ནག་རི་ཆུ་ནག་ཁའི་སྐྱེ་ཁམས་ཁོར་སྲུང་བའི་འགྱུར་མེད་ཀྱི་བརྩེ་བ།
2024.05.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

འབྲོག་པ་རྣམས་ཀྱིས་གད་སྙིགས་འཐུ་བའི་རླངས་འཁོར་གྱི་རུ་ཁག

ཁོ་ཚོ་ནི་རྒྱལ་ལམ109སྟེང་གི་ཆེས་མཛེས་པའི་ཡུལ་ལྗོངས་རེད།

ཟླ5པའི་ཚེས23ཉིན་གྱི་ཞོགས་པར། ཆུ་དམར་ཞང་མདོ་ཕྱུགས་སྡེ་བའི་འབྲོག་མི་ཚེ་བྷ་དང་ཚེ་དབང་བསྟན་འཛིན་གཉིས་ཀྱིས་འཕྲུལ་རྟ་ཞོན་ནས་ནག་རི་ཆུ་ནག་ཁའི་དོ་དམ་ས་ཚིགས་སུ་སླེབས། དོ་དམ་ས་ཚིགས་ཀྱི་ཁོར་སྲུང་བ་བྱང་སྟོད་ཚེ་རིང་གིས་མཐོང་མ་ཐག་མྱུར་མོར་ཁོ་གཉིས་ཀྱི་མདུན་དུ་སོང་སྟེ། ཚེ་བྷ་དང་ཚེ་དབང་བསྟན་འཛིན་གཉིས་ལ་རོགས་བྱས་ནས་འཕྲུལ་རྟའི་གོང་གི་གད་སྙིགས་ཁུག་མ་གཉིས་པོ་ས་ལ་ཕོག་ཅིང་། རྒྱུས་མངའ་ཡོད་པའི་སྒོ་ནས་གད་སྙིགས་རིགས་དབྱེ་བྱས།

མཚོ་འཕང་སྨི་སྟོང་བཞི་དང་ལྔ་བརྒྱ་ཞེ་གསུམ་དང་གྲངས་ཆུང་གཉིས་ཡོད་པའི་ནག་རི་ཆུ་ནག་ཁ་ནི་ཁུ་ནུའི་གཡུ་འབྲུག་ལྷ་རྩེའི་འདབས་རོལ་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྲུང་སྐྱོབ་ཁུལ་དང་ཨ་ཆེན་གངས་རྒྱབ་ཀྱི་སྲུང་སྐྱོབ་ཁུལ་གྱི་འབྲེལ་མཚམས་སུ་ཆགས་ཡོད། ས་འདིའི་གནམ་གཤིས་མི་བཟང་ཞིང་། འཁྱགས་གྲང་ཆེ་ལ་དབྱང་དབུགས་དཀོན་པ་དང་། དགུན་དཔྱིད་ལ་ཁ་ཆར་བུ་ཡུག་འཚུབ་ཅིང་དབྱར་སྟོན་གྱི་ནམ་ཟླར་འགྱུར་ལྡོག་ཆེ་བར་མ་ཟད། ནམ་རྒྱུན་ཆར་རླུང་དྲག་པོའི་འཇིགས་པ་ཐེབས་བཞིན་ཡོད་ལ། མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་ལམ་གཉིས་ཏག་ཏག་གནས་འདིར་བརྒྱུད་ནས་ཡོད།

དབྱང་དབུགས་ཧ་ཅང་དཀོན་ལ་གནམ་གཤིས་མི་བཟང་བ་དང་། ཆ་རྐྱེན་ཧ་ཅང་ཞན་པའི་ས་ཆ་འདིར་གསོན་ཉམས་ཀྱིས་ཕྱུག་པའི་སྐྱེ་ཁམས་ཁོར་སྲུང་རུ་ཁག་གཉིས་ཡོད་པ་དང་། ཁོ་ཚོས་ལོ་རྒྱུན་དུ་གནས་འདི་ནས་འབད་བརྩོན་བྱས་ཤིང་དཀའ་བ་སྤྱད་ལ། བརྟན་སྲུང་བྱས་པ་བཅས་ནི་དག་གཙང་གི་ཞིང་ཁམས་འདིར་སྲུང་སྐྱོབ་གང་ལེགས་བྱེད་པའི་ཆེད་དུ་ཡིན།

རུ་ཁག་འདི་གཉིས་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ནག་རི་ཆུ་ནག་ཁའི་དོ་དམ་ས་ཚིགས་དང་། དེ་དང་བར་ཐག་སྤྱི་ལེ་དགུ་བཅུ་ལྷག་ཡོད་པའི་ཆུ་དམར་ལེབ་རྫོང་སྨུག་པ་ལ་སྒང་དོ་དམ་ས་ཚིགས་གཉིས་ཡིན། ས་ཚིགས་གཉིས་པོར་ཁྱོན་བསྡོམས་སྐྱེ་ཁམས་ཁོར་སྲུང་བ་བརྒྱད་ཡོད་ལ། ས་ཚིགས་རེར་མི་བཞི་རེ་ཡོད་པ་དང་། ཚང་མ་ཆུ་དམར་ལེབ་རྫོང་ཆུ་དམར་ཞང་མདོ་ཕྱུགས་སྡེ་བ་ནས་ཡོང་བའི་འབྲོག་མི་དག་དག་རེད།

ནག་རི་ཆུ་ནག་ཁའི་དོ་དམ་ས་ཚིགས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྟོང་གསུམ་དང་བརྒྱ་དང་གོ་ལྔ་ཡོད་ཅིང་། དེར་གད་སྙིགས་བརྒྱུད་འདྲེན་ས་ཚིགས་དང་གད་སྙིགས་རིགས་དབྱེ་བཟོ་གྲྭ། ལས་བཟོ་པའི་ཉལ་ཁང་བཅས་བཀོད་སྒྲིག་བྱས་ཡོད་པར་མ་ཟད། ད་དུང་གད་སྙིགས་དབོར་སྐྱེལ་རླངས་འཁོར་དང་གད་སྙིགས་སྒམ། གད་སྙིགས་བཙིར་གནོན་ཆས་སོགས་སྒྲིག་ཆས་ཀྱང་བཀོད་སྒྲིག་བྱས་ཡོད།

བྱང་སྟོད་ཚེ་རིང་གིས་བཤད་རྒྱུར། ཚེ་བྷ་དང་ཚེ་དབང་བསྟན་འཛིན་གཉིས་ནི་ང་ཚོའི་སྡེ་བའི་སྐྱེ་ཁམས་ཁོར་སྲུང་བ་ཡིན་པ་དང་། ཁོ་གཉིས་ཀྱིས་ནམ་རྒྱུན་དུ་སྡེ་མཐའི་གད་སྙིགས་འཐུ་བཞིན་ཡོད་ལ། གད་སྙིགས་འཐུས་ཚར་རྗེས་ང་ཚོའི་ས་ཚིགས་འདིར་སྐྱེལ་ཡོང་བ་དང་། ང་ཚོས་གད་སྙིགས་དག་རིགས་དབྱེ་ནས་གཅིག་སྡུད་ཀྱིས་ཐག་གཅོད་བྱས་པ་ཡིན་ཟེར།

ནག་རི་ཆུ་ནག་ཁ་དང་སྨུག་པ་ལ་སྒང་གཉིས་ནི་སྲིད་འཛིན་ས་ཁུལ་མིན་པར་མཚོ་བོད་གཞུང་ལམ་འགྲམ་རྒྱུད་དུ་རང་འགུལ་གྱིས་ཆགས་པའི་འདུས་སྡོད་ཁུལ་ཞིག་ཡིན་པ་དང་། ཆུ་དམར་ལེབ་རྫོང་མཁར་དང་བར་ཐག་སྤྱི་ལེ་བཞི་བརྒྱ་ཡས་མས་ཤིག་ཡོད་ལ།  ཁུལ་ཁོངས་ཁ་ཤས་ཆུ་དམར་ལེབ་རྫོང་ཆུ་དམར་ཞང་གི་ཁོངས་སུ་གཏོགས། ས་ཁམས་གནས་ཡུལ་དམིགས་བསལ་ཡིན་པར་མ་ཟད། ད་དུང་ཉིན་རེར་རླངས་འཁོར་སྟོང་ཕྲག་འགའ་གནས་འདིར་བརྒྱུད་དེ་འགྲོ་བཞིན་ཡོད་པས་ས་ཁུལ་འདིའི་གད་སྙིགས་ཐག་གཅོད་བྱེད་རྒྱུ་དེ་དཀའ་གནད་ཞིག་ཏུ་གྱུར་ཡོད།

ཆུ་དམར་ཞང་གི་ཏང་ཨུའི་ཧྲུའུ་ཅི་རྡོ་རྗེ་དགྲ་འདུལ་གྱིས་བཤད་རྒྱུར། ང་ཚོས་ཟླ་རེར་སྐྱེ་ཁམས་ཁོར་སྲུང་བ་རྩ་འཛུགས་བྱས་ནས་ནག་རི་ཆུ་ནག་ཁ་དང་སྨུག་པ་ལ་སྒང་གི་ཁུལ་ཁོངས་སུ་གད་སྙིགས་གཙང་སེལ་གྱི་བྱ་བ་སྤེལ་བ་ཡིན་མོད། འོན་ཀྱང་། གོང་གི་ངེས་མེད་རྒོལ་རྡུལ་ལྟ་བུའི་བྱེད་ཐབས་ཀྱིས་ཁུལ་ཁོངས་འདི་གཉིས་ཀྱི་གད་སྙིགས་གནད་དོན་ཐག་གཅོད་དཔྱིས་ཕྱིན་པ་ཞིག་བྱེད་དཀའ་མོ་རེད་ཟེར།

གནད་དོན་འདིར་ཆུ་དམར་ལེབ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་མཐོན་པོའི་མཐོང་ཆེན་བྱས་ཤིང་། 2019ལོ་ནས་བཟུང་། བརྟག་དཔྱད་ཞིབ་འཇུག་དང་འཚོལ་ཞིབ་ནན་མོ་བྱས་པ་བརྒྱུད་དེ། སྨུག་པ་ལ་སྒང་དང་ནག་རི་ཆུ་ནག་ཁའི་དོ་དམ་ས་ཚིགས་འཛུགས་རྒྱུའི་ཐག་བཅད་པ་དང་། དོ་དམ་ས་ཚིགས་ཀྱིས་འདུས་སྡོད་ཁུལ་གྱི་ཁྲོམ་རའི་དོ་དམ་དང་། ཁོར་ཡུག་དག་ཐེར་བཅོས་སྐྱོང་། བདེ་སྲུང་དོགས་ཟོན་སོགས་ཀྱི་བྱ་བར་འགན་ཁུར་བཞིན་ཡོད་ལ། དེར་གད་སྙིགས་བརྒྱུད་འདྲེན་ས་ཚིགས་བཙུགས་ཡོད་ཅིང་། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་སྡེ་ཁག་གི་ལྟ་སྐུལ་དོ་དམ་འོག་ཏུ་ཚད་ལྡན་འཁོར་རྒྱུག་བྱེད་ཀྱིན་ཡོད། དེ་དང་མཉམ་དུ། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱབ་བརྟེན་དུ་བྱས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཀུང་ཟི་བཙུགས་པ་དང་། ཆེད་དུ་ཁུལ་ཁོངས་ཀྱི་གད་སྙིགས་གཙང་སེལ་དང་དབོར་སྐྱེལ་སོགས་ཀྱི་བྱ་བར་འགན་ཁུར་བཞིན་ཡོད། ཡུལ་ཚོའི་ཏང་ཨུའི་སྲིད་གཞུང་གིས་སྐྱེ་ཁམས་ཁོར་སྲུང་བ་རྩ་འཛུགས་བྱས་ཏེ། རྒྱུན་ལྡན་སྒོས་བགྲོད་ལམ་འགྲམ་གཉིས་ཀྱི་གད་སྙིགས་གཙང་དག་བྱེད་པའི་བྱ་བ་སྒྲུབ་ཀྱིན་ཡོད།

གད་སྙིགས་རིགས་དབྱེ་བྱས་ཚར་རྗེས། བྱང་སྟོད་ཚེ་རིང་དང་ཁོའི་གྲོགས་པོ་གསུམ་གྱིས་སྲིང་བལ་གྱི་སྟོད་ལྭ་མཐུག་པོ་རེ་གྱོན་ཞིང་ལག་ཤུབས་གོན་པ་དང་། གད་སྙིགས་དབོར་སྐྱེལ་རླངས་འཁོར་ཆུང་བ་ཞིག་བསྐོར་ནས་ལམ་ལ་ཆས།

རླངས་འཁོར་སྐོར་ནས་བར་ཐག་ངེས་ཅན་ཞིག་ལ་སླེབས་རྗེས། དངོས་སྐྱེལ་རླངས་འཁོར་ཆེ་བ་འདུས་སྡོད་བྱེད་པའི་གནས་ཤིག་ནས་བསྡད་པ་དང་།དངོས་སྐྱེལ་རླངས་འཁོར་ཁ་ལོ་བ་འགའ་རེས་རླངས་འཁོར་ནང་དུ་ངལ་གསོས་འདུག བྱང་སྟོད་ཚེ་རིང་གིས་རླངས་འཁོར་ནང་ནས་ཁུག་མ་ཞིག་བླངས་ཏེ། དངོས་སྐྱེལ་རླངས་འཁོར་ཁ་ལོ་བའི་རླངས་འཁོར་གྱི་སྒོ་རྡུང་ནས་ཁོ་ཚོའི་རླངས་འཁོར་ནང་གི་གད་སྙིགས་བསྡུ་གསོག་བརྒྱབ།

བྱང་སྟོད་ཚེ་རིང་གིས་གད་སྙིགས་བསྡུ་ཞོར་དུ་ཁ་ལོ་བར་བསྒྲགས་རྒྱུར། གནས་འདི་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ཡིན་ལ། ཨ་ཆེན་གངས་རྒྱབ་ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་ཡང་ཡིན་པས། གནས་འདིའི་སྐྱེ་ཁམས་ཁོར་ཡུག་ལ་ང་ཚོ་ཐུན་མོང་གིས་སྲུང་སྐྱོབ་བྱེད་དགོས་པ་དང་། ཚང་མས་རང་རྟོགས་སྒོས་གད་སྙིགས་དག་གད་སྙིགས་སྣོད་དུ་གཡུགས་རོགས་གནོངས་ཟེར།

བྱང་སྟོད་ཚེ་རིང་གི་སྐད་ཆར་ཉན་རྗེས། དངོས་སྐྱེལ་རླངས་འཁོར་ཆེ་བའི་ཁ་ལོ་བ་དག་གིས་ཁས་ལེན་བྱས་ནས་བསྟོད་པའི་མཐེ་བོང་བསྒྲེངས། བྱང་སྟོད་ཚེ་རིང་གིས་རང་གི་སྐད་ཆར་ཁས་ལེན་ཐོབ་པ་མཐོང་དུས་གདོང་ལ་དགའ་བའི་འཛུམ་མདངས་རྒྱས།

བྱང་སྟོད་ཚེ་རིང་གིས་བཤད་པའི་སྐད་ཆ་དེ་གནས་སྐབས་སུ་ནུས་པ་འདོན་སྤེལ་བྱས་པ་མིན་པར་སྔོན་ནས་གྲ་སྒྲིག་བྱས་ཡོད་དེ། ཁོར་སྲུང་ས་ཚིགས་ཀྱི་མི་ཚང་མས་བློར་འཛིན་ཐུབ་ལ། དེའི་དམིགས་ཡུལ་ནི་ལམ་བར་གྱི་ཁ་ལོ་བས་གད་སྙིགས་གང་སར་མི་འཕེན་པར་ཁ་ཏ་བྱེད་ཆེད་ཡིན།

བྱང་སྟོད་ཚེ་རིང་གིས་ང་རྒྱལ་དང་བཅས་ཏེ་བཤད་རྒྱུར། ང་ཚོའི་ཁ་ཏས་བྱེད་ནུས་ངེས་ཅན་ཐོན་ཡོད་དེ། ད་བར་ཚང་མས་རང་རྟོགས་སྒོས་གད་སྙིགས་དག་གད་སྙིགས་སྣོད་དུ་འཕེན་སྲིད་ལ། ཁ་ལོ་བ་འགའ་རེས་གང་སར་གཡུགས་པའི་གད་སྙིགས་མཐོང་ན་རང་འགུལ་གྱིས་འཐུ་ངེས་ཡིན་ཟེར།

གད་སྙིགས་བསྡུས་ཚར་རྗེས། བྱང་སྟོད་ཚེ་རིང་དང་ཁོའི་གྲོགས་པོ་གསུམ་གྱིས་རླངས་འཁོར་བསྐོར་ནས་མུ་མཐུད་དུ་མདུན་ཕྱོགས་སུ་བསྐྱོད་དེ་ནག་རི་ཆུ་ནག་ཁའི་ཚོང་ཁང་སྒོ་མདུན་གྱི་གད་སྙིགས་བསྡུས། ཚོང་བདག་རྣམས་ཀྱིས་བྱང་སྟོད་ཚེ་རིང་ལ་བརྩེ་བ་ཆེན་པོས་ཁམས་འདྲི་བྱས་ཤིང་། དེ་ནས་བདག་བྱས་པའི་གད་སྙིགས་དག་གད་སྙིགས་དབོར་སྐྱེལ་རླངས་འཁོར་ནང་དུ་བླུགས།

ནག་རི་ཆུ་ནག་ཁ་ནས་སྒོ་རྩིས་ཚོང་ཁང་ཕྱེས་ཏེ་ལོ་ངོ་བཅུ་ལྷག་འགོར་བའི་ཚོང་བདག་མ་ཞིག་གིས་བཤད་རྒྱུར།  ད་བར་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཅིང་། ཁོ་ཚོས་དཀའ་ལས་མྱངས་པ་དག་ང་ཚོས་མིག་གིས་མཐོང་ཡོད་དེ། ཁོ་ཚོས་དཀའ་ལས་མྱངས་མེད་ན། ད་ལྟའི་དག་གཙང་གི་ཞིང་ཁམས་འདི་ཡོད་མི་སྲིད་ཟེར།

ཉིན་གང་བོར་ལས་ཀ་ལས་བས་བྱང་སྟོད་ཚེ་རིང་གི་དཔྲལ་བ་ནས་སྲག་རྡོག་ལྟ་བུའི་རྔུལ་ཆུ་ཐིགས་པ་ཅིག་བཞུར་བྱུང་ལ། ཁོས་བཤད་རྒྱུར། ང་ཚོ་ཆུང་དུས་སུ་འབྲོག་ཕྱོགས་ནས་འཚར་ལོངས་བྱུང་བས་མཚོ་འཕང་མཐོ་བའི་ས་ཁུལ་གྱི་ནམ་ཟླར་འཕྲོད་མོད། འོན་ཀྱང་། ཉིན་གང་བོར་འདི་ལྟར་བྱ་བ་བསྒྲུབས་ན་ངོ་མ་ཐང་ཆད་ནི་ཞིག་རེད་ཟེར།

བྱ་བ་འདིར་དཀའ་ཁག་ཅི་འདྲ་ཆེ་རུང་། བྱང་སྟོད་ཚེ་རིང་གིས་སྔར་བཞིན་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་དེ། རྒྱུ་མཚན་འདི་ནི་བྱ་བ་གཅིག་པུ་མིན་པར་འགན་འཁྲི་དང་ཁག་ཁུར་ཞིག་ཀྱང་རེད།  ཉི་མ་ནུབ་རིར་ཡལ་བ་དང་བསྟུན་ནས། བྱང་སྟོད་ཚེ་རིང་དང་གྲོགས་པོ་རྣམས་དོ་དམ་ས་ཚིགས་སུ་ལོག་པ་དང་། ཁོས་དོ་དམ་ཉིན་ཐོ་བླངས་ནས་ཉིན་གཅིག་གི་བྱ་བ་ཟིན་ཐོར་བཀོད།

ཉིན་ཐོ་ཚང་མར་ཕྱིར་བལྟ་རེ་བྱས་ན། ཚོང་བདག་རྩ་འཛུགས་བྱས་ནས་སྒོ་མདུན་གཙང་ཕྱགས་བྱས་པ་དང་། སྤྱི་སྤྱོད་ཁང་གཙང་ཕྱགས་བྱས་ལ། ལམ་འགྲམ་གྱི་གད་སྙིགས་འཐུས་པ་སོགས་ཉིན་རེ་རེར་བྲིས་པའི་ནང་དོན་ཕལ་ཆེར་འདྲ་འདྲ་ཡིན་མོད། ཡིན་ཡང་། བལྟས་ན་སླ་ཞིང་བྲོ་བ་མེད་ལ་བསྐྱར་ཟློས་ཀྱི་ལས་ཀ་འདི་དག་གིས་འགན་འཁྲིའི་འདུ་ཤེས་དང་བརྟན་སྲུང་གི་སྙིང་སྟོབས་སྔར་ལས་མངོན་ཐུབ།

ས་ཐག་རིང་ཞིང་འགྲིམ་འགྲུལ་སྟབས་བདེ་མིན་པའི་ཡུས་ཧྲུའུ་ཁུལ་ཆུ་དམར་ལེབ་རྫོང་ལ་ཆ་རྐྱེན་གྱི་ཚད་བཀག་ཡོད་ཀྱང་། གད་སྙིགས་གཙང་སེལ་དང་ཚད་ཇེ་ཉུང་དུ་གཏོང་བ། ཕྱིར་བསྡུ་དང་རིགས་དབྱེ། གད་སྙིགས་ཐག་གཅོད་ཀྱི་ནུས་པ་མཐོར་འདེགས་སོགས་གད་སྙིགས་བཅོས་སྐྱོང་ཐད་ཀྱི་རྣམ་འགྱུར་དང་འགུལ་སྐྱོད་དེར་ནམ་ཡང་འགྱུར་བ་མེད།  ཁོ་ཚོས་རང་བྱུང་ལ་བརྩི་བཀུར་བྱེད་པ་དང་། རང་གི་མིག་ལ་སྲུང་སྐྱོབ་བྱེད་པ་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཅིང་། རང་གི་ཚེ་སྲོག་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཀྱི་སེམས་ཀྱི་གཏིང་རིམ་དུ་ཟུག་ཡོད་པར་བརྟེན།  ཁོ་ཚོས་མཛེས་པའི་ཁྱིམ་གཞིས་སྲུང་བར་སྐུལ་འདེད་གཏོང་བཞིན་ཡོད།

ལྷ་མོ་འཚོས་བསྒྱུར།