རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རང་བྱུང་སྲུང་སྐྱོབ་ཀྱི་མཛེས་པ།
2024.06.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 22

 མཚོ་སྔོན་ནི་རང་རྒྱལ་གྱི་གལ་ཆེ་བའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཡིན། གནས་འདི་རུ། མི་རྣམས་ཀྱིས་རང་བྱུང་གིས་བསྩལ་བའི་མཛེས་སྡུག་ལ་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྲུང་སྐྱོབ་བྱེད་བཞིན་ཡོད་ལ།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་དེ་ཕུགས་འདུན་ཡིན་པའི་འཚོ་བའི་རྣམ་པ་བསྐྲུན་ནས། ལྗང་མདོག་ཐོན་ཁུངས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་བགྲོད་ལམ་ཇུས་འགོད་བྱེད་བཞིན་ཡོད།

མིག་སྔར་ནི་ཨ་ཆེན་གངས་རྒྱབ་ཀྱི་ཆེས་མཛེས་པའི་དུས་ཚིགས་སྟེ། གཙོད་ཁྱུ་གནས་སྤོར་ གྱི་དུས་ཚིགས་ཡིན།  ལོ་རེའི་ཟླ5པ་ནས་ཟླ7པའི་བར་དུ། མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་བོད་ལྗོངས་བྱང་ཐང་། ཞིན་ཅང་ཨར་ཅིན་རི་བོ་བཅས་ནས་ཡོང་བའི་གཙོད་ཁྱུ་དག ཨ་ཆེན་གངས་རྒྱབ་ཀྱི་དཀྱིལ་དབུས་ས་ཁུལ་བྲག་ནག་མཚེའུ་ཉེ་འགྲམ་དུ་གཙོད་ཕྲུག་རྩེབ་པར་ཡོང་བ་རེད།

ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་སྨུག་པ་ལ་སྒང་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་ཀརྨ་ཡར་འཕེལ་གྱིས་བཤད་རྒྱུར།  སྔོན་ཆད། གཙོད་བལ་གྱིས་བཟོས་པའི་ཧྲ་ཐུའུ་ཧྲི་ཅེས་པའི་སྐེ་དཀྲིས་མེ་གླིང་དང་ཡོ་རོབ་ཀྱི་ཚོང་རར་ཧ་ཅང་བྲིན་པས། གཙོད་ཁྱུ་གནས་སྤོར་བར་རང་བྱུང་གི་གནོད་འཚེ་ལས་གཞན་ད་རུང་ཁྲིམས་འགལ་གྱི་རྔོན་པའི་འཛིན་གསོད་ལ་ཁ་གཏོད་དགོས། སྲུང་སྐྱོབ་ས་ཚིགས་ཀྱི་ལས་བྱེད་མི་སྣས་རྩ་འཛུགས་འོག འགྲོ་འོང་གི་རླངས་འཁོར་གྱིས་རང་འགུལ་ངང་ལམ་གཡོལ་བྱས་ཏེ། སྐབས་རེར་དུས་ཚོད་གཅིག་ལྷག་གི་རིང་ལ་ལམ་གཡོལ་བྱེད་དགོས་ཟེར།

མིག་སྔར། ཨ་ཆེན་གངས་རྒྱབ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་བཅུག་ཡོད་པ་དང་། དེར་སྲུང་སྐྱོབ་ས་ཚིགས6བཙུགས་ཡོད་ལ། སྐོར་ཞིབ་པ་བརྒྱ་ལྷག་གིས་ཁག་བགོས་ནས་ས་ཚིགས་སུ་བཅའ་སྡོད་དང་དུས་ངེས་མེད་དུ་སྐོར་ཞིབ་བྱེད་བཞིན་ཡོད། གནས་འདིར་གཙོད་ཁྱུའི་གྲངས་ཀ་ནི་དུས་རབས་སྔོན་མའི་ལོ་རབས80པའི་མཇུག་ཏུ་ཁྲི2ཙམ་ནས་ད་ལྟ་ཁྲི7ལྷག་ལ་སླར་གསོ་བྱུང་ཡོད།

མཚོ་སྔོན་ནི་འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་ཅུང་ཕུན་སུམ་ཚོགས་པའི་ས་ཁུལ་གྲས་ཤིག་ཡིན་ལ། དེར་སྐམ་སའི་རི་སྐྱེས་སྲོག་ཆགས་རིགས665ཡོད། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་བཅུག་སྟེ། ས་གནས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གཏན་ཁེལ་བྱས་ནས།  ནན་ཏན་སྒོས་བཅའ་ཁྲིམས་ལག་བསྟར་གྱིས་ཁྲིམས་འགལ་ལ་རྡུང་རྡེག་བཏང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བ་ནས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་པ་སོགས་སྲུང་སྐྱོབ་དྲ་བ་སྔར་ལས་དམ་ཚགས་སུ་གྱུར་ནས།  སྲོག་ཆགས་ཀྱི་ཞིང་ཁམས་ཞེས་པའི་མཚན་སྙན་ཐོབ་ཡོད།

མཚོ་བོད་གཞུང་ལམ་བརྒྱུད་དེ་ལྷོ་ཕྱོགས་སུ་བསྐྱོད་ནས་མུ་ཏིག་ཚ་ཆུ་དང་མེ་རླུང་རི་བོར་བརྒལ་ཚེ།  འབྲི་ཆུའི་མགོ་ཁུངས་སྟེ་དམར་ཆུར་སླེབས་ཐུབ།

མགོ་ཁུངས་དེད་ཚེ། གངས་འཁྱགས་ཞུ་བའི་ཆུ་ཕྲན263དེར་གཅིག་ཏུ་འདུས་ཡོད། སྒོ་ཕྱུགས་དང་གསར་སྤེལ་གཏན་འགོག་བྱས་ཡོད་པས། ལྷད་མེད་ཀྱི་གངས་རི་དང་དྭངས་གཙང་གི་མཚེའུ། ལྗང་ནེམ་གྱི་རྩྭ་ཐང་སོགས་མི་ཡུལ་གྱི་དག་ཞིང་ཅིག་ངང་གིས་གྲུབ་ཡོད།

དམར་ཆུ་དང་མཚོ་བོད་ལྕགས་ལམ་འདྲེམ་མཚམས་ཀྱི་གདང་ལ་གྲོང་རྡལ་དུ། གསར་འགོད་པས་ས་གནས་ཀྱི་ལས་བྱེད་པས་ལམ་རྒྱུད་ཀྱི་ཚོང་ཁང་དུ་གད་སྙིགས་ཐག་གཅོད་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། ཁ་ལོ་པ་མང་པོ་ཞིག་གིས་གད་སྙིགས་ཀྱི་སྣོད་གྲ་སྒྲིག་བྱས་ཡོད་པ།  ཁོར་སྲུང་དང་བླངས་པས་ཡུལ་སྐོར་པར་སྤྱི་ཕན་དྲིལ་སྒྲོག་བྱེད་བཞིན་པ་མཐོང་། འདི་དག་ལས་ཁོར་སྲུང་འདུ་ཤེས་རིམ་བཞིན་མཐོར་འདེགས་སུ་བཏང་ཡོད་པ་ཤེས་ཐུབ།

གདང་ལ་གྲོང་རྡལ་གྱི་མགོ་གཙོ་པད་མ་རྡོ་རྗེས་བཤད་རྒྱུར། འབྲི་ཆུའི་མགོ་ཁུངས་ཀྱི་གྲོང་རྡལ་དང་པོ་དང་མཚོ་བོད་ལྕགས་ལམ་སྟེང་གི་མཁོ་སྣོན་ས་ཚིགས་ཤིག་ཡིན་པའི་ཆ་ནས། ང་ཚོའི་གྲོང་རྡལ་གྱིས་མཚོ་བོད་ལམ་ཐིག་ལ་ཞབས་ཞུ་བྱེད་པའི་དུས་མཚུངས་སུ། ནན་ཏན་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོར་བསྒྲུབས་ནས། འབྲི་ཆུའི་མགོ་ཁུངས་ལ་བདག་སྐྱོང་ལེགས་པོ་བྱེད་དགོས་ཟེར།

རྒྱུས་ལོན་པ་ལྟར་ན། མི་ཡུལ་གྱི་དག་ཞིང་འདིར་སྲུང་སྐྱོབ་ལེགས་པོ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་གསར་སྤེལ་ཚད་བཀག་ཁུལ་དང་གསར་སྤེལ་གཏན་འགོག་ཁུལ་དགར་བ་དེས་ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི0%ཟིན་ཞིང་།  མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲིད་འཛིན་ཆད་གཅོད་ཀྱི་ཚད་གཞི་སོགས་ཁྲིམས་སྲོལ་མང་པོ་བཏོན་ཡོད།

གཟབ་ནན་གྱི་བྱེད་ཐབས་རབ་དང་རིམ་པའི་སྲུང་སྐྱོབ་འོག རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་གསོག་ཉར་བྱེད་ཚད་མུ་མཐུད་དུ་ཇེ་མཐོར་སོང་ཞིང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཁྱུ་ཚོགས་གྲངས་ཀ་མུ་མཐུད་དུ་ཇེ་མང་ལ་སོང་ཡོད། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཉེ་ལམ་ཁྱབ་བསྒྲགས་བྱས་པའི《2023ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་སྤྱི་བསྒྲགས》ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་འབྲི་ཆུ་དང་རྨ་ཆུ། རྫ་ཆུའི་བཞུར་རྒྱུད་ཀྱི་ཆུ་སྤུས་རིམ་པ་གཉིས་པར་སླེབས་ཤིང་། ཆུ་སྤུས་ཀྱི་གནས་བབ་ཧ་ཅང་བཟང་བ་རེད།

མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་མ་ལག་གིས་འཆམ་མཐུན་གྱི་མཛེས་པ་བསྐྲུན།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གནད་འགག་ནི་མི་ལ་ཐུག་ཡོད། 2004ལོར། ཉམས་ཞན་དུ་གྱུར་བའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་ཆེད། དམར་ཆུའི་འགྲམ་རྒྱུད་ཀྱི་སྡེ་བ་དྲུག་གི་ཕྱུགས་འགོག་ཁུལ་གྱི་ཁྱིམ་ཚང128དང་མི470སྤྱི་ལེ420ལྷག་ཡོད་པའི་ན་གོར་མོ་གྲོང་ཁྱེར་དུ་གནས་སྤར་ཏེ། སྡེ་མིང་ལ་འབྲི་ཆུའི་མགོ་ཁུངས་སྡེ་བ་ཞེས་བཏགས།

འབྲི་ཆུའི་མགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་དགྲ་འདུལ་གྱིས་བཤད་རྒྱུར། སྔོན་ཆད། འབྲོག་པ་རྣམས་གནས་སྤོར་བྱེད་པར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཁོ་ཚོས་གྲོང་ཁྱེར་གྱི་འཚོ་བར་ཆ་རྒྱུས་མེད་པ་མ་ཟད་ཡོང་འབབ་ཀྱང་ཅི་ལྟར་བསྐྲུན་དགོས་པ་ཤེས་ཀྱིན་མེད། འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག འབྲོག་ཁུལ་ལས་སྤར་བའི་འབྲོག་དམངས་ལ་ལོ་རེར་གཏན་འཇགས་ཀྱི་རྩྭ་སའི་བྱ་དགའི་ཁ་གསབ་ཀྱི་ཡོང་འབབ་ཡོད་པ་མ་ཟད། འབྲེལ་ཡོད་ནུས་རྩལ་གསོ་སྦྱོང་བྱས་པ་དང་སྡེ་བའི་ཐོན་ལས་སྤེལ་བ་དང་བསྟུན་ནས།  འབྲོག་པ་མང་ཚོགས་ཀྱིས་ལས་སྐྲུན་རྩོལ་ལས་ཁྲོད་རིམ་བཞིན་གྲོང་ཁྱེར་གྱི་འཚོ་བར་གོམས་ལོབས་སུ་གྱུར་ལ། ཁྱིམ་ཚང་གི་ཡོང་འབབ་ཀྱང་མུ་མཐུད་དུ་ཇེ་མཐོར་སོང་ཡོད། ད་ལྟ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ས་ཡ་གཅིག་ཡན་ལ་སླེབས་ཤིང་།  འབྲོག་པ་མང་ཚོགས་སྔར་ལས་མང་པོ་ཞིག་རང་འགུལ་གྱིས་གནས་འདིར་སྤར་ཡོད། མིག་སྔར་སྡེ་བ་ཧྲིལ་བོར་ཁྱིམ་ཚང223དང་མི609ཡོད།

རྣམ་སྲས་གྲོག་རོང་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ཁོངས་སུ་ཡོད་པ་དང་། རྫ་ཆུ་ནི་གནས་འདི་བརྒྱུད་དེ་ལྷོ་ཕྱོགས་སུ་བཞུར་བཞིན་ཡོད། གྲོག་རོང་གི་འགྲམ་གཉིས་སུ་ནགས་ཚལ་སྟུག་པོས་ཁྱབ་པ་དང་། དྭངས་གཙང་གི་རྫ་ཆུ་ནི་དལ་གྱིས་འབབ། 2016ལོར་རྣམ་སྲས་གྲོག་རོང་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྫ་ཆུའི་མགོ་ཁུངས་ཀྱི་ལྟེ་བའི་ཁུལ་དུ་གཏན་ཁེལ་བྱས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་རྫ་ཆུ་མགོ་ཁུངས་དོ་དམ་ཨུ་ཡོན་ལྷན་ཁང་འཆར་འགོད་ནོར་སྲིད་པུའུ་ཡི་པུའུ་ཀྲང་མུའུ་ཡུང་ཧུང་གིས་བཤད་རྒྱུར། གནས་འདིའི་འབྲོག་པ་མང་ཚོགས་ཀྱི་ཉིན་རྒྱུན་གྱི་འཚོ་བས་རང་བྱུང་ལ་ཐེབས་པའི་ཤུགས་རྐྱེན་ཧ་ཅང་ཆུང་སྟེ། ཁོ་ཚོར་ཕྱུགས་ཟོག་ཉུང་བ་དང་།  སྐྱེ་ཁམས་ལྟ་སྲུང་པའི་འགན་ཁུར་ཏེ་ས་གནས་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ལ། དེ་ལས་ལོ་རེར་ཁྱིམ་ཚང་རེར་སྒོར་ཁྲི2ལྷག་གི་ཡོང་འབབ་ཡོད་ཟེར།

སྲུང་སྐྱོབ་ས་ཁུལ་ལས་གཞན། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ། ཕྱོགས་ཡོངས་ནས་མཐོ་སྒང་གི་ཆེས་མཛེས་པའི་ཁྱིམ་གཞིས་བསྐྲུན་ཞིང་། 58%ཡན་གྱི་སྡེ་བས་མཐོ་སྒང་གི་མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན་བྱས་པ་དང་། ཞིང་སྡེའི་གད་སྙིགས་བཅོས་སྐྱོང་བྱས་ཚད་ཀྱང91.7%ལ་སླེབས་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་དུ། འབྲོག་པ་མང་ཚོགས་ཀྱིས་མ་དངུལ་བསྡུ་རུབ་བྱས་ཏེ། རྩྭ་འདེབས་ཡོ་བྱད་ཉོས་ནས་ས་ནག་ཐང་བཅོས་སྐྱོང་གི་ལས་ལ་ཞུགས་ཡོད།

ལྗང་མདོག་བསྙེགས་ནས་འཕེལ་རྒྱས་ཀྱི་མཛེས་པ་མངོན་པར་བྱས།

མུ་གེ་ཐང་ནི་སྔོན་ཆད་མཚོ་སྔོན་མངའ་ཁོངས་ཀྱི་རྨ་ཆུའི་སྟོད་རྒྱུད་ཀྱི་མྱ་ངན་ཐང་ཞིག་ཡིན། ད་ལྟ་གནས་འདི་ནི་འཛམ་གླིང་སྟེང་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་བཏོན་པའི་གློག་ཤུགས་ཆེས་ཆེ་བའི་འོད་ནུས་གློག་འདོན་གླིང་ཁུལ་དུ་གྱུར་ཡོད།

སྤྱི་ལེ་གྲུ་བཞི་མ345ཡི་གློག་འདོན་གླིང་ཁུལ་དུ། འོད་ནུས་གློག་ཤེལ་བྱེ་བ་གཅིག་ཡན་མཐོ་དམའ་མི་སྙོམས་པར་སྒྲིག་ཡོད་པ་དང་།   ལོ་རེའི་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་ཐེར་ཆེན་གཉིས་ཡིན་ཞིང་།   དེ་ནི་དབྱང་གཉིས་ཐཱན་འགྱུར་ཏུན་བྱེ་བ་གཉིས་ལྷག་ ཉུང་གཏོང་བྱས་པ་དང་མཚུངས།

མུ་གེ་ཐང་དང་བར་ཐག་སྤྱི་ལེ་བཅུ་ལྷག་ཡོད་པའི་སར། རྨ་ཆུའི་སྟོད་རྒྱུད་ཀྱི་གློག་འདོན་ས་ཚིགས་ཆེན་པོ་ཚ་རྔ་འགག་ཆུ་གློག་ས་ཚིགས་ཡོད་པ་དང་།  རྨ་ཆུའི་བཞུར་རྒྱུན་དང་བསྟུན་ནས།  ཉིན་མོར་འོད་ནུས་ཀྱིས་ཤུགས་འདོན་པ་དང་མཚན་མོར་ཆུ་ཤུགས་ཀྱིས་ཁ་གསབ་བྱེད་པ་ཡིན། ངོ་མཚར་བའི་ཇུས་འགོད་འདིས། འོད་ནུས་དང་ཆུ་ཤུགས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་མུ་མཐུད་དུ་ལྗང་མདོག་ནུས་ཁུངས་ཐོན་སྐྱེད་བྱེད་བཞིན་ཡོད།

མཚོ་སྔོན་གྱིས་མགྱོགས་མྱུར་ངང་དུང་ཕྱུར་སྟོང་རིམ་པའི་འོད་ནུས་དང་ལི་གློག་ཐོན་ལས་ཁྱུ་ཚོགས་གསོ་སྐྱོང་བྱེད་བཞིན་ཡོད།

གཞན་ཡང་ལྗང་མདོག་གློག་ཤུགས་ཀྱིས་མིའི་ཐབས་རིག་ནུས་དང་གྲངས་ཀའི་ཐོན་ལས་ཀྱི་ནུས་ཁུངས་རྨང་གཞི་སྲ་བརྟན་དུ་བཏང་ཡོད།

ཟླ3པའི་ཚེས29ཉིན། མཚོ་སྔོན་ལྗང་མདོག་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་འོས་སྦྱོར་ཚོགས་འདུ་པེ་ཅིན་དུ་བསྡུས་པ་དང་། ཟླ5པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ལྗང་མདོག་རྩིས་ཤུགས་ཚོང་འགུག་དངུལ་འདྲེན་བཞུགས་མོལ་ཚོགས་འདུ་ཅང་སུའུ་ནན་ཅིན་དུ་བསྡུས།  “ནུབ་གློག་ཤར་འདྲེན”ནས“ཤར་གྲངས་ནུབ་རྩིས”བར།  མཚོ་སྔོན་གྱིས་ཤུགས་ཆེན་པོས་ཐོན་ལས་གསར་བ་གསོ་སྐྱོང་བྱེད་བཞིན་ཡོད།

མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱི་ཐིན་ཀྲང་གཞོན་པ་ཀུའོ་དབྱི་ཡིས་བཤད་རྒྱུར། མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་གཞི་གྲངས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་གཞི་གྲངས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  གཞི་གྲངས་ཉེར་སྤྱོད་མཉམ་འདྲེས་དང་གྲངས་ཀའི་ལག་རྩལ་གསར་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

མཚོ་སྔོན་ལ་རང་བྱུང་གིས་བསྩལ་བའི་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་ལྗང་མདོག་ནུས་ཁུངས་ཡོད་པས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་བེད་སྤྱོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཛེས་སྡུག་གི་ཀྲུང་གོའི་དཔེ་རིས་གསར་པ་རིས་སུ་འགོད་བཞིན་ཡོད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།