མཐོ་སྒང་གི་མཐིང་མདོག་ནོར་བུ་དྭངས་གསལ་དུ་བསྒྱུར་བ་སྟེ་མཚོ་སྔོན་པོའི་སྲུང་སྐྱོབ་ཀྱི་གནས་ཚུལ་ཆེད་བཀོད།
2024.06.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

 མིག་ལམ་དུ་མངོན་པའི་མཚོ་སྔོན་པོ་ཁོད་ཡངས་ཤིང་མུ་མཐའ་མེད་པ་ལྟ་བུར་སྣང་། མཚོ་ངོས་ནི་རྒྱང་ལ་འཐེན་པའི་དར་གོས་ཤིག་དང་འདྲ་བར་རྒྱང་རིང་གི་གངས་རིར་འབྲེལ་ཏེ། ནམ་མཁའི་མཐའ་དང་འདྲེས་ཡོད་ལ། རི་མོ་ལྟར་མཛེས་པའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་གྲུབ་པར་བྱས་ཡོད།

མཚོ་སྔོན་པོ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་ཚྭ་མཚོ་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི70ལྷག་ཡོད་ལ། མཚོ་སྔོན་ཞིང་ཆེན་ཞེས་པའང་དེ་ལས་ཐོགས་པ་རེད། ནམ་ཟླའི་འགྱུར་ལྡོག་དང་མིའི་རིགས་ཀྱི་ཤུགས་རྐྱེན་དབང་གིས་མཚོ་སྔོན་པོའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་དེ་དུས་སྐབས་ཤིག་ལ་ཇེ་སྡུག་ཏུ་འགྲོ་བའི་སྣང་ཚུལ་བྱུང་། ཆུ་གནས་བསྟུད་མར་ཇེ་དམའ་རུ་སོང་བ་དང་། ས་ཞིང་བྱེ་འགྱུར་ཅན་གྱི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཇེ་ཆེར་སོང་ལ། རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དཀོན་པོའི་རིགས་ཀྱི་ཁ་གྲངས་ཇེ་ཉུང་དུ་སོང་།

མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དང་བསྐྱར་དུ་ས་དེའི་ཏང་སྲིད་མགོ་ཁྲིད་བློ་མཐུན་ལ། སྐྱེ་ཁམས་ནི་ཐོན་ཁུངས་དང་རྒྱུ་ནོར་ཡིན་པ་དང་། ང་ཚོའི་གཏེར་ཁ་ཡིན། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་ཐད་ཀྱི་འཐབ་ཇུས་གོ་གནས་ཧ་ཅང་གལ་ཆེན་ཡིན་ལ་གལ་འགངས་ཧ་ཅང་ཆེ་བས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཟང་བོ་དང་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་གང་ལེགས་བྱེད་དགོས་ཞེས་ངག་བཅོལ་མཛད་མྱོང་།

ད་ལྟའི་མཚོ་སྔོན་པོས་རི་ཆུ་ནགས་གསུམ་དང་ཞིང་མཚོ་རྩྭ་གསུམ། བྱེ་མ་དང་འཁྱག་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་ལ་བརྟེན་ནས་བརླན་སའི་རྣམ་པ་ཅན་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་འབྲི་བཞེངས་བྱེད་བཞིན་ཡོད། ཆུ་སྤུས་བཟང་བའི་ཚད་བརྒྱ་ཆའི་བརྒྱ་ཡིན་པ་དང་། རྩྭ་སའི་ཕྱོགས་བསྡུས་སྤང་ཤུན་གྱི་ཁེངས་ཚད་བརྒྱ་ཆའི་དྲུག་ཅུ་ཡིན་ལ། བརླན་སའི་སྲུང་སྐྱོབ་ཀྱི་ཚད་བརྒྱ་ཆའི་རེ་དགུ་ཡིན།

རྩྭ་ཐང་དང་ཆུ་བོ། མཚོ་མོ། ཉ་རིགས། འདབ་ཆགས་བཅས་མཉམ་དུ་འཚོ་བའི་སྐྱེ་ཁམས་མུ་འབྲེལ་དེ་དོ་མཉམ་དུ་འགྱུར་བཞིན་ཡོད། གསར་འགོད་པས་ཉེ་སྔོན་མཚོ་འགྲམ་ས་ཁུལ་དུ་བཅར་འདྲི་བྱེད་སྐབས། སྔོ་ཞིང་དྭངས་པའི་ཆུ་དང་འཕུར་ལྡིང་གར་ལ་རྩེན་པའི་འདབ་ཆགས། འཁྱུག་འགྲོས་གར་ལ་རོལ་བའི་གསེར་ཉ། འབྲོག་པའི་འཛུམ་ཞལ་དྲོན་མོ་བཅས་ཉམས་སུ་མྱོང་ཐུབ་པ་བྱུང་། མཐོ་སྒང་གི་མཐིང་མདོག་གི་ནོར་བུ་སྟེ་མཚོ་སྔོན་པོར་རླབས་གཉེར་གཡོ་ཞིང་གཟི་བྱིན་སྔར་ལས་རྒྱས་ཡོད།

མཚོ་རྒན་མ་དྭངས་གསལ་དུ་གྱུར།

དབྱར་ཁའི་མཚོ་སྔོན་པོའི་ཁེ་རམ་ཐང་ཧྲིལ་བོ་སྔོ་ལྟེམ་མེར་མངོན་པ་དང་། མཚམས་རེར་ཆུ་བྱ་མཚོ་ངོས་སུ་འཕུར་ལྡིང་བྱེད་བཞིན་ཡོད་ལ། གསེར་མདོག་གི་རླབས་གཉེར་གཡོ་བཞིན་ཡོད།

2021ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་པོའི་ཁེ་རམ་ཐང་དུ་གཟིགས་ཞིབ་མཛད་སྐབས་སུ་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་དེ་ཐོབ་སླ་མོ་ཞིག་མ་ཡིན་པས། ལྡབ་འགྱུར་གྱིས་གཅེས་སྤྲས་དང་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་བསྐྱེད་བྱེད་དགོས་ཞེས་ནན་གྱིས་བསྟན།

འདི་ནི2023ལོའི་ཟླ5བའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་མངའ་ཁོངས་སུ་པར་བླངས་པའི་མཚོ་སྔོན་པོའི་ཟུར་ཞིག

ཁེ་རམ་ཐང་དེ་མཚོ་སྔོན་པོའི་བྱང་ངོས་ཀྱི་བོད་མཁར་རྐང་ཚར་གནས་ཤིང་། ཉེ་སྔོན་གནས་དེར་གནས་སྐོར་བ་ཟམ་མ་ཆད་པར་ཡོང་བཞིན་ཡོད་ལ། མཚོ་འགྲམ་གྱི་མགྲོན་ཁང་ཚང་མས་འགྲུལ་བས་བཀང་ཡོད། དྭངས་གཙང་དང་གྲལ་དག་ནི་མཁར་གྲོང་ཆུང་བ་དེས་མི་ཚང་མར་བཞག་པའི་ཐོག་མའི་བག་ཆགས་རེད།

དོན་དངོས་སུ་རྐང་ཚ་རྫོང་དུ་རླུང་ཆེ་བར་གྲགས། རང་བྱུང་དང་མིའི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་དབང་གིས་མཚོ་སྔོན་པོའི་ཉེ་འདབས་ཀྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྐང་ཚ་རྫོང་དང་མདའ་བཞི་རྫོང་སོགས་ནས་གཞི་རྒྱ་ཆེ་བའི་རྩྭ་ཐང་ཞན་འགྱུར་དང་བྱེ་འགྱུར་གྱི་སྣང་ཚུལ་ཚབས་ཆེན་བ་ཡིན།

མདའ་བཞི་རྫོང་ནགས་རའི་ལས་བཟོ་བ་ཏང་ཡུང་ཧྲིག་གིས་སྔོན་ཆད་ཀྱི་ཁོར་ཡུག་ངན་པའི་བག་ཆགས་ཟབ་མོར་ཕྱིར་དྲན་བྱེད་བཞིན་བཤད་རྒྱུར། བྱེ་ཁུལ་དུ་ཁ་ཟས་ཟ་དུས་དཀར་ཡོལ་ཕྱེད་ཀ་བྱེ་མ་ཡིན། རྐང་ཚ་རུ་བྱེ་བ་མང་ཞིང་རླུང་ཆེ་བ་དང་། 1997ལོ་ནས་བཟུང་ང་རང་ཁི་ཐུའུ་བྱེ་ཁུལ་དུ་བྱེ་འགོག་ནང་ཞུགས་པ་ཡིན། རླུང་ཆེ་བའི་སྐབས་སུ་ང་ཚོ་སྡོད་སའི་རས་གུར་ཡང་རྫོགས་སྲིད། ནམ་རྒྱུན་ལོ་དང་པོར་སྡོང་བོ་བཙུགས་ཀྱང་ལོ་གཉིས་པའི་དཔྱིད་ཀར་གར་སོང་རྗེས་ཙམ་ཡང་མེད་ཟེར།

ཉེ་བའི་ལོ་འགའི་རིང་ལ། རྐང་ཚ་རྫོང་དང་མདའ་བཞི་རྫོང་སོགས་མཚོ་འགྲམ་གྱི་བྱེ་འགྱུར་ཅན་འགོག་བཅོས་བྱེད་པའི་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་། རླངས་འཁོར་བསྐོར་ནས་མཚོ་སྔོན་པོའི་མཐའ་བསྐོར་ས་ཁུལ་དུ་བགྲོད་དུས། གསར་འགོད་པས་ལྗང་མདོག་གི་གསོན་ཤུགས་རབ་ཏུ་རྒྱས་པའི་མཚོ་སྔོན་གྱི་ཐང་ཤིང་དང་གསོམ་སྡོང་ཚར་དུ་དངར་བ་མཐོང་ཐུབ་ཅིང་། དྲང་མོར་གྲལ་སྒྲིག་པའི་ལྗང་མདོག་གི་སྲུང་དམག་དང་འདྲ་བར། མཚོ་སྔོན་པོའི་བྱེ་འགྱུར་ལེགས་བཅོས་བྱས་ནས་ལྗང་མདོག་ཏུ་གྱུར་བའི་འགྱུར་ལྡོག་ལ་བདེན་དཔང་བྱས་ཡོད།

ད་ལྟ་རླུང་ཆེན་གཡུགས་པའི་སྣང་ཚུལ་མེད་ཅིང་། རྐང་ཚ་རྫོང་གི་ཆ་སྙོམས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་བརྒྱ་ཆའི་གོ་བདུན་ཡན་ལ་བསླེབས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་དཔྱད་ཞིབ་ཚད་གཞི་ལས་བཟང་བར་མངོན། མདའ་བཞི་རྫོང་གི་བྱེ་མའི་རྒྱ་ཁྱོན་དེ་དུས་རབས་སྔོན་མའི་ལོ་རབས80དུས་མགོའི་མུའུ་ཁྲི148.6ནས་མུའུ་ཁྲི92.6ལ་ཇེ་ཉུང་དུ་སོང་ཡོད།

བྱེ་སྒང་ལྗང་མདོག་གི་ཡུལ་དུ་གྱུར་བ་དང་མཚོ་ཆུའི་ཆུ་གནས་ཇེ་མཐོར་སོང་ཡོད་ཀྱང་། མཚོ་རྩྭའི་སྐྱེ་རྒྱ་དེ་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གི་འཇིགས་ཉེན་གཞན་ཞིག་ཏུ་གྱུར་ཡོད།

རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོའི་ཉྭ་ནག་སོ་མ་སྡེ་བའི་འབྲོག་པ་ལྷ་དཔལ་གྱིས་བཤད་རྒྱུར། ལོ་འགའི་སྔོན་ལ། དབྱར་ཁའི་དུས་སུ་ཁ་དོག་ལྗང་ཁུ་དང་སེར་པོ་ཅན་གྱི་མཚོ་རྩྭ་མཚོ་ངོས་སུ་གཡེང་ཡོད་པ་མཐོང་ཐུབ་ཟེར།

འབྲེལ་ཡོད་ཀྱི་ཞིབ་འཇུག་ལས་མངོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་པོའི་ཆུ་གནས་བསྟུད་མར་ཇེ་མཐོར་སོང་བ་ལས་མཚོ་འགྲམ་དུ་ས་ཁོངས་མང་བོ་ཞིག་ཆུས་བསྣུབས་ནས། མཚོ་སྔོན་པོའི་མཚོ་རྩྭའི་སྐྱེ་རྒྱ་ཆེན་བར་མངོན། གལ་ཏེ་དུས་ལྟར་བཅོས་སྐྱོང་མ་བྱས་ན། མཚོ་རྩྭ་ཡིས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད།

2022ལོའི་ཟླ10བའི་ཚུན་ལ། མཚོ་སྔོན་པོའི་མཚོ་ཁོངས་གལ་ཆེན་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་དངོས་སུ་མགོ་བརྩམས་པ་དང་། སྔ་གཞུག་ཏུ་མཚོ་རྩྭ་ལེན་པ་དང་སྐམ་སའི་སྟེང་གི་རྩྭ་རོ་གཙང་ཕྱགས་བྱེད་པ། མཚོ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས།

ན་ནིང་དབྱར་ཁར། ལྷ་དཔལ་གྱིས་འབྲོག་པ་མང་བོ་དང་མཉམ་དུ། རང་འགུལ་གྱིས་མཚོ་སྔོན་པོའི་མཚོ་རྩྭའི་བཅོ་སྐྱོང་བྱ་བར་ཞུགས་པ་རེད། ཕྱོགས་མང་བོས་འབད་བརྩོན་བྱས་འོག མཚོ་སྔོན་པོའི་མཚོ་རྩྭའི་བཅོས་སྐྱོང་ཐད་རིམ་བསགས་ཀྱིས་མ་དངུལ་སྒོར9505བཏང་སྟེ་མཚོ་རྩྭ་ཏུན་ཁྲི9.94ལྷག་ཕྱིར་བླངས། ཕྱིར་བླངས་པའི་མཚོ་རྩྭ་དེ་ལུད་རྫས་བཟོ་གྲྭར་བསྐྱལ་བཞིན་ཡོད། གད་སྙིགས་དེ་ལྷད་མེད་ཀྱི་ལུད་རྫས་སུ་བསྒྱུར་བས་མཚོ་མོ་ཡང་བསྐྱར་དྭངས་གསལ་དུ་གྱུར་ཡོད།

ཉ་རིགས་དང་འདབ་ཆགས་མཉམ་དུ་འཚོ།

མིག་སྔར་མཚོ་སྔོན་པོའི་གསེར་ཉ་དག་ཕྱིར་ཆུ་མགོར་བསྐྱོད་པའི་དུས་ཚིགས་སུ་བསླེབས་ཡོད། མཚོ་སྔོན་པོའི་ཡན་ལག་ཆུ་བོ་ཡིན་པའི་ཆ་ནས། རྐང་ཚ་རྫོང་མཚོ་འཁྱིལ་ཆུ་བོའི་བཞུར་རྒྱུན་དྲག་ཅིང་གསེར་ཉ་ཁྲི་སྟོང་མང་བོས་ཆུ་མགོ་བསྙེག་ནས་སྒོ་ང་གཏོང་བཞིན་ཡོད་པས། ཆུ་བོའི་ཕྱེད་ཀ་གསེར་ཉས་ཁེངས་པའི་ཁྱད་མཚར་གྱི་སྣང་ཚུལ་མངོན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་སྐྱེ་ཁམས་ནི་ང་ཚོའི་རྩ་ཆེ་བའི་ཐོན་དང་རྒྱུ་ནོར་ཡིན་ཞེས་ནན་གྱིས་བསྟན་མྱོང་།

མཚོ་སྔོན་པོར་དམིགས་སུ་ལྡན་པའི་མཐོ་སྒང་བརླན་སའི་སྐྱེ་ཁམས་མ་ལག་གིས་རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་དཀོན་པོའི་རིགས་སྣ་ཚོགས་སྐྱོང་བཞིན་ཡོད་ལ། ཉ་རིགས་དང་འདབ་ཆགས་མཉམ་འཚོ་བྱེད་པའི་མ་ལག་ལ་ཤུགས་རྐྱེན་དང་འཐུས་ཚབ་རང་བཞིན་ལྡན་པ་ཡིན།

གསེར་ཉའི་རིག་གཞུང་གི་མིང་ལ་མཚོ་སྔོན་པོའི་ལི་ཉ་ཟེར་ཞིང་། མཚོ་སྔོན་པོར་དམིགས་སུ་ཡོད་པའི་སྲོག་ཆགས་དཀོན་པོའི་རིགས་ཤིག་ཡིན། སྔོན་ཆད་མཚོ་སྔོན་པོའི་འགྲམ་དུ་ཐག་ཉེ་རིང་ཀུན་ལ་གྲགས་པའི་ཉ་བདའི་སྡེ་བ་མང་བོ་ཡོད་ལ། རོ་བཅུད་ཕུན་སུམ་ཚོགས་པའི་གསེར་ཉ་དེས་སྡེ་མི་དག་ཁ་རྒྱབ་གནད་དོན་ཐག་གཅོད་བྱས་པས། གསེར་ཉའི་ཁ་གྲངས་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་བ་རེད།

ད་ལྟ་མཚོ་སྔོན་པོའི་གསེར་ཉའི་ཐོན་ལས་ལ་ནང་དོན་གསར་བ་བྱུང་ཡོད། གནས་སྐོར་བས་གང་སར་ཁེངས་ཡོད་ཅིང་། མཚོ་འཁྱིལ་ཆུ་བོའི་ཟམ་ཆེན་འགྲམ་དུ་ཉ་ཤའི་ཟས་རིགས་ཕྱིར་འཚོང་བའི་ཟ་ཁང་ཆུང་བ་དག་ཏུ་འགྲུལ་བས་འཚང་ཁ་བྱེད་བཞིན་ཡོད། ལོ55སོན་པའི་གོ་ཡུང་ཀྲུང་དང་ཁོའི་ལྕམ་མོས་སྒོར6800བཏང་ནས་ཁང་བ་གྱན་བཞི་གླས་པ་དང་། ན་ནིང་ཟླ6པ་དང་ཟླ7པར་གསེར་ཉས་ཕྱིར་ཆུ་མགོ་བསྙེག་པའི་དུས་ཚིགས་ཁོ་ནར་སྒོར་ཁྲི15ཡོང་འབབ་ཐོབ་པ་རེད།

གོ་ཡུང་ཀྲུང་རྩེད་དགོད་ཆེ་ཞིང་ཁ་ལྕེ་བདེ། ཁོས་ད་ལྟའི་བར་སྔོན་ཆད་ཉ་འཛིན་པའི་དཀའ་སྡུག་དེ་ཡིད་ལ་གསལ་བོར་དྲན་བཞིན་འདུག དགུན་ཁར་གསེར་ཉའི་རིན་གོང་མཐོ་བའི་སྐབས་དང་བསྟུན་ནས། ཁོ་ཚོས་འཁྱག་གྲང་ལ་མ་འཛེམ་པར་དར་ཆགས་པའི་མཚོ་སྔོན་པོའི་སྟེང་དར་དོང་བྲུས་ཏེ། སྐུད་འདྲེན་འཕྲུལ་ཆས་བཀོལ་ནས་དར་འོག་ཏུ་ཉ་རྒྱ་འཐེན་པས། འཁྱག་རོམ་འོག་ཏུ་དགུན་སྐྱེལ་བའི་གསེར་ཉ་འཛིན་བཟུང་བྱས་པ་རེད། སྐབས་ལན་རེར་ཆུ་འོག་གི་ཉ་རྒྱ་དེ་ཆུའི་རྒྱུན་དང་འགྲོགས་ནས་ཁུར་འགྲོ་བས། ཉ་བདའ་བར་ཐོབ་བྱ་ཅི་ཡང་མེད་པའི་སྣང་ཚུལ་ཡང་ཡོད་ལ། ཐ་ན་མི་ལ་ལ་ཉ་རྒྱས་ཁུར་ནས་རྗེས་ཤུལ་ཙམ་ཡང་མེད་པའི་གནས་ཚུལ་འབྱུང་སྲིད།

འདི་ནི2023ལོའི་ཟླ4ཚེས13ཉིན་མཚོ་སྔོན་པོ་ནས་པར་བླངས་པའི་ཆུ་སྐྱར་མགོ་ཁྲ་རེད།

གོ་ཡུང་ཀྲུང་གིས་བཤད་རྒྱུར། དྲ་རྒྱའི་རིན་གོང་མཐོ་བས་བློས་མི་ཐོངས་པ་ཞིག་རེད། སྐབས་ཐོག་དེར་གསེར་ཉའི་ཐོན་ཁུངས་ལ་འཕང་སེམས་ཅི་ཡང་སྐྱེས་བཞིན་མེད། རྗེས་སུ་གསེར་ཉར་ཕན་ནུས་ཆེན་པོ་ཡོད་པ་ཤེས་སོང་། དཔེར་ན་གལ་ཏེ་གསེར་ཉ་ཇེ་ཉུང་དུ་སོང་ན། མཚོ་ཁར་གཡེང་བའི་སྐྱེ་དངོས་ཁ་དར་ན། མཚོ་མོ་དེ་འཚོ་བཅུད་ལྡན་པར་བྱས་ནས་གསོན་ཤུགས་མེད་པའི་མཚོ་མོར་འགྱུར་ངེས་རེད། ད་ལྟ་ད་གཟོད་གསེར་ཉའི་ཐོན་ཁུངས་ལ་གཅེས་སྤྲས་བྱེད་དགོས་པ་ཤེས་ཡོད་ཟེར།

གསེར་ཉའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་ཆེད། མཚོ་སྔོན་གྱིས་མཚོ་བཀག་ཉ་གསོ་བྱས་ཏེ་གསེར་ཉའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱས་པ་དང་། ཉའི་འཕེལ་ཁ་དར་བར་བྱས་ནས་གསེར་ཉའི་གསོན་ཚད་ཇེ་མཐོར་བཏང་བར་མ་ཟད། མཚོ་བསྐོར་ས་ཁུལ་དུ་གསེར་ཉའི་རྒྱུ་ལམ་མང་བོ་ལས་ནས་གསེར་ཉར་འགེབས་སྲུང་བྱས།

ཉ་བདའི་སྡེ་བ་དེ་དག་གསེར་ཉར་སྲུང་སྐྱོབ་བྱེད་པའི་སྡེ་བར་གྱུར་ཡོད་ཅིང་། མཚོ་འཁྱིལ་ཆུ་བོའི་ཆུ་རྒྱུན་ཆད་ནས་གསེར་ཉ་དག་ཆུ་འཁྱིལ་དུ་ཁགས་པའི་སྐབས་སུ། སྡེ་མི་དག་གིས་ཤིང་གཤོང་དུ་གསེར་ཉ་བཅུས་ནས་ཕྱིར་མཚོ་ནང་དུ་གཏོང་བ་ཡིན།

ད་ལྟ་སྡེ་མི་དག་གིས་སྐྱེ་ཁམས་ཐོན་ཁུངས་ཀྱི་གལ་ཆེན་རང་བཞིན་ལ་འདི་ལྟར་གོ་བ་ལེན་བཞིན་ཡོད་དེ། གསེར་ཉར་སྲུང་སྐྱོབ་བྱེད་པ་ནི་ཐོན་ཁུངས་སྲུང་སྐྱོབ་བྱས་པ་ཡིན་ལ། བུ་རབས་ཚ་རྒྱུད་ལ་སྲུང་སྐྱོབ་བྱེད་པ་ཡིན།

2002ལོ་ནས2003ལོའི་བར། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ལྡབ46ཇེ་མང་དུ་སོང་ཡོད། གསེར་ཉས་ཆུ་མགོ་བསྙེག་པའི་སྐབས་སུ་མཚོ་སྔོན་པོའི་སོ་བྱ་སོགས་གནས་སྤོར་འདབ་ཆགས་དག་ཀྱང་རྒྱུད་སྤེལ་ཀྱི་དུས་སུ་བསླེབས་ཡོད་པས། ཁྱུ་ཚོགས་བྱས་ནས་གསེར་ཉ་འཛིན་བཞིན་ཡོད།

མཚོ་སྔོན་པོའི་ལྷོ་འགྲམ་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མཚོ་ཆུང་བརླན་སར་མཚོ་དང་ནམ་མཁའ་གཅིག་ཏུ་འབྲེལ་ཡོད་ཅིང་། ཆུ་བྱའི་ཁྱུ་ཚོགས་ཀྱིས་མཚོ་སྔོན་པོའི་བར་སྣང་དུ་ལྡིང་སྐོར་བྱེད་ཅིང་གྲེ་འགྱུར་སྒྲོག་བཞིན་ཆུའི་ནང་གི་གསེར་ཉ་མིག་གིས་འཚོ་བཞིན་ཡོད།

འབྲོག་པ་རྣམ་རྒྱལ་གྱིས་རྒྱུན་པར་ཚ་མོ་གངས་ཅན་མཚོ་མོ་ཁྲིད་ནས་ཉེ་འདབས་ཀྱི་སྡོང་གསེབ་དུ་ཁྲུང་ཁྲུང་སྐེ་ནག་གཉིས་ཡོད་པ་དེར་བལྟ་རུ་འགྲོ་བཞིན་ཡོད། ཁྲུང་ཁྲུང་སྐེ་ནག་ནི་གནས་སྤོར་བའི་འདབ་ཆགས་ཤིག་ཡིན་པ་དང་། འཛམ་གླིང་སྟེང་མཐོ་སྒང་དུ་རྒྱུད་སྤེལ་བྱེད་པའི་ཁྲུང་ཁྲུང་གི་རིགས་གཅིག་པུ་ཡང་ཡིན། ལོ་རེའི་ཟླ3པ་ནས་ཟླ10བའི་བར། ཁྲུང་ཁྲུང་སྐེ་ནག་སྐྱ་ཡ་དེ་གཉིས་ནམ་རྒྱུན་མཚོ་ཆུང་དེར་ཡོང་ནས། རང་གི་བྱ་ཚང་བཙལ་ནས་ཕྲུ་གུ་བདེ་འཇགས་ངང་སྐྱོང་གཉོར་བྱེད་པ་རེད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་ཞིབ་འཇུག་ཚད་འཇལ་དང་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་ལ་ཤུགས་སྣོན་བྱས་ཤིང་། འདབ་ཆགས་དང་བཅས་པའི་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། རྒྱལ་སྤྱིའི་གནས་སྤོར་འདབ་ཆགས་ཀྱི་རྒྱུ་ལམ་གལ་ཆེན་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་པོས་འདབ་ཆགས་རིགས281དང་། ལོ་ཧྲིལ་བོར་གནས་འདིར་འཚོ་བའི་ཆུ་བྱའི་ཁ་གྲངས་ཁྲི60.6ཡོད་པ་ཟིན་ཐོར་བཀོད་ཡོད་ལ། རང་རྒྱལ་གྱི་འདབ་ཆགས་རྒྱུད་སྤེལ་ཁ་གྲངས་ཆེ་མང་ཞིང་རིགས་སྣ་ཆེས་མང་བའི་གཅིག་བསྡུས་ཀྱི་རྒྱུད་སྤེལ་ས་ཁུལ་ཞིག་ཏུ་གྱུར་ཡོད།

མཚོ་སྔོན་པོའི་མཛེས་ལྗོངས་ས་ཁུལ་གྱི་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་འཇིགས་བྱེད་ཀྱིས་མཚམས་སྦྱོར་བྱས་དོན། ཉ་རིགས་དང་འདབ་ཆགས་མཉམ་འཚོ་བྱེད་པ་ནི་མཚོ་སྔོན་པོའི་ཆུ་ཁོངས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་བདེན་དཔང་བྱས་ཡོད་ལ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བསྡུས་གཟུགས་ལྟ་བུར་གྱུར་ཡོད།

སྐྱེ་ཁམས་འཆམ་མཐུན།

ཞོགས་པར། ཉི་གཞོན་གྱི་འོད་ཟེར་རྦ་རླབས་ཆལ་ཆིལ་གཡོ་བའི་དྭངས་གཙང་གི་མཚོ་ངོས་སུ་འཕྲོས་པ་དང་། མཚོ་མོའི་འགྲམ་ངོགས་སུ་སྦྲ་གུར་མང་པོ་ཕུབ་ཡོད་ལ། དེའི་མཐའ་འཁོར་དུ་རྟ་ནོར་ལུག་གསུམ་བག་ཕེབས་ངང་རྒྱུ་ཞིང་། མེ་ཏོག་སྣ་བརྒྱ་སྡུག་གུར་བཞད་ཡོད།

2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དངོས་འབེབས་བཟང་པོ་བྱེད་པ་དང་། རྨ་འབྲི་རྫ་གསུམ་སོགས་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ཉམས་མྱོང་ཕྱོགས་བསྡོམས་བྱེད་ཅིང་། རྒྱལ་ཁབ་སྤྱི་གླིང་དེ་གཙོར་འཛིན་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་དེ་རྨང་གཞིར་བྱེད་པ། རིགས་སོ་སོའི་རང་བྱུང་སྤྱི་གླིང་དེ་ཁ་གསབ་དུ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ་དང་། རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་ལེགས་པོ་བྱེད་ལ། རང་བྱུང་ཐོན་ཁུངས་གསོག་ཉེར་གང་ལེགས་བྱེད་པ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བཟང་པོ་བྱེད་དགོས་ཞེས་ནན་གྱིས་གསུངས།

2022ལོར། རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་མཚོ་སྔོན་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བ་བསྒྲུབ་པར་འཐད་པ་བྱུང་བའི་མཆན་འགོད་བཀའ་ལན་གནང་།

མཚོ་བྱང་ཁུལ་རྐང་ཚ་རྫོང་གི་དཔལ་དགེ་ས་ཆར་ཐོན་དུས། གསར་འགོད་པས་འབྲོག་ཁུལ་གྱི་སྔར་གྱི་སྨི་གཅིག་དང་གྲངས་ཆུང་ལྔ་ཅན་གྱི་ལྕགས་ར་དེ་ཚང་མ་སྨི་གཅིག་དང་གྲངས་ཆུང་གཉིས་སུ་བཏང་ཡོད་ལ། ལྕགས་རའི་སྟེང་གི་ཚེར་སྐུད་དག་ཀྱང་མེད་ཅིང་། རྒོ་དམར་སོགས་སྲོག་ཆགས་གནས་སྤོར་དང་ཡར་ལྡིང་མར་ལྡིང་བྱེད་པར་སྟབས་བདེ་བཟོས་ཡོད།

རྒོ་དམར་ནི་འཛམ་གླིང་གི་རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཡིན་ལ། སྔོན་ཆད་ནང་སོག་དང་། ཀན་སུའུ། མཚོ་སྔོན་སོགས་ཀྱི་ས་ཁུལ་དུ་ཁྱབ་ཡོད་ཀྱང་། ད་སྔ་མཚོ་སྔོན་པོའི་ས་ཁུལ་དུ་མ་གཏོགས་མེད།

     འདི་ནི་ཟླ1པའི་ཚེས24ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་གྱི་མངའ་ཁོངས་ནས་པར་བླངས་པའི་རྩྭ་ཐང་གི་རྒོ་དམར་རེད།

དཔལ་དགེ་ས་ཁུལ་ནི་རྒོ་དམར་ཁྱུ་ཚོགས་གནས་སྡོད་དང་རྒྱུད་སྤེལ་བྱེད་པའི་འདུས་སྡོད་ཁུལ་ཡིན་ཞིང་། ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱིས་སྙིང་ཉེ་བའི་སྒོ་ནས་རྒོ་དམར་ལ་རྩྭ་ཐང་གི་རྣམ་ཤེས་ཞེས་འབོད་ཀྱིན་ཡོད། 2021ལོའི་ཟླ་བདུན་པར། འབྲོག་པ་འབྲུག་རྩེ་འབུམ་དང་ཕ་སྤུན་ནུ་བོ་བསོད་ནམས་གཉིས་ཀྱིས་སྐྱེ་ཁམས་སྐོར་སྲུང་བྱེད་སྐབས་སུ་ཁ་བདར་གྱུར་བའི་རྒོ་ཕྲུག་ཅིག་རྙེད་པ་དང་། ཁོང་གཉིས་ཀྱིས་རྒོ་ཕྲུག་ཁྱིམ་ལ་ཁྱེར་ཡོང་ནས་སྐྱོབ་བཅོས་བྱས་ཤིང་། ནུ་ར་བཀོལ་ནས་དེ་ལ་འོ་མ་བླུད།

སྲིད་གཞུང་དང་འབྲོག་པ་མང་ཚོགས་ཀྱི་ཐུན་མོང་གི་འབད་བརྩོན་འོག མཚོ་སྔོན་པོའི་ས་ཁུལ་མཐའ་སྐོར་གྱི་རྒོ་དམར་གྱི་ཁ་གྲངས་དེ་ཐོག་མའི་སྲུང་སྐྱོབ་དུས་སྐབས་ཀྱི་སུམ་བརྒྱ་ནས་ད་ལྟར་སྟོང་གསུམ་དང་བཞི་བརྒྱར་འཕར་ཡོད། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ནི་ས་གནས་འདིའི་ཐུན་མིན་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དེར་གྱུར་ཡོད།

རི་ཆུ་ནགས་གསུམ་གྱི་ཡུལ་ལྗོངས་མཛེས་པོ་འདི་སྲུང་སྟེ། མཚོ་སྐོར་ས་ཁུལ་གྱི་འབྲོག་པ་མང་ཚོགས་རྣམས་ཀྱིས་ཀྱང་མཚོ་སྔོན་པོར་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བཞིན་ཡོད།

རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་ཉིན་ཞྭ་སྡེ་བ་དང་མཚོ་སྔོན་པོའི་བར་ཐག་ལ་སྤྱི་ལེ་བཅུ་ཡང་མེད་པས། སྲོལ་རྒྱུན་འབྲོག་ལས་རྣམ་པས་སྔོན་ཆད་ས་གནས་འདིའི་རྩྭ་ཐང་ཞན་འགྱུར་བྱས་པ་ཚབས་ཆེ་ཡང་། ཉེ་བའི་ལོ་འགའི་རིང་། ཉིན་ཞྭ་སྡེ་བས་དཔྱིད་ཀར་ཕྱུགས་འགོག་དང་། དབྱར་ཁར་ཕྱུགས་ཟོག་རུ་སྤོ་བ།སྟོན་ཁར་རེས་མོས་སྒོས་འཚོ་སྐྱོང་བྱེད་པ། དགུན་ཁར་རང་འདོད་ལྟར་འཚོ་སྐྱོང་བྱེད་པ་བཅས་ཀྱི་ཕྱུགས་འཚོ་བའི་རྣམ་པ་གསར་བར་འཚོལ་ཞིབ་གང་ལེགས་བྱས།

ཉིན་ཞྭ་སྡེ་བར་སོང་ན། གཡང་དཀར་ལུག་དང་ཐུལ་དཀར་འབྲི་ཁྱུ་དང་ཁྱུ་བྱས་ནས་བག་ཕེབས་སྒོས་རྒྱུ་ཞིང་། དེ་ཡང་རྩྭ་ཐང་སྟེང་འགུལ་སྐྱོད་བྱེད་པའི་སྒྲ་རྟགས་དཀར་ནག་དང་གཉིས་སུ་མ་མཆིས། ཉིན་ཞྭ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཚེ་བྷོ་ཡིས་བཤད་རྒྱུར། རང་བྱུང་ཁོར་ཡུག་ལ་དམིགས་ནས་ཕྱུགས་ཟོག་གི་ཁ་གྲངས་ཚོད་འཛིན་གང་ལེགས་བྱས་ཚེ། སྐྱེ་ཁམས་མཛེས་ཤིང་མང་ཚོགས་ཕྱུག་པོར་འགྱུར་ངེས་རེད་ཟེར།

འདི་ནི2022ལོའི་ཟླ9པའི་ཚེས22ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནས་པར་བླངས་པའི་མཚོ་སྔོན་པོའི་ཟུར་ཞིག

མཚོ་སྔོན་པོ་ནི་རླན་སའི་རང་བཞིན་གྱི་རྒྱལ་ཁབ་སྤྱི་གླིང་ཡིན་ཞིང་། རླན་སར་སྲུང་སྐྱོབ་བྱེད་ཆེད། མཚོ་སྔོན་པོའི་འགྲམ་ངོགས་སུ་རླན་སའི་སྐྱེ་ཁམས་ཁོར་སྲུང་བའི་རུ་ཁག་མང་པོ་བཙུགས་ཡོད།

སྐོར་སྲུང་བའི་ལྭ་བ་གྱོན་ཞིང་འཕྲུལ་རྟ་ཞོན་པ་དང་། ལོ་ང་བདུན་ལ་སོན་པའི་འབྲོག་པ་རྡོ་རྗེ་ཡིས་ཉིན་རེར་འབྲོག་སའི་མཐའ་འཁོར་གྱི་རླན་སར་སྐོར་སྲུང་བྱེད་དགོས། ཁོར་སྲུང་བྱེད་པའི་རྒྱ་ཁྱོན་ཆེ་བར་བརྟེན། ཁོས་ནམ་རྒྱུན་འཕྲུལ་རྟ་ཞོན་ནས་སྐོར་སྲུང་བྱས་ཀྱང་ཉིན་ཕྱེད་ལྷག་གི་དུས་ཚོད་བེད་སྤྱོད་དགོས་ཤིང་། དུས་ལྟར་དུ་ཟ་མ་ཟ་མི་ཐུབ་པ་ནི་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད། ཁོས་བཤད་རྒྱུར། ཁོར་སྲུང་བ་ཞིག་ཡིན་ཚེ་རང་རང་གི་འགན་འཁྲི་ཕྲག་ཏུ་ཁུར་དགོས་པ་རེད་ཟེར།

དགུན་རྒྱ་སྟག་འདྲ་བོ་ཕར་ལ་སོང་ནས་དཔྱིད་ཕ་མ་འདྲ་བོ་ཚུར་ལ་སླེབས་པ་དང་། ཚ་བ་ཆེ་བའམ་ཡང་ན་གྲང་ངར་ཅི་འདྲ་ཆེ་རུང་། ཁོང་གི་འདམ་གྱིས་སྦགས་པའི་རྐང་བ་གཉིས་ཀྱིས་མཚོ་སྔོན་པོའི་སྐྱེ་ཁམས་ཀྱི་འགྱུར་ལྡོག་ལ་བདེན་དཔང་བྱེད་ཀྱིན་ཡོད། ལོ་མང་བོའི་སྔོན་ལ། མཚོ་སྔོན་པོའི་བྱང་འགྲམ་གྱི་གསེར་དངུལ་ཐང་གི་མཛེས་ལྗོངས་ལ་བལྟས་ནས་ནུབ་རྒྱུད་གླུ་གར་གྱི་རྒྱལ་པོ་ཝང་ལོའུ་པིན་གྱིས་མིང་གྲགས་ཅན་གྱི་གླུ་དབྱངས་རྒྱང་རིང་གི་ཡུལ་དེ་ན་ཞེས་པ་དེ་བརྩམས།

ད་ལྟ། རི་སྔོ་ཆུ་དྭངས་ཀྱིས་སྤྲིན་དཀར་དང་ཨ་སྔོན་མཛེས་པར་བརྒྱན་པས། ཀྲུང་ཧྭའི་ཆུ་མཛོད་དེ་སྔར་ལས་བརྟན་ཞིང་ཕུན་སུམ་ཚོགས་པར་གྱུར་ཡོད།

འབྲོག་པའི་སྙན་འཇེབས་ཀྱི་གླུ་སྐད་དང་བསྡོངས་ནས། ཆལ་ཆིལ་གྱི་རླབས་སྒྲ་དང་འདབ་ཆགས་ཀྱི་ཀྱུར་ཀྱུར་གྲེ་འགྱུར། མཚོ་མོའི་འགྲམ་རྒྱུད་ཀྱི་རྩྭ་ཐང་སྟེང་གི་རྟ་ཕོའི་རྨིག་སྒྲ་བཅས་དུས་རབས་གསར་བའི་མཚོ་སྔོན་པོའི་ལྗང་མདོག་འཕེལ་རྒྱས་ཀྱི་གོམ་སྒྲར་འདྲེས་ཤིང་། གོམ་སྒྲ་གསར་བ་དེ་མི་རབས་ནས་མི་རབས་བར་འཇགས་མེད་དུ་གནས།

བསོད་ནམས་ཚེ་རིང་དང་ལྷ་མོ་འཚོགཉིས་ཀྱིས་བསྒྱུར།