་ལག་ལེན་གྱིས་རྩྭ་ཐང་ལ་ལྟ་སྐྱོང་བྱས།
ལོ་འགའ་འགོར་རྗེས་ཧི་ནན་རྫོང་ལ་བཅར་འདྲིར་ཡོང་དུས་སྔར་གྱི་ཚོར་བ་དེ་འདྲ་ཐོན་ཡོང་། མི་རྣམས་ཀྱི་རང་བྱུང་ལ་བཀུར་བའི་བརྩེ་བ་སྔར་ལས་ཉམས་མེད། རྨ་ཁུག་རྩྭ་ཐང་དུ་འཚོ་བ་རོལ་བའི་མི་རྣམས་ལ་མཚོན་ནས་བཤད་ན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱས་ཚེ། འཚོ་བར་འགན་སྲུང་ཡོད་ཅིང་འཕེལ་རྒྱས་ལ་སྒུལ་ཤུགས་ཡོད་པ་རེད་ཅེས་སྐལ་བཟང་དབང་ཕྱུག་གིས་རང་གི་སེམས་གཏམ་ལྷུག་པོར་བརྗོད།
སྐལ་བཟང་དབང་ཕྱུག་ནི་ཧི་ནན་རྫོང་གཡུ་སྒང་ཉིན་གྲོང་རྡལ་ནན་ཆི་སྡེ་བའི་མི་ཡིན་ལ། ལོ་སུམ་ཅུ་ལྷག་ལ་སོན་པའི་ཁོར་མཚོན་ནས་བཤད་ན། འཕེལ་རྒྱས་ཀྱི་གོ་སྐབས་ཧ་ཅང་མང་མོད། འོན་ཀྱང་། ཁོ་སྔར་བཞིན་ཧི་ནན་རྫོང་ཁོར་ཡུག་སྲུང་སྐྱོབ་འཕྲུལ་རྟའི་རུ་ཁག་ནང་ཞུགས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་བཟོ་བ་ཞིག་ཏུ་གྱུར་བ་དང་། ཁོས་སྐྱེ་ཁམས་ཀྱི་གལ་ཆེའི་རང་བཞིན་གསལ་བོར་རྟོགས་ཡོད་པས་བྱ་བ་འདིར་སེམས་ཤུགས་བཀོལ་ནས་སྒྲུབ་བཞིན་ཡོད། སྐལ་བཟང་དབང་ཕྱུག་གིས་བཤད་པ་ལྟར་ན། ཁོ་ཚོས་འགན་འཁུར་བའི་ས་ཁོངས་དེ་རྩེ་ཁོག་རྫོང་གི་ས་མཚམས་ནས་རྫོང་མཁར་སྒོ་ཆེན་གྱི་ནུབ་འགྲམ་བར་སྤྱི་ལེ་བཅོ་ལྔ་ཙམ་ལས་མེད་ཀྱང་། འདི་ནི་མི་རྣམས་ཧི་ནན་རྫོང་མཁར་ནང་འགྲོ་དུས་ངེས་པར་དུ་བརྒྱུད་དགོས་པའི་ལམ་ཡིན་པས་ཉིན་རེར་ཉུང་མཐར་ཡང་ལྟ་སྲུང་ཐེངས་གཅིག་བྱེད་དགོས་ཤིང་། འགན་འཁུར་ས་ཁོངས་ཀྱི་ཁོར་ཡུག་གཙང་སྦྲ་དག་གཙང་ཡོང་བར་ཁག་ཐེག་བྱེད་དགོས་པ་དང་། དབྱར་ཁར་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་སླེབས་སྐབས་མི་མང་བས་ཉིན་རེར་ལྟ་སྲུང་ཐེངས་བཞི་ལྔ་བྱེད་དགོས་ཟེར།
2010ལོ་ནས་བཟུང་། སྐལ་བཟང་དབང་ཕྱུག་ནི་བགྲོད་ལམ་འགྲམ་རྒྱུད་ཀྱི་མཛེས་རིས་པ་ལྟ་བུར་གྱུར་བ་དང་། ཁོམ་པ་རེ་ཡོད་དུས་ཁོས་འཕྲུལ་རྟར་ཞོན་ནས་གཞུང་ལམ་འགྲམ་རྒྱུད་ཀྱི་གད་སྙིགས་འཐུས་ཤིང་། འདི་ལྟར་ལོ་ངོ་བཅུ་ལྷག་ལ་རྒྱུན་འཁྱོངས་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་ཀྱི་འཕྲུལ་རྟའི་རུ་ཁག་ནང་རྒྱུན་འཁྱོངས་བྱས་ཡུན་ཆེས་རིང་བའི་རུ་མི་གཅིག་ཡིན། སྐལ་བཟང་དབང་ཕྱུག་ནི་རྩྭ་ཐང་གི་འབྲོག་ཕྲུག་ཅིག་ཡིན་པའི་ངོས་ནས་བལྟས་ན་བྱ་བ་འདི་དག་ཆེས་སྤྱིར་བཏང་ནང་གི་སྤྱིར་བཏང་ཞིག་ཡིན་པ་དང་། ཁོའི་སེམས་སུ་བྱ་བ་འདི་ལས་ཡོང་འབབ་བརྟན་འཇགས་ཤིག་ཐོབ་པར་མ་ཟད། ད་དུང་ཁོས་རང་གི་སྒྲུབ་འདོད་པའི་བྱ་བཞག་དངོས་སུ་ལག་ལེན་བྱེད་ཐུབ་པར་བརྟེན། སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་བཟང་ཇེ་ལེགས་སུ་འགྲོ་དུས་ཁོའི་སེམས་པ་སྤྲོ་བས་བརྟས་ཡོད།
ཧི་ནན་རྫོང་ཞིང་སྡེ་གསར་བ་འཛུགས་སྐྲུན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་བཀྲ་ཤིས་དོན་འགྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། 2016ལོར། རྫོང་མཁར་ཕྱིའི་བགྲོད་ལམ་འགྲམ་རྒྱུད་ཀྱི་ཁོར་ཡུག་གཙང་སྦྲར་དོ་དམ་བྱེད་མཁན་མེད་པའི་གནད་དོན་ཐག་གཅོད་པའི་ཕྱིར་དུ་ཧི་ནན་རྫོང་ཁོར་ཡུག་སྲུང་སྐྱོབ་འཕྲུལ་རྟའི་རུ་ཁག་བཙུགས་པ་དང་། རྫོང་མཁར་ལྟེ་བ་བྱས་ནས་གྲོང་རྡལ་དང་ཡུལ་ཚོ་དྲུག་ལ་འབྲེལ་ཡོད་ཅིང་། གཙོ་བོ་བགྲོད་ལམ་འགྲམ་རྒྱུད་ཀྱི་གཙང་སྦྲ་དང་གད་སྙིགས་འདྲུད་སྐྱེལ་གྱི་འགན་འཁུར་བཞིན་ཡོད་དེ། རུ་མི་ཐོག་མའི་མི་དྲུག་ནས་མི་བཅུ་བདུན་ལ་འཕར་བ་དང་། སྟོབས་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས་ཕན་འབྲས་ཀྱང་མངོན་གསལ་བླངས་ཡོད།
ཁོར་ཡུག་གཙང་སྦྲའི་གཙང་སྐྱོང་ཡུན་ཕན་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བཅོས་སྐྱོང་དང་དོ་དམ་གཉིས་ཀ་གཙོ་བོར་བཟུང་སྟེ། མཁར་གྲོང་གི་མི་སྡོད་ཁོར་ཡུག་དང་སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་འཕྲུལ་རྟའི་རུ་ཁག་གི་རུ་མིས་ལས་གནས་གཅིག་ལ་འགན་འཁྲི་གསུམ་ལག་བསྟར་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ་པ་དང་མཉམ་དུ་ཁོར་ཡུག་གཙང་སྦྲའི་ལྟ་སྐུལ་བ་དང་སྲིད་ཇུས་ཁྲིམས་སྲོལ་གྱི་དྲིལ་སྒྲོག་མཁན་བཟང་པོ་བྱེད་དགོས།
བཀྲ་ཤིས་དོན་འགྲུབ་ཀྱིས་བཤད་རྒྱུར། ང་ཚོས་ཁོངས་གཏོགས་ས་ཆའི་དོ་དམ་ལྟར་ཡུལ་ཚོ་དང་གྲོང་རྡལ་བར་དམིགས་འབེན་འགན་འཁྲིའི་ཡི་གེ་དང་གྲོས་གཞི་འདོན་ཡིག་བཀོད་པ་དང་། སྐྱེ་ཁམས་ལྟ་སྲུང་བ་དང་རྩྭ་ཐང་གཙང་སྐྱོང་རུ་ཁག ཁོར་ཡུག་སྲུང་སྐྱོབ་འཕྲུལ་རྟའི་རུ་ཁག ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་པའི་མཐུན་ཚོགས་བཅས་མཉམ་འགུལ་བྱས་ནས་མཉམ་འབྲེལ་དག་ཐེར་བཅོས་སྐྱོང་ལ་ཤུགས་སྣོན་བྱས་ཤིང་། ཡུལ་ཚོ་དང་གྲོང་རྡལ། སྡེ་བ་དང་སྡེ་ཁུལ་བཅས་ཀྱི་ཟླ་རེའི་ཁོར་ཡུག་དག་ཐེར་བཅོས་སྐྱོང་གི་བྱ་འགུལ་ལ་ལྟ་སྐུལ་དང་ཞིབ་བཤེར་ནན་མོ་བྱས་ཏེ། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་སོ་དགུར་རྒྱུན་རྣམ་ཅན་གྱི་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱས།
ཁོར་ཡུག་སྲུང་སྐྱོབ་འཕྲུལ་རྟའི་རུ་ཁག་ནི་ཧི་ནན་རྫོང་གི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོངབའི་ཁག་གཅིག་ཡིན། ད་ལོར། ཧི་ནན་རྫོང་གིས་ཟླ་རེའི་ཚེས་བདུན་དང་ཚེས་བཅུ་གསུམ། ཚེས་ཉེར་དྲུག་བཅས་ཁོར་ཡུག་གཙང་སྦྲའི་དག་ཐེར་བཅོས་སྐྱོང་ཉིན་མོར་གཏན་འཁེལ་བྱས་པ་དང་། ཁོར་ཡུག་གཙང་སྦྲའི་གཅིག་སྡུད་དག་ཐེར་བཅོས་སྐྱོང་རྒྱུན་རྣམ་ཅན་གྱིས་སྤེལ་བ་དང་མཉམ་དུ་ཁོར་ཡུག་གཙང་སྦྲའི་དག་ཐེར་བཅོས་སྐྱོང་བྱ་བའི་བཟང་ངན་འབྱེད་པའི་རྐྱེན་སྲོལ་ལག་བསྟར་བྱས་ཏེ། ཁོར་ཡུག་གཙང་སྦྲར་དག་ཐེར་བཅོས་སྐྱོང་བྱེད་པར་ཕན་འབྲས་ལེན་པར་སྐུལ་འདེད་བཏང་།
ཁོར་ཡུག་སྲུང་སྐྱོབ་བྱེད་པར་ང་ཚོ་ཚང་མ་མཉམ་དུ་ཟབ་ཞུགས་བྱེད།
ཧི་ནན་རྫོང་ཁིས་སྲིན་ཡུལ་ཚོའི་ཀླུ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཚུལ་ཁྲིམས་ཉི་མར་འཕྲད་པའི་དུས་ནི་ཧི་ནན་རྫོང་གིས་གཏན་འཁེལ་བྱས་པའི་ཁོར་ཡུག་གཙང་སྦྲའི་དག་ཐེར་བཅོས་སྐྱོང་ཉིན་མོར་ཁེལ་འདུག ཁོས་མཐུན་ཚོགས་ཀྱི་ཚོགས་མི་རྩ་འཛུགས་བྱས་ནས་གཞུང་ལམ་དང་ཆུ་འགྲམ་བརྒྱུད་ཅིང་། སྡེ་བའི་ནང་དང་རྩྭ་ཐང་སྟེང་དུ་སོང་ནས་ཚང་མས་གང་སར་དོར་བའི་གད་སྙིགས་འཐུ་བཞིན་ཡོད།
ཚུལ་ཁྲིམས་ཉི་མས་གསར་འགོད་པར་བཤད་རྒྱུར། མཐུན་ཚོགས་ཀྱི་ཚོགས་མི་རྣམས་ཁིས་སྲིན་ཡུལ་ཚོའི་སྲིད་འཛིན་སྡེ་བ་བཞི་ནས་ཡོང་བ་དང་མི་གྲངས་བརྒྱ་ལྷག་ལ་སླེབས་ཡོད་ལ། ཟླ་རེར་ཁོར་ཡུག་གཙང་སྦྲར་དག་ཐེར་བཅོས་སྐྱོང་ཐེངས་བཞི་བྱེད་རྒྱུ་དེ་ཚང་མས་རྒྱུན་འཁྱོངས་བྱས་པའི་བྱ་བ་ཡིན་ཞིང་། མཚམས་རེར་རྫོང་མཁར་དུ་གཞི་རྒྱ་ཆེ་བའི་བྱ་འགུལ་སྤེལ་སྐབས་ཀྱང་མི་སྣ་རྩ་འཛུགས་བྱས་ཏེ་ཡུལ་དངོས་ལ་སོང་ནས་གཙང་སྦྲ་དང་གཙང་འཕྱག་བྱ་བར་འགན་འཁུར་བཞིན་ཡོད་ཟེར།
2016ལོར་མཐུན་ཚོགས་དེ་བཙུགས་པ་དང་། དེའི་སྔོན་ལ་འབྲོག་པ་མང་ཚོགས་ཀྱིས་རང་འགུལ་སྒོས་རྩ་འཛུགས་བྱས་ཏེ། གླ་ཕོགས་མེད་པར་ཟླ་རེར་དུས་ཚོད་གཏན་འཁེལ་བྱས་ནས་ཁོར་ཡུག་གཙང་སྦྲར་དག་ཐེར་དང་བཅོས་སྐྱོང་བྱས་ཤིང་། ཚུལ་ཁྲིམས་ཉི་མ་ནི་དེའི་གྲས་ཀྱི་གཅིག་ཡིན། ཚུལ་ཁྲིམས་ཉི་མ་དང་ཁིས་སྲིན་ཡུལ་ཚོའི་འབྲོག་པ་མང་ཚོགས་མང་པོས་བལྟས་ན། རྩྭ་ཐང་ནི་སྲོག་ལྟ་བུ་ཡིན་པས་རྩྭ་ཐང་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས་ཤིང་། ལྷག་པར་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྲིད་ཇུས་དང་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པས་ཁོ་ཚོར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་ཀྱི་འདུ་ཤེས་སྔར་ལས་བརྟན་པོ་ཡོད་ཅིང་། སྐྱེ་ཁམས་ལེགས་ན་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བར་ཡིད་ཆེས་བྱེད་ཀྱིན་ཡོད།
རྨ་ཁུག་རྩྭ་ཐང་ནས་འཚོ་བ་རོལ་བའི་འབྲོག་པ་མང་ཚོགས་མང་པོ་དང་འདྲ་བར་སྔོན་ཆད་མི་རྣམས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཅུང་ཞན་པ་དང་། གང་སར་དོར་བའི་གད་སྙིགས་དེ་ནོར་ལུག་གིས་ཟོས་ནས་ཤི་བའི་སྣང་ཚུལ་བྱུང་བས་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་བརྟེན། སྐབས་དེར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའ་ཡི་འགན་འཁུར་བའི་ཚུལ་ཁྲིམས་ཉི་མས་སྡེ་བའི་ནང་གི་ཏང་ཡོན་རྩ་འཛུགས་བྱས་ནས་ཁོར་ཡུག་གཙང་སྦྲར་དག་ཐེར་བཅོས་སྐྱོང་བྱས་ཤིང་། ལོ་ངོ་བཅུ་ཕྲག་ལྷག་ལ་རྒྱུན་འཁྱོངས་བྱས།
ཚུལ་ཁྲིམས་ཉི་མས་གསར་འགོད་པར་བཤད་རྒྱུར། མཐུན་ཚོགས་བཙུགས་མ་ཐག་ཁོངས་མི་བཅུ་བདུན་ལས་མེད་མོད། རྗེས་ནས་རང་འགུལ་གྱིས་ཞུགས་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་ཟེར། སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་གླེང་ཚེ། ཚུལ་ཁྲིམས་ཉི་མའི་སེམས་ལ་སྤྲོ་བས་ཁེངས་ཡོད། མི་རྣམས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བར་ཞུགས་པའི་བརྩོན་སེམས་རང་བཞིན་དང་རང་རྟོགས་རང་བཞིན་རིམ་བཞིན་ཇེ་ཆེར་སོང་ཞིང་། མང་ཚོགས་སྔར་ལས་མང་པོ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལག་བསྟར་མཁན་དུ་གྱུར་ཡོད།
ཚུལ་ཁྲིམས་ཉི་མས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། སྔོན་ཆད་ས་ཁོངས་རྒྱ་ཆེ་ལ་བྱ་བ་མང་བ་དང་། མི་ཉུང་བའི་རྐྱེན་གྱིས་བྱ་བ་ཚང་མ་གཞན་གྱིས་སྐུལ་སློང་བྱས་ནས་སྒྲུབ་བཞིན་ཡོད་ཅིང་། ཐ་ན་རང་གི་གཉེན་ཉེ་གྲོགས་པོར་སྐུལ་སློང་བྱས་ཏེ་ཚོགས་པར་ཞུགས་སུ་བཅུག་པ་ཡིན། བྱ་བ་འདི་ཡུན་རིང་བོར་རྒྱུན་འཁྱོངས་བྱས་པར་བརྟེན། མི་རྣམས་ཀྱིས་ཁོར་ཡུག་ཇེ་ལེགས་སུ་སོང་བའི་འགྱུར་ལྡོག་ཚོར་བ་དང་། ཚོགས་པའི་ནང་ཟབ་ཞུགས་བྱེད་མཁན་ཡང་ཇེ་མང་ནས་ཇེ་མང་དུ་གྱུར་ཟེར།
མིག་སྔར། ཧི་ནན་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དང་བླངས་བའི་མཐུན་ཚོགས་བརྒྱད་བཙུགས་ཡོད་ལ། མི་གྲངས་སྟོང་གཅིག་དང་སུམ་བརྒྱ་བཞི་བཅུར་སླེབས་ཡོད་ཅིང་། ཚང་མ་མང་ཚོགས་ཀྱིས་རང་འགུལ་སྒོས་རྩ་འཛུགས་བྱས་པ་རེད། ངོ་སྤྲོད་བྱས་པ་ལྟར་ན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་སོ་སོས་ཞིང་སྡེའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་སྤེལ་སྐབས་སུ་དྲ་རྒྱ་ཅན་གྱི་དོ་དམ་མ་ལག་བེད་སྤྱོད་གང་ལེགས་བྱས་ཤིང་། གྲོང་རྡལ་དང་སྡེ་བ། ཚན་ཁག་དང་ཁྱིམ་ཚང་བཅས་རིམ་པ་བཞི་མཉམ་འགུལ་བྱས་ཏེ། བྱ་བ་སྣ་ཚོགས་རིམ་པ་ལྟར་ཞིབ་ཕྲའི་སྒོ་ནས་དབྱེ་བ་དང་། སོ་སོའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་རྒྱུ་རེད།
ལོ་ངོ་བཅུ་ཕྲག་ལྷག་ལ་ཉིན་གཅིག་ལྟར་རྒྱུན་འཁྱོངས་བྱས་པས་རང་ནུས་ཕྲ་མོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཡོད། མིག་སྔར་ཧི་ནན་རྫོང་གི་གྲོང་རྡལ་དང་ཡུལ་ཚོ་དང་སྲིད་འཛིན་སྡེ་བ་སོ་སོར་ཁོར་ཡུག་གཙང་སྦྲར་དག་ཐེར་བཅོས་སྐྱོང་བྱེད་རྒྱུ་དེ་རྒྱུན་ལྡན་གྱི་བྱ་བར་གྱུར་ཡོད་ལ། ཁོ་ཚོས་ཐོབ་བྱར་འདང་རྒྱག་གིན་མེད་ཅིང་། ཚང་མའི་དམིགས་འབེན་གཅིག་ཡིན་ཏེ། དེ་ནི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་པོ་བྱེད་རྒྱུ་དེ་རེད།
ལྗང་མདོག་ལ་སྲུང་སྐྱོབ་བྱས་ན་མདུན་ལྗོངས་སྔར་ལས་ལྷག་པ་ཡོད།
ཧི་ནན་རྫོང་གཡུ་སྒང་ཉིན་གྲོང་རྡལ་ཨར་མོག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པདྨ་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། སྐྱེ་ཁམས་སྲུང་སྐྱོབ་བྱས་པ་བཟང་པའི་རྐྱེན་གྱིས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་རྨང་གཞི་ལེགས་ཤོས་ཡོད་པར་གྱུར་ཞིང་། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་གཏོང་བའི་ཐོན་ལས་གྲས་ཀྱི་ཨར་མོག་སྡེ་བས་གཉེར་བའི་སྤྲིན་དཀར་འོག་གི་འབྲོག་སྡེ་ཞེས་པ་དེ་ས་གནས་དེ་གའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཚོང་རྟགས་གྲགས་ཅན་དུ་གྱུར་ཡོད་ལ། རི་སྔོ་ཆུ་དྭངས་ལ་བརྟེན་ནས་ཡོང་འབབ་མི་ཉུང་བ་ལེན་བཞིན་ཡོད་པ་དང་། 2022ལོར་ཕན་པ་དང་ཁེ་བཟང་ཐོབ་རྗེས། སྡེ་དམངས་ཡོངས་ཀྱིས་་ཡོང་འབབ་མི་ཉུང་བ་ལེན་བཞིན་ཡོད།
ཁྱིམ་ཚང་ཉིས་བརྒྱ་དོན་ལྔ་དང་མི་གྲངས་སྟོང་གཅིག་དང་ཉིས་བརྒྱ་ང་བདུན་ཡོད་པའི་ཨར་མོག་སྡེ་བར་རྒྱ་ཆེ་བའི་རྩྭ་ཐང་གི་ཐོན་ཁུངས་ཡོད་པར་མ་ཟད། སྡེ་བའི་མཐའ་འཁོར་དུ་སྤྱི་ཆིང་སྟོང་གཅིག་གི་རླན་སས་ཁྱབ་ཡོད་པས་ལོ་རེར་ཆུ་བྱ་སྐེ་ནག་སོགས་ཆུ་བྱའི་རིགས་མང་པོ་ངལ་གསོ་རུ་ཡོང་བཞིན་ཡོད། པདྨ་ཚེ་རིང་གིས་བཤད་རྒྱུར། འབྲོག་པ་མང་ཚོགས་ལ་མཚོན་ནས་བཤད་ན་རྩྭ་ཐང་དང་ཆུའི་ཐོན་ཁུངས་ནི་འཚོ་གནས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན་པར་བརྟེན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བཟང་པོ་བྱེད་རྒྱུ་དེ་ཧ་ཅང་འགག་རྩར་གྱུར་ཡོད་ཟེར།
དེའི་ཕྱིར། སྡེ་བའི་ནང་གི་ཏང་ཡོན་དང་བུད་མེད་སོ་སོས་རང་འགུལ་སྒོས་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་རུ་ཁག་གཉིས་བཙུགས་པ་དང་། ཟླ་རེར་དུས་ཚོད་དང་ས་ཁོངས་གཏན་འཁེལ་གྱིས་ཁོར་ཡུག་གཙང་སྦྲར་དག་ཐེར་བཅོས་སྐྱོང་བྱས། མིག་སྔར། འབད་བརྩོན་བྱས་པར་གྲུབ་འབྲས་ཐོབ་པ་སྟེ། མི་རྣམས་ཀྱིས་གྲོང་གསེབ་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་འཕེལ་རྒྱས་བཏང་ཞིང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་དང་། འཚོ་བ་རོལ་བ་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད།
རང་བྱུང་ལྷུན་གྲུབ་ཀྱི་རི་ཆུ་མཛེས་སྡུག་ལྡན་པས། པདྨ་ཚེ་རིང་གིས་སྡེ་བའི་ནང་གི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་ཏང་ཡོན་དང་བླངས་བའི་ཁོར་ཡུག་སྲུང་སྐྱོབ་རུ་ཁག་བཙུགས་ནས་གད་སྙིགས་འཐུ་བ་དང་གཙང་སྦྲ་བྱེད་བཞིན་ཡོད་ལ། ཐོག་མའི་དང་བླངས་བ་མི་ལྔ་ནས་མི་བཅོ་ལྔར་འཕར་ཡོད། སྡེ་བའི་བུད་མེད་མཉམ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་རིན་དབང་ཕྱུག་སྒྲོལ་མས་སྣེ་ཁྲིད་ནས་རྩ་འཛུགས་བྱས་པའི་བུད་མེད་དང་བླངས་བའི་ཁོར་ཡུག་སྲུང་སྐྱོབ་རུ་ཁག་གི་མི་གྲངས་དེ་མི་ལྔ་བཅུ་ལས་བརྒལ་ཡོད་ཅིང་། རུ་ཁག་གཉིས་པོས་ཟླ་རེར་རེས་མོས་ཀྱིས་སྡེ་བ་དང་དེའི་མཐའ་འཁོར་གྱི་རྩྭ་ཐང་སྟེང་དུ་ཁོར་ཡུག་གཙང་སྦྲར་དག་ཐེར་བཅོས་སྐྱོང་བྱེད་བཞིན་ཡོད།
ཆུང་དུས་ནས་རྩྭ་ཐང་དུ་འཚར་ལོངས་བྱུང་བ་དང་། པདྨ་ཚེ་རིང་ཆུང་དུས་སུ། ཁོས་རྩྭ་ཐང་དུ་ནོར་ལུག་ཚད་བརྒལ་གྱིས་འཚོ་སྐྱོང་བྱས་པས་ས་ནག་དང་ཐང་རྒོད་དུ་གྱུར་བ་དང་། ཨ་བྲ་དང་འཕྱི་བའི་གནོད་པ་སོགས་རྩྭ་ས་ཞན་འགྱུར་གྱི་གནས་ཚུལ་མཐོང་མྱོང་ཞིང་། ཁོས་ལྗང་མདོག་གི་རྩྭ་ཐང་ལ་གཏོར་བརླག་ཐེབས་པའི་སྣང་ཚུལ་མཐོང་བའི་དུས་དེ་ནས་བཟུང་རྩྭ་ཐང་ལ་སྲུང་སྐྱོབ་བཟང་པོ་བྱེད་པའི་ཆོད་སེམས་ཡིད་ལ་དམ་པོར་བཅངས་ཡོད། མིག་སྔར། ཁྱིམ་མི་ཚོས་ཁོའི་བྱ་བར་ཧ་ཅང་རྒྱབ་སྐྱོར་བྱེད་པ་དང་། ཟླ་རེ་རེར་ཁོ་དང་མཉམ་དུ་ཁོར་ཡུག་གཙང་སྦྲར་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་འགུལ་ནང་ཟབ་ཞུགས་བྱེད་བཞིན་ཡོད།
པདྨ་ཚེ་རིང་གིས་བཤད་རྒྱུར། ཁོར་ཡུག་གཙང་སྦྲར་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་འགུལ་ནི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་རྩ་འཛུགས་བྱས་པ་ཡིན་ཡང་། མང་ཚོགས་ཟབ་ཞུགས་བྱེད་པའི་རང་འགུལ་རང་བཞིན་དང་བརྩོན་སེམས་རང་བཞིན་ཧ་ཅང་མཐོ་ལ། མི་གྲངས་མང་དུས་མི་ལྔ་བརྒྱ་དང་ཉུང་དུས་ཀྱང་མི་བརྒྱ་ལྷག་ཡོད་ཅིང་། ཁྱིམ་ཚང་མང་པོས་བྱིས་པ་ཁྲིད་ནས་བྱ་འགུལ་ཁྲོད་ཞུགས་ཏེ། བྱིས་པར་ཆུང་དུས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་ཁྲོད་ཞུགས་པར་ཁྲིད་སྟོན་བྱས་པ་ནི་ཆེས་སེམས་འགུལ་ཐེབས་ས་ཞིག་རེད་ཟེར།
པདྨ་ཚེ་རིང་གིས་བཤད་རྒྱུར། རང་འགུལ་རྩ་འཛུགས་བྱས་ནས་ཁོར་ཡུག་གཙང་སྦྲར་དག་ཐེར་བཅོས་སྐྱོང་བྱས་པའི་ས་ཐག་ཆེས་རིང་ས་དེ་སྡེ་བ་དང་སྤྱི་ལེ་དོན་ལྔའི་སར་ཡོད་ཅིང་། སྔ་མོ་ནས་ལམ་ལ་ཆས་ཏེ་དགོང་མོར་ཕྱིར་ལོག་པ་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད། བྱ་བ་འདིར་ཡོང་སྒོ་གཅིག་ཀྱང་མེད་པས་འཐད་པ་མེད་མཁན་དང་འཁང་ར་བྱེད་མཁན་མི་ཉུང་བ་ཞིག་ཡོད་མོད། ང་ཚོས་སློབ་གསོ་གཏོང་བའི་བརྒྱུད་རིམ་ཁྲོད། སྐྱེ་ཁམས་ལ་སྲུང་སྐྱོབ་ལེགས་པོ་མ་བྱས་ཚེ་ང་ཚོ་འཚོ་གནས་བྱེད་ཁག་པོ་རེད་ཅེས་བཤད་པ་ན། དུས་ཡུན་རིང་པོ་འགོར་རྗེས་རྒྱབ་སྐྱོར་བྱེད་མཁན་ཡང་ཇེ་མང་ནས་ཇེ་མང་རེད་ཟེར།
པདྨ་ཚེ་རིང་གིས་ཁོ་ཚོའི་འོས་འགན་ལག་ལེན་གྱིས་སྡེ་བ་མང་པོ་རང་འགུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་ལེན་ཁྲོད་ཞུགས་པར་སྐུལ་ཁྲིད་བྱས་ཏེ། ཚང་མས་མཉམ་དུ་འཚོ་གནས་ཀྱི་ཁྱིམ་གཞིས་སྐྱོང་བའི་རེ་བ་བྱེད་ཀྱིན་ཡོད།
གསར་སྐྱེས་རྩྭ་དང་རྩི་ཤིང་ལ་སྲུང་སྐྱོབ་དང་རི་སྔོ་ཆུ་དྭངས་ལ་ལྟ་སྲུང་བྱེད་དགོས། མཛེས་སྡུག་ལྡན་པའི་རྨ་ཁུག་རྩྭ་ཐང་སྟེང་དུ། མི་རེ་རེར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཟབ་ཞུགས་བྱེད་པའི་སྲོལ་བཟང་ཞིག་ཆགས། སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་ཁུངས་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་བྱུང་ཚེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་ཀྱིས་མི་རྣམས་ལ་ཕན་པ་བླ་ལྷག་བསྐྲུན་ཡོད་པ་དང་། ལྗང་མདོག་དང་ཁྱད་ཆོས་ལ་གཞིགས་ཏེ། ཐོན་ལས་ཀྱིས་གཅིག་འབྲེལ་ཁ་གསབ་ཁྲོད་ཚུལ་སྒྱུར་རིམ་སྤོར་མངོན་འགྱུར་བྱས་ཤིང་། ལྗང་མདོག་ལ་སྙེག་པའི་རྣམ་པ་གསར་བར་བརྩོན་ལེན་བྱས་ནས། རི་སྔོ་ཆུ་དྭངས་ལ་སྔར་ལས་རིན་ཐང་ལྡན་པར་བྱེད་བཞིན་ཡོད།
ལྷ་མོ་འཚོས་བསྒྱུར།