དྭངས་གཙང་གི་ཆུ་བོ་ཀྱ་ཀྱུར་འབབ་ཅིང་། འགྲམ་གཉིས་སུ་ལྗོན་ཤིང་སྣ་ཚོགས་ཚང་ཚིང་སྐྱེས། ཆུ་བོའི་ངོས་སུ་དུས་ངེས་མེད་དུ་འདབ་ཆགས་འགས་འཕུར་ལྡིང་བྱེད་བཞིན་པ་མཐོང་ཐུབ། ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན། གསར་འགོད་པ་རོང་བོ་དགུ་ཆུའི་འགྲམ་དུ་ལངས་ཏེ། རོང་བོ་དགུ་ཆུའི་མཛེས་ལྗོངས་འཛུགས་སྐྲུན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལྷ་འབྲུག་རྒྱལ་གྱིས་བསྟན་པའི་ཕྱོགས་སུ་བལྟས་པ་ན། མཛེས་ཤིང་ལྟ་ན་སྡུག་པའི་ཆུ་འགྲམ་གྱི་མཛེས་ལྗོངས་མིག་ལམ་དུ་མངོན་བྱུང་།
རོང་བོ་དགུ་ཆུ་དེ་ལྷོ་ནས་བྱང་དུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་འཕྲེད་ཀྱིས་བཅད་ཡོད། མཁར་གྲོང་སྟོད་རྒྱུད་ཀྱི་ཐེ་བོ་ཆུ་གློག་ས་ཚིགས་ཀྱི་ཆུ་འདྲེན་ཁ་ནས་སྨད་རྒྱུད་ཀྱི་ཆུ་མའི་ལུང་བ་ནས་རོང་བོ་དགུ་ཆུའི་འདྲེས་མཚམས་བར། ཆུ་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ6.5ཙམ་ཡོད། རོང་བོ་དགུ་ཆུ་ནི་རྨ་ཆུའི་རིམ་པ་དང་པོའི་ཆུ་ལག་ཡིན་པ་དང་། ཐུན་རིན་གྲོང་ཁྱེར་གྱི་ཆུའི་སྲོག་རྩ་གལ་ཆེན་ཡིན་པས། རོང་བོ་དགུ་ཆུར་བཅོས་སྐྱོང་བྱེད་པ་དེ་རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་དོན་སྙིང་གལ་ཆེན་ལྡན།
2017ལོར་གནས་འདི་ནི་གད་སྙིགས་རི་ལྟར་སྤུངས་ཤིང་བཙོག་ཆུ་གང་སར་བཞུར་བའི་གྲམ་གཞུང་ཞིག་ཡིན་པ་སུའི་ཡིད་ལ་དྲན་སྲིད། རོང་བོ་དགུ་ཆུའི་མཛེས་ལྗོངས་འཛུགས་སྐྲུན་དོ་དམ་ཅུའུ་ཡི་འགྲེལ་བརྗོད་པ་ཀྲུའུ་ཡན་མཱེ་ཡིས་བཤད་རྒྱུར། སྔོན་ཆད་རོང་བོ་དགུ་ཆུར་སྦགས་བཙོག་ཚབས་ཆེན་ཐེབས་ཡོད་ཅིང་། ཆུ་འགྲམ་གང་སར་རྡིབས་སྐྱོན་བྱུང་ཡོད་ལ། བཙོག་ཆུ་མ་ལག་འཐུས་ཚང་དུ་གྱུར་མེད་ཟེར།
ད་ལོར་ལོ37ཡིན་པའི་ཀྲུའུ་ཡན་མཱེ་ནི་རོང་བོ་གྲོང་རྡལ་གྱི་མི་ཡིན་པ་དང་། ཁོ་མོའི་ཁྱིམ་དེ་རོང་བོ་དགུ་ཆུའི་འགྲམ་དུ་ཡོད། ཀྲུའུ་ཡན་མཱེ་ཡིས་བྱིས་དུས་ལ་ཕྱིར་དྲན་བྱས་བྱུང་། དེ་དུས་རོང་བོ་དགུ་ཆུའི་འགྲམ་དུ་ཉེ་འདབས་མང་ཚོགས་ཀྱི་འཚོ་བའི་གད་སྙིགས་དང་འཛུགས་སྐྲུན་གད་སྙིགས་རི་ལྟར་སྤུངས་ཡོད་པ་དང་། ཁོར་ཡུག་སྦགས་བཙོག་ཧ་ཅང་ཆེ། དབྱར་ཚེས་དུས་གནས་དེར་རྩྭ་ལྡུམ་གང་སར་སྐྱེས་ནས་རུལ་དྲི་ཕྱོགས་སུ་ཁྱབ་ཡོད།
རུལ་དྲི་འཐུལ་བའི་ཆུ་ལམ་དེ་ཇི་ལྟར་ཆུ་འགྲམ་གྱི་སྐྱེ་ཁམས་གླིང་གར་བསྒྱུར་བ་ཡིན་ནམ། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། 2017ལོར། ཐུན་རིན་རྫོང་རོང་བོ་དགུ་ཆུའི་མཁར་གྲོང་ཉེ་འདབས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། མ་དངུལ་སྒོར་དུང་ཕྱུར2.29བཏང་ཡོད། ལས་གཞི་དེའི་འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ནི་ཆུ་རགས་དང་འགོག་སྲུང་ལན་ཀན། གད་ཁའི་བཅོས་སྐྱོང་། ཆུའི་གཞུང་གི་གླིང་ཕྲན་ལེགས་བཅོས་བྱེད་པ། གཤེར་གནོན་ཅན་གྱི་ཆུ་རགས་གློག་ཆས་མ་ལག་དང་ཆུ་འགྲམ་གྱི་གློག་སྒྲོན་ལེགས་བསྒྱུར་སོགས་འདུས།
སྔོན་ཆད་རུལ་དྲི་འཐུལ་བའི་གྲམ་པ་དེ་ལེགས་བསྒྱུར་བཅོས་སྐྱོང་བྱས་ནས། ད་ལྟ་ས་དེའི་མང་ཚོགས་ཀྱིས་སྤྲོ་གསེང་རོལ་རྩེད་བྱེད་སའི་གནས་སུ་གྱུར་ཡོད། གསར་འགོད་པས་མཐོང་བ་ལྟར་ན། རོང་བོ་དགུ་ཆུའི་འགྲམ་དུ་ལྟ་སྐོར་རྒྱུ་ལམ་དང་ཆུའི་གཞུང་གི་གླིང་ཕྲན་དང་ལྡིང་ཁང་སོགས་ལས་པས། ཉེ་འདབས་ཀྱི་མང་ཚོགས་དག་མཉམ་དུ་འདུས་ནས་མིག་མངས་རྩེད་པ་དང་ཡང་ན་ཁ་བརྡ་བྱེད་པ། ཡང་ན་ལྟ་སྐོར་བྱེད་པར་འཆམ་འཆམ་ལ་འགྲོ་བ། ལྕགས་རྟར་ཞོན་བཞིན་ཡོད།
ཆུ་འགྲམ་དུ་ལྕགས་རྟར་ཞོན་ནས་འགྲོ་བཞིན་པའི་སྡོད་དམངས་མཱ་ཀྲུང་ཆིན་གྱིས་བཤད་རྒྱུར། རོང་བོ་དགུ་ཆུའི་འགྲམ་དུ་ལྟ་སྐོར་རྒྱུ་ལམ་ལས་རྗེས། ངས་དུས་རྒྱུན་དགོང་མོར་གྲོགས་པོ་གཞན་པ་བོས་ནས་མཉམ་དུ་འཆམ་འཆམ་ལ་སོང་བ་ཡིན་ཟེར།
འགྲེལ་བརྗོད་མཁན་ཀྲུའུ་ཡན་མཱེ་ཡིས་བཤད་རྒྱུར། རོང་བོ་དགུ་ཆུའི་འགྲམ་རྒྱུད་ཀྱི་ཁོར་ཡུག་ལེགས་བཅོས་བྱས་ཏེ། ཆུ་འགྲམ་དང་དེའི་ཉེ་འཁོར་ས་ཁོངས་ཀྱི་རིན་ཐང་འཕར་བ་དང་ཕྱོགས་བསྡུས་གསར་སྤེལ་ལ་སྐུལ་ཁྲིད་བྱས་ཡོད་ལ། ད་ལྟ་རོང་བོ་དགུ་ཆུའི་འགྲམ་དུ་ཡང་བསྐྱར་ཟ་ཁང་བཅུ་ཕྲག་འགའ་གསར་དུ་སྒོ་ཕྱེས་ཡོད་པ་དང་། ས་དེའི་དཔལ་འབྱོར་གྱི་འཕེལ་རྒྱས་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།
རོང་བོ་ཆུ་འགྲམ་དུ་འཚིག་ཇ་ཁང་ཞིག་ཡོད་པ་དང་། དེའི་ལས་བྱེད་མི་སྣ་ལྷུན་གྲུབ་བྱམས་ཀྱིས་མགྲོན་པར་འཚིག་ཇ་སྐོལ་བཞིན་ཡོད། ཁོས་བཤད་རྒྱུར། རོང་བོ་དགུ་ཆུའི་ཆུ་ལམ་བཅོས་སྐྱོང་བྱས་རྗེས། གྲོང་ཁྱེར་གྱི་སྤུས་ཚད་དང་ནང་སྙིང་མཐོར་འདེགས་བྱུང་ནས། ཡུལ་སྐོར་དར་རྒྱས་ཆེ་བའི་དུས་ཚིགས་སུ་ཡུལ་སྐོར་བའི་ཁ་གྲངས་བསྟུད་མར་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར། ལྷུན་གྲུབ་བྱམས་ཀྱིས་བཤད་རྒྱུར། ལོ་རེའི་ཟླ7ནས་ཟླ8པའི་བར་རོང་བོ་དགུ་ཆུའི་འགྲམ་དུ་ཞིམ་མངར་བཟའ་བཏུང་དུས་ཆེན་གྱི་བྱ་འགུལ་སྤེལ་བ་དང་། མཚན་མོ་རེ་རེར་རོང་བོ་དགུ་ཆུའི་འགྲམ་དུ་གློག་འོད་ལམ་ལམ་དུ་འཕྲོ་ཞིང་། གློག་འོད་ཆུ་ངོས་སུ་འཕྲོས་པས་མཚན་མོའི་ཡུལ་ལྗོངས་དེ་མིག་ལ་མཛེས་པ་ཞིག་ཡིན་ལ། ཉིན་རེའི་གནས་སྐོར་བའི་ཁ་གྲངས་མི་ཐེངས་ཁྲི་གཉིས་ལ་བསླེབས་སྲིད་པས། འཚིག་ཇ་ཁང་གི་ཚོང་ཡང་ཧ་ཅང་བཟང་ཟེར།
རོང་བོ་དགུ་ཆུ་ལྟེ་བར་བཟུང་ནས། ཐུན་རིན་རྫོང་གིས་ལོ་འགའི་རིང་འབད་བརྩོན་བྱས་ཏེ། རོང་བོ་དགུ་ཆུའི་ཆུ་ལམ་དང་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་པ་དང་། གྲོང་ཁྱེར་དེ་རང་བྱུང་སྐྱེ་ཁམས་ཁྲོད་འདྲེས་པར་བྱས་ནས་ཐུན་རིན་གྱི་ཁྱད་ཆོས་ལྡན་པའི་རོང་བོ་དགུ་ཆུའི་ཆུ་འགྲམ་གྱི་སྐྱེ་ཁམས་གླིང་ག་འཛུགས་སྐྲུན་བྱས་པར་མ་ཟད། ཆུ་ལམ་གྱི་བདེ་འཇགས་དང་ཆུ་ལོག་སྔོན་འགོག་ལ་འགན་སྲུང་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག ཆུ་ལམ་གྱི་སྐྱེ་ཁམས་བརླན་སའི་བྱེད་ནུས་སླར་གསོ་བྱེད་པ་དང་། ཆུ་འགྲམ་ཉེ་འཁོར་ས་ཁོངས་ཀྱི་ཁོར་ཡུག་ལེགས་བསྒྱུར་བྱས་ཏེ། གྲོང་ཁྱེར་གྱི་འཕེལ་རྒཡས་དགོས་མཁོ་བསྐང་བ་དང་རང་བྱུང་རྣམ་པ་སྲུང་འཛིན་བྱེད་པའི་ཁྱད་ལྡན་སྐྱེ་ཁམས་བར་ཁྱམས་གསར་བསྐྲུན་བྱས་ཡོད།
མིག་སྔར་ཐུན་རིན་གྲོང་ཁྱེར་གྱིས་རོང་བོ་དགུ་ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་དུས་རིམ་གཉིས་པའི་ལས་གཞི་ལག་བསྟར་བྱེད་བཞིན་ཡོད་པ་དང་། དུས་རིམ་གསུམ་པའི་ལས་གཞི་མི་འགྱངས་པར་ལག་བསྟར་བྱེད་རྒྱུ་རེད། ལས་གཞི་ལག་བསྟར་བྱས་རྗེས། རོང་བོ་དགུ་ཆུའི་ཆུ་ལོག་སྔོན་འགོག་གི་ཚད་གཞི་དེས་ལོ་ལྔ་བཅུར་བྱུང་མ་མྱོང་བའི་ཆུ་ལོག་འགོག་ཐུབ་པ་དང་། བཟོ་སྐྲུན་དེས་མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་རང་བཞིན་ཇེ་དྲག་ཏུ་གཏོང་ཐུབ་ལ། སྡོད་དམངས་ཀྱི་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱེད་པ་དང་གྲོང་ཁྱེར་གྱི་བྱེད་ནུས་འཐུས་ཚང་དུ་བཏང་སྟེ། སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་དང་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།