ཡུས་ཧྲུའུ་ཡིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཞོར་དུ་དམངས་ཚིས་གནད་དོན་ཡང་ཐག་བཅད།
2024.06.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

ཉེ་བའི་ལོ་འགའི་རིང་ལ། ཡུས་ཧྲུའུ་གྲོང་ཁྱེར་གྱིས་མཐོ་སྒང་གི་སྐྱེ་ཁམས་ཐོན་རྫས་ཀྱི་ཚུལ་སྒྱུར་མ་དཔེ་དང་རྐྱེན་སྲོལ་འཚོལ་ཞིབ་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་དགེ་མཚན་སྔོག་འདོན་ཟབ་མོ་བྱས་ལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་སའི་གཙོ་འདོན་ཁུལ་གསར་སྐྲུན་བྱེད་པར་དམིགས་ནས། ཁོངས་ཡོངས་ཀྱི་སྐྱེ་ལྡན་ར་སྤྲོད་ལ་སྐུལ་འདེད་ཤུགས་ཆེན་བཏང་། གངས་ལྗོངས་མཐོ་སྒོང་དང་ཆུ་བོའི་འགོ་ཁུངས་ཀྱི་མཛེས་སྡུག་ཁོར་ཡུག་ལ་རྒྱབ་རྟེན་ནས། རང་འགུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆའི་སྔོན་འདེམས་ཁུལ་འཛུགས་སྐྲུན་གྱི་གྲུབ་ཚུལ་ཁྲོད་འདྲེས་པར་བྱས་པ་དང་། ཁུལ་ཁོངས་བསྡུ་འགྲེམ་ལྟེ་གནས་དེ་ཆུ་འགོའི་མགྲོན་བསུ་ཚོམས་ཆེན་དུ་བསྒྱུར་བ་མངོན་འགྱུར་བྱས་ལ། སྐྱེ་ཁམས་ཉམས་ཞན་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཡུས་ཧྲུའུ་པར་གཞི་གསར་སྐྲུན་བྱས་ནས། རི་བོ་གཉིས་ཀྱི་ཚུལ་སྒྱུར་ལག་ལེན་ཁྲོད་རོང་འབྲོག་མང་ཚོགས་ལ་ཕན་བཏགས།

སྲུང་སྐྱོབ་ཁུལ་དང་གཞིས་ཁུལ་མཉམ་སྡོམ་ཟུང་འབྲེལ་བྱེད་པར་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་པ་བྱེད་དགོས།

ཟླ5ཚེས24ཉིན། ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་བདེ་སྐྱིད་གླིང་སློབ་ཆུང་གིས་དགེ་སློབ་རྣམས་རྩ་འཛགས་བྱས་ནས་མཚོ་སྔོན་རོང་པོ་ཐང་རྒྱལ་སྤྱིའི་བརླན་ས་རུ་རང་བྱུང་སློབ་གསོའི་བྱ་འགུལ་སྤེལ།

སློབ་མ་ཚོས་ཕྱི་རོལ་སྟེགས་བུའི་སྟེང་རྒྱང་ཤེལ་སྤྱད་དེ་ཡུལ་དངོས་ནས་བྱ་རིགས་ལ་ལྟ་ཞིབ་བྱས་པ་དང་། རང་བྱུང་སློབ་གསོ་རྟེན་གཞི་ཚན་རྩལ་ཁྱབ་གདལ་སྒྲོག་སློབ་ཁང་ལ་ལྟ་སྐོར་བྱས་ལ། དུས་ཐོག་ལྟ་ཞིབ་བརྙན་རིས་ལ་བལྟས་ནས། སྲུང་སྐྱོབ་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་རྒྱུས་ལོན་གསལ་བོ་བྱས།

སྲུང་སྐྱོབ་ཁུལ་དོ་དམ་ས་ཚིགས་ཀྱི་འགོ་གཙོ་པ་སངས་ཚེ་རིང་གིས་སློབ་མ་ཚོར་སྲུང་སྐྱོབ་ཁུལ་གྱི་དངོས་རིགས་གཙོ་བོ་དང་བརླན་སའི་སྲུང་སྐྱོབ་ཤེས་བྱ་འགྲེལ་བཤད་བྱེད་སྐབས་བཤད་རྒྱུར། མིག་སྔའི་བར་དུ། སྲུང་སྐྱོང་ཁུལ་ནང་གི་བྱ་རིགས་ཀྱི་མིང་ཐོ་སྡེ་བཅུ་བཞི་དང་ཚན་ཉེར་བརྒྱད། རིགས་སྣ་རེ་གཅིག་ནས་སྡེ་བཅུ་བདུན་དང་ཚན་སོ་དགུ རིགས་སྣ་བརྒྱ་དང་སོ་བཞི་རུ་འཕར་སྣོན་བྱུང་ལ། ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀ1984ལོའི་སྲུང་སྐྱོབ་ཁུལ་འཛུགས་སྐབས་ཀྱི22ནས་ད་ལྟའི་ཆེས་མང་དུས་ཀྱི216ལ་འཕར་བ་དང་། ཆ་སྙོམས་ཀྱིས་ལོ་རེར་བརྒྱ་དང་བདུན་ཅུ་ནས་བརྒྱ་དང་བརྒྱད་ཅུ་བར་རྒྱུན་འཁྱོངས་བྱས།

འདི་ལྟ་བུའི་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་བྱ་འགུལ་རོང་པོ་གྲོང་རྡལ་ནས་དུས་ཚོད་ངེས་ཅན་ཞིག་གི་ནང་ལ་ཐེངས་གཅིག་ལ་བསྡུས་པ་དང་། ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་བཀྲ་ཤིས་ཕུན་ཚོགས་ཀྱིས་དེའི་རྒྱུ་རྐྱེན་ནི། ཉེ་བའི་ལོ་འགའི་རིང་ལ། རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ས་ཚིགས་དང་རོང་པོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་། གྲོང་རྡལ་གྱི་ལྟེ་གནས་སློབ་ཆུང་། བདེ་སྐྱིད་གླིང་སློབ་ཆུང་སོགས་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་མཉམ་ལས་དམ་ཟབ་བྱས་པ་དང་། སྲུང་སྐྱོབ་ཁུལ་དང་གཞིས་ཁུལ་མཉམ་སྡོམ་ཟུང་འབྲེལ་བྱེད་པའི་མ་དཔེ་གྲུབ་པར་བྱས་ལ། དོ་སྲུང་ས་ཚིགས་ཀྱིས་སྣེ་ཁྲིད་དེ། མཉམ་དུ་སྲུང་སྐྱོང་ཁུལ་གྱི་གཞིས་ཁུལ་སློབ་གྲྭ་དང་གཞིས་ཁུལ་གྱི་མང་ཚོགས་སོགས་ལ་སྣེ་ཁྲིད་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སློབ་གསོ་སྤེལ་བ་དང་། རང་བྱུང་སློབ་གསོའི་རྟེན་གཞི་བཙུགས་པར་མ་ཟད་ལྗང་མདོག་དཔེ་སྟོན་སློབ་གྲྭ་སྟེ། རོང་པོ་གྲོང་རྡལ་ལྟེ་གནས་སློབ་ཆུང་དང་བདེ་སྐྱིད་གླིང་སློབ་ཆུང་གི་སྲུང་སྐྱོབ་ཁུལ་གྱི་གཞིས་ཁུལ་རང་བྱུང་སློབ་གསོའི་ཚོད་ལྟ་སློབ་གྲྭ་བཙུགས་པའི་རྐྱེན་གྱིས་རེད་ཟེར།

སྲུང་སྐྱོབ་ཁུལ་དང་གཞིས་ཁུལ་མཉམ་སྡོམ་ཟུང་འབྲེལ་བྱེད་པའི་རྐྱེན་སྲོལ་ནི། སྲུང་སྐྱོབ་ཁུལ་དོ་དམ་ས་ཚིགས་དང་རོང་པོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་མཉམ་དུ་འཚོལ་ཞིབ་བྱས་པའི་སྐྱེ་ཁམས་དོ་སྲུང་གི་ཐབས་ལམ་གསར་བ་ཡིན།

པ་སངས་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཁོངས་གཏོགས་ཅན་གྱི་དོ་དམ་རྩ་དོན་ལྟར་ན། དོ་དམ་ས་ཚིགས་དང་རོང་པོ་གྲོང་རྡལ་སྡེ་ཆེན་སྡེ་བ་དང་མཚོ་བཟང་སྡེ་བ་བཅས་གཞིས་ཁུལ་མཉམ་སྡོམ་ཚོད་ལྟའི་སྡེ་བ་རུ་བསྒྱུར་བ་དང་། གྲོང་རྡལ་དང་སྡེ་བ། ཧྲེ་རིམ་པ་གསུམ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཉམ་སྡོམ་གྲོས་མཐུན་དང་འབྲོག་ཁྱིམ་དོ་སྲུང་གྲོས་མཐུན་བཀོད་ལ། གཞིས་ཁུལ་མཉམ་སྡོམ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། མཚོ་བྱང་སྡེ་བ་དང་སྡེ་ཆེན་སྡེ་བས་སོ་སོར་གཞིས་ཁུལ་མཉམ་སྡོམ་སྐྱེ་ཁམས་སྤྱི་ཕན་སྐོར་སྲུང་རུ་ཁག་བཙུགས་ཤིང་། བརླན་སའི་སྐྱེ་ཁམས་སྐོར་སྲུང་བའི་དོ་དམ་དང་སྐོར་སྲུང་བྱ་བ། སྐོར་སྲུང་སྙན་ཞུ་སོགས་ཀྱི་ལམ་ལུགས་བཙུགས་ཡོད་ཟེར།

མཚོ་བཟང་སྡེ་བའི་སྡེ་དམངས་ཚེ་རྒྱམ་སྲུང་སྐྱོང་ཁུལ་དང་གཞིས་ཁུལ་མཉམ་སྡོམ་ཟུང་འབྲེལ་གྱི་རྐྱེན་སྲོལ་ལག་བསྟར་བྱས་རྗེས། སྐྱེ་ཁམས་སྤྱི་ཕན་སྐོར་སྲུང་བ་ཞིག་ཏུ་གྱུར། གཟའ་འཁོར་རེ་རེར་ཚེ་རྒྱམ་རོང་པོར་སོང་ནས་སྐོར་སྲུང་བྱེད་ཀྱིན་ཡོད་པ་དང་། ལོ་དྲུག་རིང་གི་བརྟན་སྲུང་དང་སློབ་སྦྱོང་བརྒྱུད་དེ། ཁོ་རང་སྐྱེ་ཁམས་སྲུང་སྐྱོབ་ལ་ཆ་རྒྱུས་མེད་པའི་མི་ཕལ་བ་ཞིག་ནས་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་མི་མིང་གྲགས་ཅན་དུ་གྱུར།

ཟླ་དྲུག་པའི་ཟླ་མགོར། སྲུང་སྐྱོབ་ཁུལ་དུ་གནས་སྤར་ནས་ཡོང་བའི་ཆུ་བྱ་མང་པོ་འདུས་རུབ་བྱས་ཡོད་པ་དང་། ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེ་བའི་བྱ་རིགས་མང་པོས་བརླན་ས་རུ་རྒྱུད་སྤེལ་འཚོ་སྡོད་བྱས་ཡོད་ལ། སྐབས་འདི་ནི་སྲུང་སྐྱོབ་ཁུལ་གྱི་དོ་སྲུང་པ་ཆེས་བྲེལ་འཚུབ་ཆེ་བའི་དུས་ཚིགས་ཡིན། ཚེ་རྒྱམ་ རྩྭ་ཐང་དུ་བསྐྱོད་པ་དང་མཚེའུ་ལ་བསྐོར་བརྒྱབ་ནས་བྱ་རིགས་ཀྱི་བདེ་འཇགས་ལ་དོ་སྣང་ཆེན་པོ་བྱས།

ཚེ་རྒྱམ་གྱིས། སྔོན་ཆད་ངས་སེམས་སུ་གད་སྙིགས་འཐུ་བ་ནི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པར་འདོད་ཡོད། སྲུང་སྐྱོབ་ཁུལ་དུ་སོང་ནས་སྐོར་སྲུང་བྱ་བར་ཞུགས་པ་དང་། དོ་དམ་ས་ཚིགས་ཀྱིས་རྩ་འཛུགས་བྱས་པའི་གསོ་སྦྱོང་བརྒྱུད་དེ། ངས་བརླན་སར་སྲུང་སྐྱོབ་བྱེད་པ་དང་སྲུང་སྐྱོང་ཁུལ་གྱི་ཉིན་རྒྱུན་གྱི་སྐོར་སྲུང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སོགས་ཀྱི་གཞི་རྩའི་ཤེས་བྱ་སློབ་སྦྱོང་བྱེད་ཐུབ་པ་བྱུང་ལ། ཐེངས་རེ་རེའི་སྐོར་སྲུང་སྐབས་སུ་ངས་ནན་ཏན་སྒོས་སྐོར་སྲུང་ཉིན་ཐོ་བྲིས་པ་ཡིན། ད་ལྟ་ངས་ཆེད་ལས་ཀྱི་ཤེས་བྱ་སྤྱད་དེ་ང་ཚོའི་ཁྱིམ་གཞི་སྲུང་སྐྱོབ་བྱེད་ཆོག དོ་སྲུང་ནི་བྱེད་ཐབས་ཡིན་པ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་རྒྱུ་ནི་ཆེས་མཐའ་མཇུག་གི་དམིགས་འབེན་ཡིན་ཟེར། པ་སངས་ཚེ་རིང་གིས་བཤད་རྒྱུར། ང་ཚོས་རོང་པོའི་བརླན་སའི་ཆུ་བྱའི་འཚོ་སྡོད་བྱེད་ས་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟ་ཞིབ་དཔེ་གཞིའི་མངའ་ཁོངས་ཀྱི་རྩྭ་ར་ཉེར་གཉིས་ཀྱི་འབྲོག་ཁྱིམ་ཁྲོད་ནས། བརླན་སའི་སྐྱེ་ཁམས་དོ་སྲུང་པ་བཅུ་གདན་ཞུ་བྱས་པ་དང་། དོ་སྲུང་པ་རེར་ཟླ་རེར་སྒོར་སྟོང་གཅིག་དང་བརྒྱད་བརྒྱའི་གཏན་ཁེལ་ཟླ་ཕོགས་ཡོད། སྲུང་སྐྱོང་ཁུལ་གྱི་མང་ཚོགས་ཀྱིས་སྐྱེ་ཁམས་ཀྱི་ཟ་མ་ཟ་ཐུབ་པར་བྱེད་རྒྱུ་ནི། ཆུ་དྭངས་རི་ལྗང་གསེར་དངུལ་རི་ལས་ལྷག་པའི་ལག་ལེན་དངོས་ཡིན་ལ། སྐྱེ་ཁམས་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་ཡིན་པ་དང་། མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་ཚོར་ཇེ་མཐོ་ནས་ཇེ་མཐོ་རེད།

སྐྱེ་ཁམས་དང་ཟུང་འབྲེལ་བྱས་ནས་འབྲི་ཆུའི་འགོ་ཁུངས་ཀྱི་ཡུས་ཧྲུའུ་ཡི་མིང་བྱང་གསར་བ་གསར་སྐྲུན་བྱེད་དགོས།

གལ་ཏེ་ཁྱེད་ཚང་གི་སྒོ་ཁ་རུ་རྒྱལ་ཁབ་རིམ་པའི་བརླན་སའི་སྤྱི་གླིང་ཞིག་ཡོད་ཚེ། ཁྱེད་རང་ང་རྒྱལ་སྐྱེས་པ་ཁོ་ཐོག་ཡིན་ལ། ཡུས་ཧྲུའུ་དཔལ་ཐང་ཆུ་བོའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་ནི་ང་ཚོའི་ང་རྒྱལ་ཡིན།

2019ལོའི་ཟླ12ཚེས25ཉིན། དཔལ་ཐང་ཆུ་བོའི་བརླན་སའི་སྤྱི་གླིང་ལ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི2019ལོའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་ཚོད་ལྟའི་ལྟ་ཞིབ་ཚད་ལེན་ཐོབ་ནས། དངོས་སུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་གྱུར། དཔལ་ཐང་རྒྱལ་ཁབ་བརླན་ས་སྤྱི་གླིང་གི་སྐྱེ་ཁམས་མཛེས་ལྗོངས་ཐོན་ཁུངས་བེད་སྤྱད་དེ། ཡུས་ཧྲུའུ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྐྱེ་ཁམས་གནས་སྐོར་གོང་འཕེལ་གཏོང་བ་དང་མི་སྡོད་ཁོར་ཡུག་མཐོར་འདེགས་གཏོང་བ་གཉིས་ཟུང་འབྲེལ་བྱས་ནས། སྐྱེ་ཁམས་གནས་སྐོར་གྱི་དམངས་ཕན་ལམ་བུ་གསར་དུ་བཏོད།

དཔལ་ཐང་ཆུ་བོའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཤར་ལྷོ་རྒྱུད་དུ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི་གཅིག་དང་སྟོང་གཉིས་སུམ་བརྒྱ་ཞེ་དྲུག་ཡོད་ལ། སྐྱེ་རྒུ་གྲོང་རྡལ་དཀྱིལ་སྙིང་དུ་བྱས་པ་དང་། དཔལ་ཐང་ཆུ་བོ་དང་རྫ་ཆུ་དང་དེའི་ཆུ་ལག་གཙོ་ཐིག་ཏུ་བྱས་ལ། སྤྱི་གླིང་ནང་ཁུལ་གྱི་ཁྱད་དུ་འཕགས་པའི་མཐོ་སྒང་གི་ཆུ་རྒྱུན་བརླན་ས་དང་ཕུན་སུམ་ཚོགས་པའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཀྱིས། སྤྱི་གླིང་དེ་མདོ་དབུས་མཐོ་སྒང་སྟེང་གི་སྐྱེ་ཁམས་ཀྱི་འཛིང་རགས་གལ་ཆེན་དུ་འགྱུར་བར་བྱས་ཡོད།

ཡུས་ཧྲུའུ་གྲོང་ཁྱེར་ནགས་ལས་དང་རྩྭ་ས་ཅུའུ་ཡི་ཅུའུ་ཀྲང་ཉིན་ཞང་གིས་ངོ་སྤྲོད་བྱས་པ་ལྟར་ན། སྤྱི་གླིང་འཛུགས་སྐྲུན་ཐད་ནས་རང་བྱུང་དང་ཉེ་བར་བྱེད་རྒྱུ་དེ་འདུ་ཤེས་སུ་བྱས་པ་དང་། སྔར་ཡོད་ཀྱི་བརླན་ས་དང་ཆུ་བོ། མཛེས་ལྗོངས་ཐོན་ཁུངས་བེད་སྤྱོད་བྱས་ལ། སྔར་ཡོད་ཀྱི་ས་བབ་དང་ས་ཁམས་ཆགས་ཚུལ། སྔོ་ཁེབས་བཅས་སོར་འཇོག་བྱས་ནས། ཚད་ཆེས་ཆེ་བའི་སྒོ་ནས་རང་བྱུང་སྐྱེ་ཁམས་ཆ་ཚང་རང་བཞིན་དང་མ་ལག་རང་བཞིན། བདེན་དངོས་རང་བཞིན་མངོན་པར་བྱས་ཡོད་པ་དང་། གྲོང་མི་ཚོས་རང་བྱུང་དང་ཉེ་པོ་བྱེད་པ་དང་རང་བྱུང་མྱོང་རོལ་བྱེད་པ། རང་བྱུང་ལ་སྲུང་སྐྱོབ་བྱེད་ཐུབ་པར་བྱས་ཟེར།

བརླན་སའི་སྤྱི་གླིང་འཛུགས་སྐྲུན་བྱས་པ་དེས་ཡུས་ཧྲུའུ་ཡི་སྐྱེ་ཁམས་དང་ལྗང་མདོག་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་བཏིངས་པ་དང་། མང་ཚོགས་ལ་ལྗང་མདོག་གི་བར་སྟོང་སྔར་ལས་མང་པོ་འདོན་སྤྲོད་བྱས་ཡོད།

ཆུ་དྭངས་རི་སྔོ་དེ་ཡུས་ཧྲུའུ་གྲོང་ཁྱེར་གྱི་མང་ཚོགས་ཀུན་ལ་ཕན་པའི་དམངས་ཚིས་བདེ་སྐྱིད་ཡིན་པ་དང་། ཡུས་ཧྲུའུ་གྲོང་ཁྱེར་གྱི་འགུག་ཤུགས་ཀྱང་ཡིན།

ཡུས་ཧྲུའུ་གྲོང་ཁྱེར་གྱིས་དཔལ་ཐང་ཆུ་བོའི་བརླན་ས་སྤྱི་གླིང་འཛུགས་སྐྲུན་ཁྲོད་ལྗང་མདོག་མཉམ་སྤྱོད་ལ་དོ་སྣང་ཆེན་པོ་བྱས་པ་དང་། གྲོང་ཁྱེར་ནང་ཁུལ་གྱི་སྤྱི་གླིང་བཞི་བོ་དཔལ་ཐང་ཆུ་བོའི་རྒྱལ་ཁབ་བརླན་ས་སྤྱི་གླིང་གི་ལུགས་མཐུན་བཀོལ་སྤྱོད་ཁུལ་ཁུངས་ཁྲོད་བཞག་པར་མ་ཟད། བསྒྱུར་བཀོད་མཐོར་འདེགས་བཏང་ནས། ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་མིའི་མཁའ་དབུགས་གཙང་དག་བྱེད་ཆས་དང་བག་ཕེབས་རྩེད་འཇོ་བྱེད་སར་གྱུར་ཡོད་ལ། ཡུས་ཧྲུའུ་གྲོང་ཁྱེར་གྱིས་མཐོ་སྒང་གི་སྐྱེ་ཁམས་བབ་སྡོད་གྲོང་ཁྱེར་དང་མཐོ་སྒང་གི་ནགས་ཚལ་གྲོང་ཁྱེར། གནས་སྐོར་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་དང་། མི་སྡོད་ཁོར་ཡུག་ལེགས་བསྒྱུར་བྱེད་པའི་མིང་བྱང་གསར་བ་རུ་གྱུར་ཡོད།

དེར་མ་ཟད། ཡུས་ཧྲུའུ་གྲོང་ཁྱེར་གྱིས་རིག་གནས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རང་བྱུང་སྐྱེ་ཁམས་ཉམས་ལེན་གནས་སྐོར་དང་ཁམས་པའི་མི་གཞུང་ལོ་རྒྱུས་ཀྱི་གསང་ཞིབ་གནས་སྐོར། རི་སྐྱེས་རི་དྭགས་སྐྱེ་ཁམས་པར་ལེན་གནས་སྐོར། རང་བྱུང་འཚོལ་ཞིབ་ཚན་རིག་ཞིབ་འཇུག་གནས་སྐོར་སོགས་ཀྱི་གནས་སྐོར་འཕེལ་རྒྱས་མ་དཔེ་འཚོལ་ཞིབ་བྱས། དེ་དང་མཉམ་དུ། དཔལ་ཐང་ཆུ་བོའི་ཁྱད་དུ་འཕགས་པའི་ཆུ་གཡེང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་པ་དང་། ལུས་རྩལ་དང་གནས་སྐོར་མཉམ་བསྲེས་ཟབ་མོ་བྱས་ནས། རྒྱལ་སྤྱིའི་ཆུ་གཡེང་འགྲམ་དོན་སོགས་ཀྱི་ལུས་རྩལ་དང་སྐྱེ་ཁམས་ཟུང་འབྲེལ་གྱི་མ་དཔེ་གསར་བ་གསར་སྐྲུན་བྱས།

ཡུས་ཧྲུའུ་གྲོང་ཁྱེར་བྱ་ཆུ་ཁོག་སྲང་ལམ་སྐར་མདའ་སྡེ་བ་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཆུ་ཁུངས་ས་ཆ་གཙོ་བོ་རྫ་ཆུའི་འགོ་ཁུངས་སུ་ཆགས་པ་དང་། གྲོང་ཁྱེར་དང་ཆེས་ཐག་ཉེ་བའི་མཐོ་སྒང་གི་ཕྱུགས་ལས་རྐྱང་བའི་སྡེ་བ་ཡིན་ལ། སྡེ་བའི་ལུང་ཁུག་ཏུ་ཆུ་མིག་བརྒྱ་ལྷག་ཡོད་པ་དང་། སྡེ་བ་དེར་ཆུ་མིག་སྟོང་གི་འགོ་ཁུངས་ཀྱི་སྲུང་སྐྱོབ་ས་ཆའི་མཚན་མིང་ཐོབ་ཡོད།

2016ལོར་མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག སྐར་མདའ་སྡེ་བས་རང་སྡེ་བའི་འབྲོག་པ་མང་ཚོགས་ལ་རྒྱབ་རྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་སྐྱ་མི་རུ་ཁག་བཙུགས་པ་དང་། མིག་སྔར། སྐྱེ་ཁམས་སྲུང་སྐྱོབ་སྐྱ་མི་རུ་ཁག་ལ་བསྡོམས་པས་ཁོངས་མི་ཉི་ཤུ་ལྷག་ཡོད་ལ། རྟ་བཞི་བཅུ་ཡོད།

སྐར་མདའ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁྱུང་ཚེ་རིང་གིས་བཤད་རྒྱུར། སྐྱེ་ཁམས་སྲུང་སྐྱོབ་སྐྱ་མི་རུ་ཁག་བཙུགས་པའི་ཚུན་དུ། ང་ཚོས་ཐོག་མཐའ་བར་གསུམ་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་དང་། རང་ཉིད་ལ་བརྟེན་ནས་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱས། ཚོང་ལས་རང་བཞིན་གྱི་གནས་སྐོར་སྣེ་ལེན་གཞན་དང་མི་འདྲ་བར། ང་ཚོས་ཡུལ་སྐོར་བ་སྣེ་ལེན་བྱེད་སྐབས་ཡུལ་སྐོར་བའི་སྤྱོད་ཚུལ་ཐད་ནས་སྔོན་དུ་རེ་བ་གསལ་བོ་བཏོན་པ་སྟེ། དཔེར་ན། ཡུལ་སྐོར་རྒྱུད་རིམ་ཁྲོད་སྤོས་འགྱིག་ཁུག་མ་སོགས་སྤོས་འགྱིག་གི་བཟོས་དངོས་ཁྱེར་མི་རུང་བ་དང་། ཡུལ་སྐོར་བས་གད་སྙིགས་གསོག་སྤྱད་ཀྱི་ཁུག་མ་རས་ཁུག་ནང་བླུགས་རྗེས་ཡུལ་སྐོར་ལྗོངས་རྒྱུ་ཁུལ་གྱི་ཕྱི་རུ་ཁྱེར་བ་དང་། ཡུལ་སྐོར་བས་ཡུལ་སྐོར་བྱེད་སྐབས་ས་དེའི་དམངས་སྲོལ་རིག་གནས་དང་གོམས་སྲོལ་ལ་བརྩི་བཀུར་བྱེད་དགོས་པ་སོགས་ཀྱི་གསལ་འདེབས་བྱས།

ད་ལོར་ལོ་ཉེར་དགུ་ཡིན་པའི་བཀྲ་ཤིས་ཚེ་རིང་ནི་སྐར་མདའ་སྡེ་བའི་འབྲོག་པ་ཡིན་ལ། སྐྱེ་ཁམས་སྲུང་སྐྱོབ་སྐྱ་མིའི་རུ་ཁག་གི་ཁོངས་མི་ཡང་ཡིན། བཀྲ་ཤིས་ཚེ་རིང་གིས། ཆུང་དུས་སུ། སྤོ་བོ་དང་རྨོ་བོས་སྡེ་མིས་རི་བོར་བརྩི་འཇོག་བྱེད་པ་དང་ཆུ་ལ་སྲུང་སྐྱོབ་བྱེད་པའི་གཏམ་རྒྱུད་རྒྱུན་པར་བཤད་པ་དང་། ད་ལྟ་སྐྱེ་ཁམས་སྲུང་སྐྱོབ་སྐྱ་མིའི་རུ་ཁག་རྟ་ཐོག་གི་ཡུལ་སྐོར་སྣེ་ཤན་པ་ཡིན་ལ། ཡོང་སྒོ་ཇེ་མང་དུ་སོང་བའི་ཞོར་དུ། ད་དུང་ཁྱིམ་ཚང་དྲིལ་སྒྲོག་དང་ཕ་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་ཐད་སྟོབས་ཤུགས་འབུལ་ཐུབ་པ་དང་། ངས་བསམ་ན་དེར་དོན་སྙིང་གལ་ཆེན་ལྡན་ཟེར།

2023ལོར། སྐར་མདའ་སྡེ་བའི་སྐྱེ་ཁམས་སྲུང་སྐྱོབ་སྐྱ་མིའི་རུ་ཁག་གིས་བསྡོམས་པས་ཕྱི་ཕྱོགས་ཀྱི་ཡུལ་སྐོར་བ་དྲུག་ཅུ་ལྷག་སྣེ་ལེན་བྱས་པ་དང་། ཡུལ་སྐོར་བ་མང་པའི་དུས་སྐབས་སུ། སྐྱེ་ཁམས་སྲུང་སྐྱོབ་སྐྱ་མིའི་རུ་ཁག་གི་དུས་ཚིགས་རང་བཞིན་གྱི་ཡུལ་སྐོར་སྣེ་ཤན་པའི་བྱ་བས་སྐྱ་མིའི་རུ་ཁག་གི་ཁོངས་མིར་ཟླ་རེར་ཆ་སྙོམས་ཀྱིས་སྒོར་སྟོང་གཉིས་ཀྱི་ཡོང་སྒོ་ཁ་སྣོན་བྱེད་ཐུབ།

བཀྲ་ཤིས་ཚེ་རིང་གིས་བཤད་རྒྱུར། ཞིང་ཆེན་གྱིས་ད་དུང་རྒྱ་གྲམ་དམར་པོའི་བྱམས་ལྡན་ཁྱིམ་གཞིའི་ལས་གཞི་ང་ཚོའི་སྡེ་བ་རུ་བཀོད་སྒྲིག་བྱས་པ་དང་། ཆུ་འགོ་ཁུངས་ཀྱི་རིག་གནས་སྲུང་སྐྱོབ་སྐྱེ་ཁམས་སྐྱ་མིའི་རུ་ཁག་མཐུན་ཚོགས་བཙུགས་ལ། དེས་ང་ཚོ་ཕ་ཡུལ་གྱི་ཆུའི་འགོ་ཁུངས་ཀྱི་སྐོར་སྲུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཟབ་ཞུགས་བྱེད་པའི་ཚད་ཇེ་མཐོར་བཏང་། དེར་མ་ཟད། སྐར་མདའི་མ་དཔེའི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་སོང་བའི་མཚན་མིང་ཡུས་ཧྲུའུ་གྲོང་ཁྱེར་དུ་ཁྱབ་ཡོད།

2016ལོར། སྐར་དམའ་སྡེ་བས་དབུལ་ཕོངས་ཁྱིམ་ཚང་གི་མ་རྐང་མཉམ་བསྡུས་རང་བདག་ཚོང་གཉེར་གྱི་རྣམ་པར་བརྟེན་ནས། སྒོར་ས་ཡ་གཅིག་དང་འབུམ་བཞི་ཁྲི་གཉིས་བརྒྱད་བརྒྱ་ཡི་ཁྱིམ་འབབ་ཐོན་ལས་རྒྱབ་སྐྱོར་མ་དངུལ་སྡེ་བའི་ཐུན་མོང་གི་ཐོན་ལས་མཉམ་ལས་ཁང་དུ་བཏང་སྟེ། རིམ་པ་བཞིན་ཁུལ་གནས་ཀྱི་དགེ་མཚན་དང་ངལ་རྩོལ་ནུས་ཤུགས་ཀྱི་དགེ་མཚན། རྩལ་ནུས་དགེ་མཚན་གྱི་ཚོང་གཉེར་མ་དཔེ་གྲུབ་པར་བྱས།

ཁྱུང་ཚེ་རིང་གིས་བཤད་རྒྱུར། ང་ཚོ་སྐར་མདའ་སྡེ་བའི་སྣ་འཛོམས་ཚོང་རས་འབྲོག་མ་མང་ཚོགས་ཀྱིས་ལས་པའི་ལག་བཟོས་ཐོན་རྫས་མང་པོ་བཙོང་བཞིན་ཡོད་པ་དང་། དེའི་ཁྲོད་དུ་བོད་ལྭ་དང་ཕིང་སྤུས་ལེགས། རྩམ་པ། མཆོད་མར་སོགས་འདུ། མིག་སྔར་སྡེ་བ་ཡོངས་སུ་རྩལ་ནུས་གསོ་སྦྱོང་བརྒྱུད་དེ་ཉེ་དུས་ནས་ལས་ཞུགས་བྱས་པའི་སྡེ་དམངས་ཀྱིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་དོན་ལྔ་ཡན་ཟིན་པ་དང་། སྐར་མདའི་མ་དཔེ་ཡིས་སྡེ་དམངས་ཀྱི་སྣེ་ཁྲིད་དེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་ཐོན་རྫས་འཕེལ་རྒྱས་སུ་བཏང་ནས། རིམ་པ་བཞིན་དུ་བདེ་སྐྱིད་ཀྱི་ལམ་དུ་ཞུགས།

མིག་སྔར། སྐར་མདའ་སྡེ་བའི་རྩྭ་ར་དང་ཆུའི་འགོ་ཁུངས་ལ་སྲུང་སྐྱོབ་བཟང་བོ་ཐོབ་པ་དང་། ལྷག་པར་དུ་རྩྭ་སའི་སྐོར་ར་མེད་པར་བྱས་རྗེས། ཕྱུགས་རའི་ཁོར་ཡུག་རིམ་པ་བཞིན་སླར་གསོ་བྱུང་། ད་ལྟའི་སྐར་མདའ་སྡེ་བ་ནོར་ལུག་ཁོ་ནར་བརྟེན་པའི་འཚོ་བ་ལས་ཐོན་ལས་ཡོད་པ་དང་བྱ་བ་ཡོད་པ། ཁེ་སྤོགས་ཡོད་པའི་འཚོ་བར་ཞུགས་ཐུབ་པ་བྱུང་ཟེར།