རྨ་ཆུའི་འགོ་ཁུངས་ལ་སྲུང་སྐྱོབ་བྱེད།
2024.05.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

 

མཚོ་སྔོན་ནི་རྨ་ཆུའི་འགོ་ཁུངས་ཡིན་པ་དང་། ལྷུང་ལྷུང་དུ་འབབ་པའི་ཆུ་བོས་བཞུར་རྒྱུད་ས་ཁུལ་གྱི་ཁྱད་དུ་འཕགས་པའི་ས་ཁམས་ཁོར་ཡུག་གྲུབ་པར་བྱས་ལ། ཀྲུང་ཧྭའི་ཤེས་རིག་དང་དཔལ་ཡོན་གྱི་འབྱུང་ཁུངས་སུ་གྱུར་ཡོད།

ཁུངས་འཚོལ་ཕུགས་འདེད་བྱས་ན། རྨ་ཆུའི་འགོ་ཁུངས་གཙོ་བོ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོ་དགུ་གཞུང་སྡེ་བ་བ་ཡན་ཧ་རིའི་ཡོས་གི་སླང་ལེབ་གཤོངས་ས་རུ་ཡོད་པ་དང་། ཆུ་བོ་དྭངས་ཤིང་གསལ་ལ། ཆུ་ཁོད་ཡངས་ཤིང་གཏིང་ཐུང་བ་དང་། བཞུར་ཚད་ཧ་ཅང་དལ་བས། ན་འདམ་སྤང་ས་ཆེན་པོ་དང་མཚེའུ་མང་པོ་གྲུབ་ཡོད། མཐོ་སར་འཛེགས་ནས་རྒྱང་ལྟ་བྱས་ན། བགྲང་གིས་མི་ལང་བའི་མཚེའུ་དེ་དག་ཉི་འོད་འོག་སྒྲོ་གུར་ཕུབ་པའི་མཛེས་སྡུག་གི་རྨ་བྱ་ཞིག་དང་འདྲ།

རྨ་ཆུའི་ཆུ་དམར་ལེབ་རྫོང་གི་བཞུར་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སྟོང་སུམ་བརྒྱ་དང་གོ་བཞི་ཡོད་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ་སྟོང་གཅིག་བརྒྱ་དང་ཉེར་བདུན་ཡོད་ལ། མཚོ་འཕང་ལ་རྨིད་སྟོང་བཞི་དང་དྲུག་བརྒྱ་ཉེར་བཞི་ཡོད་པ་དང་། རྨ་སྟོད་ཡུལ་ཚོའི་བར་སྤྱི་ལེ་ཞེ་དྲུག་གི་བར་ཐག་ཡོད། རྨ་ཆུའི་འགོ་ཁུངས་ལ་སྲུང་སྐྱོང་བྱེད་རྒྱུ་ནི་ང་ཚོའི་འོས་འགན་དུ་བརྩི་རྒྱུ་དེ་ཆུ་དམར་ལེབ་ཀྱི་མང་ཚོགས་ཁྲི་བཞི་དང་སྟོང་བདུན་གྱི་སེམས་གཏམ་དང་ཐུན་མོང་གི་ལྟ་ཚུལ་ཡིན།

ཉེ་བའི་ལོ་འགའི་རིང་ལ། ཆུ་དམར་ལེབ་རྫོང་གིས་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐུབ་ཇུས་གོ་གནས་ལ་རྐང་བཙུགས་ནས། འགོ་ཁུངས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་པ་དང་། རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་བྱེད་རྒྱུ་གོ་གནས་དང་པོར་བཞག་ལ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས་དང་བྱེ་དར་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་པ་དང་། ཆུ་དཔོན་དང་རྩྭ་དཔོན་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ཞིང་། བདེ་ཆུ་འགོ་ཁུངས་ཀྱི་རྒྱལ་ཁབ་བརླན་སའི་སྤྱི་གླིང་ཚོད་ལྟ་བྱ་བ་སྤེལ་ནས། ཆུ་བོའི་འབབ་རྒྱུན་ནམ་ཡང་མི་ཆད་པར་ཁག་ཐེག་བྱས།

སེམས་ཤུགས་གཅིག་ཏུ་བསྡུས་ནས་སྲུང་སྐྱོབ་བྱེད་པ་ནི་ཆུ་རྒྱུན་མི་ཆད་པའི་ཆེད་ཡིན།

ཟླ་ལྔ་པར། ཆ་སྙོམས་ཀྱི་མཚོ་འཕང་རྨིད་སྟོང་བཞི་དང་ལྔ་བརྒྱ་ཡོད་པའི་ཆུ་དམར་ལེབ་རྫོང་དུ་དཔྱིད་ཀྱི་དཔལ་ཡོན་ཡུན་གྱིས་རྒྱས་བྱུང་།

རྨ་ཆུའི་འགོ་ཁུངས་གཙོ་བོ་སྟེ་ཡོས་ཀི་སླང་ལེབ་བར་སྤྱི་ལེ་བཅུ་ཡོད་སའི་རྩྭ་ར་རུ་ཁང་བ་ཆུང་ཆུང་ཞིག་ཡོད་པ་དང་། ཁང་བདག་གི་མིང་ལ་ཀུན་མཁྱེན་ཟེར་ལ། ཁོ་ཚང་ནས་རྨ་ཆུའི་འགོ་ཁུངས་བར་དུ་སྐར་མ་ཉི་ཤུ་ཙམ་མ་གཏོགས་མེད་པས། ཁོ་ཚང་ལ་རྨ་ཆུའི་འགོ་ཁུངས་ཀྱི་ཁྱིམ་ཚང་དང་པོ་ཞེས་པའི་མིང་ཐོགས

རྨ་ཆུའི་འགོ་ཁུངས་སུ་སྐྱེས་ཤིང་དེ་ནས་འཚར་ལོངས་བྱུང་སྟབས། ཀུན་མཁྱེན་ལ་མཚོན་ན་རྨ་ཆུར་བརྩེ་བ་ཟབ་མོ་ཡོད། འགོ་ཁུངས་ཀྱི་སྐྱེ་ཁམས་གླེང་དུས། ཀུན་མཁྱེན་གྱིས་བཤད་རྒྱུར། སྔོན་ཆད་ས་འདིའི་སྐྱེ་ཁམས་ཞན་འགྱུར་གྱི་ཚད་ཧ་ཅང་ཆེ་བ་དང་། ང་ཚོ་རྨ་ཆུའི་འགོ་ཁུངས་སུ་འཚོ་བ་རོལ་བཞིན་ཡོད་ན་ཡང་། ཆུ་འཐུང་དཀའ་བའི་དཀའ་ཁག་ལ་ཐུག་ཡོད་པ་དང་། ཁྱིམ་སྒོའི་རྩྭ་ས་ཡང་ཉིན་རེ་བཞིན་ཞན་འགྱུར་བྱུང་ལ། ཆུ་ཁུངས་ཀྱང་རིམ་པ་བཞིན་སྐམ་བཞིན་ཡོད་པ་དང་། ཆེས་དཀའ་བའི་དུས་སུ། ཆུ་ཁམ་གང་གི་ཆེད་དུ། ཁྱིམ་གང་བོ་སྤྱི་ལེ་གཉིས་ཡན་གྱི་ས་མཚམས་སུ་སོང་ནས་ཆུ་ཁུངས་འཚོལ་དགོས་དུས་ཀྱང་ཡོད།

མྱོང་བ་དེ་འདྲ་ཡོད་པའི་དབང་གིས། སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ་ཀུན་མཁྱེན་གྱི་སེམས་ཁོང་དུ་སིམ་པའི་འགྱུར་བ་མེད་པའི་ཐོག་མའི་བསམ་འདུན་དུ་གྱུར་ཡོད།

2016ལོར། ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་གི་སྐྱེ་ཁམས་དོ་སྲུང་གི་སྤྱི་ཕན་ལས་རྐང་ལག་བསྟར་བྱས་པ་དང་བསྟུན་ནས། ཀུན་མཁྱེན་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར། དེའི་སྔོན་ལ་དུས་ཡུན་རིང་བོར་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་མྱོང་ན་ཡང་། སྐྱེ་ཁམས་ལྟ་སྲུང་པར་གྱུར་རྗེས། ཁོར་རྨ་ཆུའི་འགོ་ཁུངས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དང་འོས་འགན་སྔར་ལས་ཇེ་ལྕི་རུ་སོང་བ་དང་། བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་ཁྱིམ་གཞིར་སྲུང་སྐྱོབ་བྱེད་པའི་ཚོར་སྣང་ཆེན་པོ་སྐྱེས་ཟེར།

ནངས་ཇ་སྟབས་བདེ་ཞིག་འཐུང་རྗེས། ཀུན་མཁྱེན་གྱིས་སྐོར་སྲུང་ཉིན་ཐོ་དང་རྒྱང་ཤེལ། ལམ་བྲོ་སོགས་ཉེར་མཁོའི་སྤྱོད་རྫས་ཁྱེར་ནས་འཕྲུལ་རྟར་ཞོན་ཏེ་ཉིན་གཅིག་གི་སྐོར་སྲུང་བྱ་བའི་འགོ་བརྩམས།

ཀུན་མཁྱེན་གྱིས་བཤད་རྒྱུར། ས་འདི་རུ་འཚོ་བ་རོལ་བཞིན་པའི་མི་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ཡོད་པ་དང་། ལྟ་སྐུལ་བྱེད་མཁན་མེད་རུང་། ང་ཚོས་རང་རྟོགས་སྒོས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ངེས་ཟེར།

འགོ་ཁུངས་ལ་སྐོར་སྲུང་བྱེད་རྒྱུ་དེ་ལས་སླ་མོ་ཞིག་མིན་པ་དང་། གྲང་ངར་ཆེ་ཞིང་དབྱང་དབུགས་དཀོན་པའི་ཁོར་ཡུག་ཁྲོད། རྒྱུན་ལྡན་གྱི་འཕྲུལ་རྟའི་མགྱོགས་ཚད་ཀྱིས་སྐོར་སྲུང་བྱེད་ན། ལུས་སྟོབས་བཟང་བ་ནི་འགྱུར་མེད་ཀྱི་ཚད་གཞི་ཡིན་པ་དང་། ཆུང་དུས་ནས་ས་འདིར་འཚར་ལོངས་བྱུང་བའི་ཀུན་མཁྱེན་ལ་མཚོན་ན་དེ་ནི་སྣང་དོག་མི་དགོས་པ་ཞིག་རེད།

ཀུན་མཁྱེན་གྱིས་ཉིན་རེ་རེར་རྨ་ཆུའི་འགོ་ཁུངས་ཀྱི་སྤྱི་ལེ་བཅུ་ཕྲག་གི་སར་སྐོར་སྲུང་བྱེད་དགོས་པར་མ་ཟད། རི་སྐྱེས་རི་དྭགས་འཚོ་གནས་ཀྱི་གནས་ཚུལ་དང་སྔོ་ཁེབས་ཀྱི་ཁྱབ་ཚུལ། འཁྱགས་རླུང་གངས་ཆུ་ལ་འགྱུར་ལྡོག་ཡོད་མེད་སོགས་ཀྱི་གནས་ཚུལ་ཟིན་བྲིས་སུ་བཏབ་ནས། ལེགས་སྒྲིག་ཞིབ་མོ་བྱས་རྗེས་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་བྱེད་ཀྱིན་ཡོད།

ཀུན་མཁྱེན་གྱིས་ཉིན་ཐོ་འབྲི་ཞོར་དུ་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཆར་ཆུ་འབབ་ཚད་ཇེ་མང་དུ་སོང་བ་དང་། འགོ་ཁུངས་ཀྱི་ཆུ་རྒྱས་ཤིང་རྩྭ་ཇེ་མང་དུ་སོང་ལ། རི་དྭགས་ཀྱང་ཇེ་མང་དུ་སོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དེ་རྒྱུན་རྣམ་ཅན་དུ་གྱུར་ཡོད་ཟེར།

འགོ་ཁུངས་ཀྱི་བཞུར་ཆུར་སྲུང་སྐྱོབ་བྱས་པ་དང་། ཁུལ་བགོས་ཕྱུགས་འགོག་དང་ཡུལ་གཞན་གནས་སྤོར། གད་སྙིགས་གཙང་སེལ། ས་ནག་ཐང་བཅོས་སྐྱོང་བྱས་ལ། རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་བཏང་། ལོ་བཅུ་ཕྲག་རིང་གི་དུས་ཡུན་ནང་། ཀུན་མཁྱེན་མྱོང་ཚོར་མཁན་ཞིག་ནས་ཟབ་ཞུགས་པར་གྱུར་བ་དང་། རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་ལ་བདེན་དཔང་བྱས།

སྐོར་སྲུང་བྱ་བ་མཇུག་བསྒྲིལ་ནས་ཕྱིར་ཁྱིམ་དུ་ལོག་རྗེས། ཀུན་མཁྱེན་གྱིས་རི་དྭགས་དང་སྐྱེ་དངོས་ཀྱི་བརྙན་པར་ཆུང་མ་དང་བུ་མོར་བསྟན་ནས་ཉིན་གང་བོའི་སྐོར་སྲུང་གཏམ་རྒྱུད་མཉམ་རོལ་བྱས། ཀུན་མཁྱེན་གྱིས་རྒྱུན་དུ་ཁོའི་བུ་མོར་བཤད་རྒྱུར། ང་ཚོའི་ཕ་ཚ་བུ་རྒྱུད་ཚང་མ་ས་འདི་རུ་འཚོ་བ་རོལ་བ་དང་། ཚང་མ་འདི་རུ་འཚོ་གནས་བྱེད་ན། རྐང་འོག་གི་ཆུ་ཁུངས་ལ་རྒྱབ་རྟེན་བྱེད་དགོས་པ་དང་། སྨད་རྒྱུད་ཀྱི་རྨ་ཆུའི་འགྲམ་གཉིས་ཀྱི་མི་རྣམས་ཀྱིས་ཀྱང་ཆུ་འདིར་བརྟེན་ནས་འཚོ་བ་རོལ་དགོས་པས། ང་ཚོས་ངེས་པར་དུ་རྨ་ཆུའི་འགོ་ཁུངས་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས།

ཀུན་མཁྱེན་ལ་མཚོན་ནས་བཤད་ན། རྨ་ཆུའི་འགོ་ཁུངས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་གཟི་བརྗིད་ལྡན་པའི་བྱ་བ་ཞིག་ཡིན་པ་དང་། ང་རྒྱལ་སྐྱེས་ཆོག་པའི་བྱ་བ་ཞིག་ཀྱང་ཡིན་པས། སློབ་ཆུང་དུ་འགྲོ་བཞིན་པའི་བུ་མོར་ཡང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་བག་ཆགས་ཟབ་མོ་བཞག་ཡོད།

ཀུན་མཁྱེན་གྱིས། ང་ཚོའི་བརྟན་སྲུང་གིས་རྨ་ཆུའི་འགོ་ཁུངས་ཀྱི་ཆུ་བོའི་རྒྱུན་མི་ཆད་པར་འགན་སྲུང་བྱེད་ཐུབ་པའི་རེ་འདུན་བཅངས་ཡོད་ཟེར།

ཁ་རོག་གེར་ཡོད་ཚད་ཕུལ་བ་དེ་ནི་བརླན་ས་སྲུང་སྐྱོབ་བྱེད་པའི་ཆེད་ཡིན།

ཉེ་བའི་ཉིན་ཞིག་གི་དྲོར། ཆུ་དམར་ལེབ་རྫོང་འབའ་དགོན་ཡུལ་ཚོ་དམར་ཤུལ་སྡེ་བའི་རུ་ཁག་དང་པོ་རུ་སྡོད་པའི་སྐྱེ་ཁམས་སྲུང་སྐྱོབ་པ་བཀྲ་རྒྱམ་ཉིན་རྒྱུན་ལྟར་བདེ་ཆུའི་འགོ་ཁུངས་ཀྱི་རྒྱལ་ཁབ་བརླན་སར་ལྟ་སྲུང་བྱེད་དུ་ཡོང་། སེམས་ཧ་ཅང་ཞིབ་མོ་ཡིན་པའི་བཀྲ་རྒྱམ་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་བསྡད་དེ་རྒྱང་ཤེལ་བླངས་ནས་བལྟས་པ་ན། ཁྲུང་ཁྲུང་སྐེ་ནག་མོ་ཞིག་གིས་བརླན་སའི་དཀྱིལ་གྱི་སྤང་ཐང་དུ་སྒོ་ང་འཇོག་བཞིན་པ་མཐོང་བ་དང་། ཁྲུང་ཁྲུང་སྐེ་ནག་ཕོ་ཞིག་གིས་འཁྲིས་སུ་ཁ་རོག་གེར་སྲུང་སྐྱོབ་བྱེད་བཞིན་པ་མཐོང་བྱུང་།

བཀྲ་རྒྱམ་གྱིས་བཤད་རྒྱུར།    ང་ཚོས་ལྟ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད། ལོ་རེའི་ཟླ4པ་ནས་ཟླ5པའི་བར་ནི་ཁྲུང་ཁྲུང་སྐེ་ནག་གིས་བཟའ་ཟླ་འཚོལ་བ་དང་། སྒོ་ང་གཏོང་བ། བྱ་ཕྲུག་རུམ་པའི་དུས་ཚོད་ཡིན། ཁྲུང་ཁྲུང་སྐེ་ནག་གིས་རྒྱུན་དུ་ཚང་རེ་ནས་སྒོ་ང་གཉིས་རེ་གཏོང་བ་དང་སྒོ་ང་རུམ་པའི་དུས་ཚོད་ནི་ཟླ་བ་གཅིག་ཡས་མས་ཡིན་ཟེར།

ཁྲུང་ཁྲུང་སྐེ་ནག་གིས་སྒོ་ང་གཏོང་བའི་བརྙན་ཐུང་ལེན་ཐུབ་པ་བྱུང་རྗེས། བཀྲ་རྒྱམ་གྱིས་བརྙན་དེ་མྱུར་མོར་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་བྱ་བའི་སྐད་འཕྲིན་ཚོགས་པའི་ནང་བསྐུར་བ་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ལས་བྱེད་མི་སྣས་མྱུར་མོར་དོ་སྣང་བྱས། སྔོན་ལ་ཁྲུང་ཁྲུང་སྐེ་ནག་གི་སྒོ་ང་གཏོང་བའི་ས་ཁུལ་གྱི་མཐའ་འཁོར་དུ་སྲུང་སྐྱོབ་བྱེད་ཐབས་ལག་བསྟར་བྱས་ཏེ། དམར་ཕྱིའི་བརྙན་ལེན་འཕྲུལ་ཆས་སྒྲིག་སྦྱོར་བྱས་པ་དང་དེའི་རྗེས་སུ་ཁྲུང་ཁྲུང་སྐེ་ནག་གི་བདེ་འཇགས་བྱ་འགུལ་ས་ཁུལ་ལོགས་སུ་བཀར་ནས་སྤྱང་ཀི་དང་། ཝ་སོགས་སྲོག་ཆགས་ཀྱི་གནོད་འཚེ་མི་ཐེབས་པར་བྱས། དེ་དང་ཆབས་ཅིག སྐྱེ་ཁམས་ལྟ་སྲུང་མི་སྣས་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲུང་ཁྲུང་སྐེ་ནག་གི་འཚོ་གནས་དང་སྐྱེ་འཕེལ་ལ་རམ་འདེགས་བྱེད་གང་ཐུབ་བྱས།

བཀྲ་རྒྱམ་གྱིས་ཁྲུང་ཁྲུང་སྐེ་ནག་གི་གོམས་གཤིས་དེ་ལྟར་གསལ་པོར་ཤེས་པའི་རྒྱུ་མཚན་ནི།  ཁོ་ཉམས་མྱོང་ཕུན་སུམ་ཚོགས་པའི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན་པར་མ་ཟད། ད་དུང་དམར་ཤུལ་སྡེ་བའི་དུས་ཡུན་རིང་པོར་གཞི་རིམ་དུ་ཁ་ཕྱོགས་ནས་སྤེལ་བའི་རྨ་ཆུའི་འགོ་ཁུངས་ཀྱི་བརླན་ས་སྲུང་སྐྱོབ་དྲིལ་སྒྲོག་སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་ཡིན་པས། རྨ་ཆུའི་འགོ་ཁུངས་ཀྱི་བརླན་ས་སྲུང་སྐྱོབ་བྱེད་སྟངས་དེ་མི་རེ་རེའི་སེམས་སུ་ཟུག་པར་བྱས་ཡོད་པས་རེད།   

ཚང་མས་སེམས་ཤུགས་གཅིག་སྒྲིལ་གྱིས་རྨ་ཆུའི་ཆུ་འགོར་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དེ་ནི་ཀརྨ་དབང་ཕྱུག་གི་འབད་བརྩོན་དང་ཁ་འབྲལ་ཐབས་མེད། ཀརྨ་དབང་ཕྱུག་ནི་འབའ་དགོན་ཡུལ་ཚོ་དམར་ཤུལ་སྡེ་བར་སྡོད་པའི་ཧྲུའུ་ཅི་དང་པོ་ཡིན་པར་མ་ཟད། བརླན་སར་སྲུང་སྐྱོབ་བྱེད་མཁན་གྱི“རྒྱང་སྒྲོག་པ”དང་“སྒོ་སྲུང་བ”ཡང་བྱས་ཡོད་ལ། ཚང་མའི་སྣེ་ཁྲིད་དེ་རྨ་ཆུའི་འགོ་ཁུངས་ཀྱི་བརླན་སའི་སྟེང་གི་བྱ་དངོས་ཡོད་ཚད་ལ་སྐྱེ་སྟོབས་འབར་དུ་འཇུག་རྒྱུ་སེམས་ཀྱིས་སྲུང་ཡོད།

ཀརྨ་དབང་ཕྱུག་གི་ཁུག་མའི་ནང་དུ《རྨ་འབྲི་རྫ་གསུམ་ཆུ་བོའི་འགོ་ཁུངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལག་དེབ》བཅུག་ཡོད་ལ། དཔེ་ཆ་དེའི་ནང་དུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྟོང་ཕྲག་ལྷག་གི་འདྲ་པར་དང་མིང་ཟིན་ཐོར་བཀོད་ཡོད། དོ་དམ་སྲུང་སྐྱོང་པ་ཚོས་གསར་དུ་ཤེས་རྟོགས་བྱུང་བའི་སྲོག་ཆགས་དང་རྩི་ཤིང་གི་འདྲ་པར་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཚོགས་པའི་ནང་བསྐུར་བ་ན། ཀརྨ་དབང་ཕྱུག་གིས་པར་རིས་དང་ཞིབ་བསྡུར་ནན་མོ་བྱས་རྗེས་སྲོག་ཆགས་དང་རྩི་ཤིང་གི་མིང་རེ་རེ་བཞིན་སྐྱེ་ཁམས་དོ་དམ་ལྟ་སྲུང་པར་ལན་འདེབས་བཞིན་ཡོད།

ཉི་མ་རེ་རེ་བཞིན་ཕར་འདས་པ་ན་ཀརྨ་དབང་ཕྱུག་ཡང་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི “ཆེད་མཁས་པ”ལྟ་བུ་ཞིག་ཏུ་གྱུར་ཡོད།

བཀྲ་རྒྱམ་གྱིས་བཤད་རྒྱུར།    ཧྲུའུ་ཅི་ཀརྨ་ནི་ང་ཚོའི‘ཤེས་བྱ་ཀུན་བཏུས་ཆེན་མོ’ཞིག་དང་འདྲ་བར་ཁོ་དང་མཉམ་དུ་སྐོར་ཞིབ་བྱེད་ཐེངས་རེ་རེར་རི་ལྡེབས་སུ་སྡོང་ཕྲན་ཐུང་ཐུང་སྣ་ཚོགས་སྐྱེས་ཡོད་པ་ཚང་མའི་མིང་ཡང་ཁོས་ཤེས་ཀྱིན་ཡོད་པ་རེད། ཐ་ན་རྩི་ཤིང་ཁ་ཤས་ཀྱི་མིང་གི་ཐོགས་ཚུལ་དང་སྐྱེ་འཕེལ་གྱི་ཁྱད་ཆོས་ཀྱང་ཤེས་ཀྱི་ཡོད་པ་རེད་ཟེར།

དེ་ལས་གཞན་ད་དུང་སྡེ་བ་ཡོངས་ཀྱི་མི་སྔར་ལས་མང་པོ་རྨ་ཆུའི་འགོ་ཁུངས་ཀྱི་བརླན་ས་སྲུང་སྐྱོབ་བྱེད་པའི་ནང་ཞུགས་ཐུབ་པར་བྱ་ཆེད། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་མ་དངུལ་གྲབས་གསོག་བྱས་ཏེ། སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་འཛུགས་སྐྲུན་བྱས།

རྨིད་གྲུ་བཞི་མ40ཡོད་པའི་ཁང་པ་གཉིས་ཀྱི་ནང་དུ། ལྗང་མདོག་མ་གདན་བྱས་པའི་སྲོག་ཆགས་དང་རྩི་ཤིང་གི་དངོས་དཔེ་སྣ་ཚོགས་བསྒྲིགས་ཡོད་པ་དང་། དུས་མཚུངས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་མཆན་ཡང་བཀོད་ཡོད། གཟའ་མཇུག་སླེབས་ཐེངས་རེ་རེར་ཚན་རིག་ཁྱབ་གདལ་ཁང་ཆུང་ཆུང་དེ་རུ་སློབ་མ་དང་ཁྱིམ་བདག་མང་པོས་ཁེངས་འདུག

འབྲོག་པ་སྐལ་རྒྱལ་ཡིས་བཤད་རྒྱུར། ང་ཚོས་ས་ཆ་འདིར་འཚོ་བ་སྐྱེལ་བཞིན་ཡོད་པས། ས་ཆ་འདིར་རྒྱུས་ལོན་བྱེད་དགོས་པ་དང་། རྒྱུན་དུ་བྱིས་པ་ཁྲིད་དེ་ཚན་རིག་ཁྱབ་གདལ་ཁང་དུ་སློབ་སྦྱོང་བྱེད་པར་ཡོང་བཞིན་ཡོད་ལ། བྱིས་པས་སྲོག་ཆགས་དང་རྩི་ཤིང་དེ་དག་ངོས་ཟིན་ན། རྗེས་ཕྱོགས་རང་ཉིད་ཀྱི་ཁྱིམ་གཞིས་འདིར་སྔར་ལས་ལེགས་པོའི་སྒོ་ནས་སྲུང་སྐྱོབ་བྱེད་ཐུབ་ཟེར།

ཀརྨ་དབང་ཕྱུག་གིས་བཤད་རྒྱུར། དམར་ཤུལ་སྡེ་བ་བརླན་ས་དེའི་ནང་དུ་ཡོད་པས། ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་སྔར་ལས་ལེགས་པོར་སྒྲུབ་དགོས། ཉེ་བའི་ལོ་འགའི་རིང་། སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གིས་སྡེ་བའི་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་སྒོས་བརླན་ས་སྲུང་སྐྱོབ་བྱེད་པའི་བྱ་བ་མུ་མཐུད་དུ་འཐུས་ཚང་དང་ལེགས་བཅོས་བྱས་པ་དང་། ད་ལྟ་བརླན་སའི་རྩྭ་ཐང་ལ་སྲུང་སྐྱོབ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་སྡེ་བའི་འབྲོག་པ་ཚང་མའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད་ཟེར།

རྒྱུན་འཁྱོངས་ལྷོད་མེད་བྱེད་པ་ལྗང་མདོག་ཞིང་ཁམས་བསྐྲུན་ཆེད་ཡིན།

སྔོན་ཆད། ས་ནག་ཐང་ནི་རུལ་འགྱུར་བྱུང་བའི་རྨ་ཤུལ་དང་འདྲ་བར། རྩྭ་ཐང་གི་སྐྱེ་ཁམས་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། འབྲོག་པའི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་བཞིན་ཡོད་པས། རྨ་ཆུའི་མགོ་ཁུངས་ཀྱི་མི་རྣམས་ཀྱི་སེམས་ནད་ལྟ་བུར་གྱུར་ཡོད།

ཟླ་ལྔ་པའི་ཟླ་དཀྱིལ་དུ། ཆུ་དམར་ལེབ་རྫོང་ཆིག་སྒྲིལ་ཡུལ་ཚོའི་སྦུར་ཕུ་སྡེ་བ་རུ་ཐོན་པ་ན། དེང་མའི་ཐང་རྒོད་དུ་གྱུར་པའི་ས་ནག་ཐང་དེར། ལྗང་ནེམ་ནེམ་གྱི་རྩྭ་ལོས་རྔམ་མཐུག་པོའི་ས་གཞི་བརྟོལ་ནས་སྐྱེས་ཏེ་གསོན་ཤུགས་གསར་པས་ཁེངས་འདུག    

ཆིག་སྒྲིལ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཚེ་དབང་གིས་བཤད་རྒྱུར། མཐོ་སྒང་གི་གནམ་གཤིས་རྩུབ་ཅིང་འགྱུར་ལྡོག་ཆེ་བས། སྐྱེ་ཁམས་མ་ལག་ལ་གཏོར་སྐྱོན་ཐེབས་ཚེ་སླར་གསོ་བྱེད་དཀའ། ཆིག་སྒྲིལ་ཡུལ་ཚོར་བསྡོམས་པས་སྦུར་ཕུ་སྡེ་བ་དང་སྐྱ་འཁྱོག་སྡེ་བ། གད་དམར་སྡེ་བ་བཅས་སྡེ་བ་གསུམ་ཡོད། སྔོན་ཆད་ཕྱུག་ཟོག་ཚད་བརྒལ་འཚོས་པ་དང་། ནམ་ཟླའི་འགྱུར་ལྡོག     ས་ཆུ་ཤོར་བ་སོགས་རྒྱུ་རྐྱེན་གང་མང་འོག    རྩྭ་ས་མང་ཆེ་ཤོས་ས་ནག་ཐང་དུ་གྱུར་བ་རེད། དུས་ཚོད་ཇེ་རིང་དུ་སོང་ན་ས་ནག་ཐང་དེ་བྱེ་འགྱུར་ཚབས་ཞིང་།   ཡུལ་ཚོ་ཡོངས་ཀྱི་ས་ནག་ཐང་དང་བྱེ་འགྱུར་རྒྱ་ཁྱོན་གྱིས་ཡུལ་ཚོ་ཡོངས་ཀྱི་རྩྭ་སའི་རྒྱ་ཁྱོན་ལས་བརྒྱ་ཆའི་སོ་གཉིས་ཟིན་ཡོད་ཅེས་ངོ་སྤྲོད་བྱས།

སྔོན་ཆད་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་ཁུར་མྱོང་བའི་རྟ་མགྲིན་ཚེ་རིང་གིས་སྔོན་ཆད་ཀྱི་རྣམ་པར་ཕྱིར་དྲན་བྱེད་ཞོར། དེང་མ་གནས་འདི་ནས་རྩྭ་འདེབས་རྒྱུ་ཕར་ཞོག    རླུང་ཆེན་ཞིག་གཡུགས་ན་སྟེང་ངོས་ཀྱི་ས་རྡུལ་རླུང་གིས་ཁུར་ནས། ཁ་ངོ་ཡང་ས་རྡུལ་གྱིས་གཡོགས་འགྲོ་ཞེས་སེམས་འགུལ་ཐེབས་པའི་ངང་བཤད་བྱུང་།

རྨ་ཆུའི་མགོ་ཁུངས་བརྟན་སྲུང་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་ནས་བྱེ་བཅོས་ཀྱི་དཀའ་གནད་ལ་ཁ་གཏད་ན། ཆིག་སྒྲིལ་ཡུལ་ཚོའི་སྲིད་གཞུང་གི་སྐབས་རིམ་བྱུང་གིས་རིམ་པ་བཞིན་བསྒྲུབས་ནས་འཆར་འགོད་རི་མོ་ཞིག་རྒྱུན་མཐུད་སྒོས་བྲིས་ཡོད། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཚུན་དུ། ས་དཀར་ལུང་པའི་རྨིད་ངོས་སྙོམ་གྲུ་བཞི་མ་སུམ་ཅུ་ཅན་གྱི་ཉམས་གསོ་བཅོས་སྐྱོང་ལས་གཞི་བདེ་བླག་ངང་ཡོངས་འགྲུབ་བྱས་ཤིང་། བཅོས་སྐྱོང་བྱས་ཟིན་པའི་ཁུལ་ཁོངས་ནས་རྩྭ་འདེབས་པ་དང་ལྕགས་ར་སྐོར་བ་སོགས་ཀྱི་སྲ་བརྟན་ལས་གཞི་ལག་བསྟར་བྱས་པ་བརྒྱུད། ལས་གཞི་ལག་བསྟར་ས་ཁུལ་ཡུན་རིང་བཀག་སྡོམ་གསོ་སྐྱོང་ཁུལ་དུ་འགྱུར་བར་བྱས་ཏེ། མཚོན་རྟགས་སྒྲིག་འགོད་དང་ཉེན་བརྡའི་ཁུལ་བཀོད་སྒྲིག་བྱས་ནས། ཉེན་བརྡའི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱས།

 གསར་འགོད་པ་རྟ་མགྲིན་ཚེ་རིང་དང་མཉམ་དུ་སྦུར་ཕུ་སྡེ་བའི་ས་མུའུ་ཁྲི་ཅན་གྱི་གཟན་རྩྭའི་རྟེན་གཞི་རུ་ཐོན་པ་ན།  སྔོན་ཆད་ཀྱི་ས་ནག་ཐང་དེ་བཅོས་སྐྱོང་བྱས་པའི་རྗེས་སུ་སྔོ་ལྗང་གི་རྩྭ་རར་གྱུར་འདུག

རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཆེད། ང་ཚོས་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་སྣེ་ཁྲིད་འོག ས་ནག་ཐང་དུ་རྩྭ་བཏབ་ནས་ལྗང་སྒྱུར་བྱེད་པའི་སྐྱེ་ཁམས་བཅོས་སྐྱོང་གི་ལམ་དུ་ཞུགས་པས། དེང་མའི་རྩྭ་ཆུ་ཉིས་འཛོམས་ཀྱི་རྣམ་པ་དེ་དལ་མོར་མངོན་བཞིན་ཡོད་ཅེས་རྟ་མགྲིན་ཚེ་རིང་གིས་དེ་ལྟར་བཤད་བྱུང་།

ད་ལྟ། འདི་ལྟ་བུའི་ས་མུའུ་ཁྲི་ཅན་གྱི་གཟན་རྩྭའི་རྟེན་གཞི་ཆིག་སྒྲིལ་ཡུལ་ཚོའི་སྡེ་བ་སོ་སོར་མཐོང་རྒྱུ་ཡོད། 2022ལོའི་ཚུན་དུ། ཆིག་སྒྲིལ་ཡུལ་ཚོས་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་གྱི་འཕེལ་རྒྱས་འདུ་ཤེས་ལྟར། ཡུལ་ཚོ་ནང་ཁུལ་གྱི་ས་ནག་ཐང་ཁ་ཤས་བེད་སྤྱད་དེ། ཡུག་རྩྭ་སོགས་ཚོད་ལྟར་འདེབས་པའི་ལས་གཞི་ལག་བསྟར་བྱས་ཏེ།   མིའི་འདེབས་འཛུགས་ཀྱི་ཐབས་ལམ་ལ་བརྟེན་ནས་རང་བྱུང་རྩྭ་ས་སླར་གསོ་བྱས་པས། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་མངོན་འགྱུར་བྱུང་བར་མ་ཟད། རྒྱུན་མཐུད་ཐུབ་ཅིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་རྙེད་ཡོད།

ཚེ་དབང་གིས་བཤད་རྒྱུར། ང་ཚོས་འདེམ་པའི་ཡུག་རྩྭ་སོགས་ལ་ཐན་པ་དང་གྲང་ངར། བ་ཚྭ་བཅས་འགོག་པའི་ཁྱད་ཆོས་ལྡན་པས། མཚོ་འཕང་མཐོ་བའི་ས་ཁུལ་དུ་འདེབས་པར་ཧ་ཅང་འཚམ་པོ་ཡོད་ཅིང་།     དུས་མཉམ་དུ།    བསྐྱར་འདེབས་དང་རེས་སྐོར་ཀྱི་བྱེད་ཐབས་བརྒྱུད། གཟན་རྩྭ་འདེབས་འཛུགས་བྱེད་པའི་བརྒྱུད་རིམ་ཁྲོད་ས་གཤིས་སྟོབས་ཤུགས་ཇེ་ཞན་དུ་འགྱུར་བགདང་།   གཟན་རྩྭའི་སྤུས་ཚད་ཞན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས། ས་ནག་ཐང་བཅོས་སྐྱོང་བྱ་བའི་བརྟན་འཇགས་རང་བཞིན་ལ་འགན་སྲུང་བྱས་ཡོད་ཟེར།

རིན་ཆེན་འཚོ་དང་། ཚེ་རིང་སྒྲོལ་མ། རིག་འཛིན་སྒྲོལ་མ་བཅས་ཀྱིས་བསྒྱུར།