སྐད་ཅིག་ཙམ་ཡང་སྡོད་པ་མེད་པའི་ལོ་ཟླའི་བཞུར་རྒྱུན་རིང་བོའི་ཁྲོད། མ་འོངས་པ་བརྟོལ་བའི་དུས་སྐབས་རེ་འགའ་ནམ་རྒྱུན་ཡོད་པ་དང་། ལོ་རྒྱུས་ཀྱི་གནས་ཚད་སྟེང་འོད་སྟོང་རབ་ཏུ་འབར་བའི་བག་ཆགས་རེ་འཇོག་སྲིད་པ་ཁོ་ཐག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་མཚོ་སྔོན་དུ་གཟིགས་ཞིབ་བྱེད་པར་ཕེབས་པ་དང་། རྒྱལ་ཡོངས་དམངས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་གང་ལེགས་བྱེད་པ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་སྲ་བརྟན་དུ་ཆགས་པར་བྱས་ནས། ཟོལ་མེད་ཀྱིས་སའི་གོ་ལའི་གླིང་སྣེ་གསུམ་པའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་མཛད།
མངག་བཅོལ་ཡིད་ལ་བཟུང་ཞིང་། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་གཏན་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ནས། བསྟུད་མར་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བསྐྲུན་དང་ཐོན་ལས་གནས་བཞི་སྣེ་ཁྲིད་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་བཙུགས།
ད་ལྟའི་མཚོ་སྔོན་དུ། ཀྲུང་ཧྭའི་ཆུ་མཛོད་སྔར་ལས་བརྟན་ཞིང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་མདུན་གྲལ་དུ་སྐྱོད་བཞིན་ཡོད་ལ། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བསྟུད་མར་སྲ་བརྟན་དུ་བཏང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ནས། ལྷད་མེད་ཐཱན་ཉུང་གི་སྤོར་བསྒྱུར་གོམ་སྟབས་ཇེ་མགྱོགས་སུ་བཏང་། གནམ་སའི་བར་ནས་ལྗང་མདོག་གི་རི་མོ་མངོན་པར་བཀྲ་བའི་རྔམ་བརྗིད་ལྡན་པའི་རྨ་འབྲི་རྫ་གསུམ་འབྱུང་སའི་ཡུལ་གྲུ་འཛུགས་སྐྲུན་བྱས་སྟབས། སྐྱེ་ཁམས་མཛེས་ཤིང་ཡིད་དུ་འོངས་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱས་ཡོད།
སྐྱེ་ཁམས་གཙོར་བཟུང་ནས་འཆམ་མཐུན་མཉམ་གནས་བྱེད།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་འབའ་དགོན་ཡུལ་ཚོའི་གཏེར་ཆུ་སྡེ་བར་གསའ་ལ་ལྟ་རྟོག་ཚད་འཇལ་བྱེད་པའི་རུ་ཁག་ཅིག་ཡོད། དགེ་ལེགས་རྒྱ་མཚོ་ནི་ལྟ་རྟོག་ཚད་འཇལ་རུ་ཁག་གི་རུ་དཔོན་ཡིན། རུ་ཁག་དེས་གཅན་གཟན་གསའ་ལ་ལྟ་རྟོག་ཚད་འཇལ་བྱེད་དགོས་པར་མ་ཟད། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་གཞན་པར་ཡང་ལྟ་རྟོག་ཚད་འཇལ་བྱེད་དགོས་ཡོད། རུ་མི་སོ་སོའི་སྐོར་གཡེང་ཉིན་ཐོའི་ཁ་ཕྱེས་ཚེ། རི་སྐྱེ་སྲོག་ཆགས་དང་སྐྱེ་དངོས་སྣ་ཚོགས་ཀྱི་རྒྱུ་ཆ་ཉར་འཇོག་བྱས་ཡོད།
ཐུན་མིན་གྱི་ཐོན་ཁུངས་ཁྱད་སྟོབས་ལ་བརྟེན་ནས། ཉེ་བའི་ལོ་འགའི་རིང་ལ། རོང་འབྲོག་པའི་ལག་ནས་ཐོན་པའི་སྐྱེ་ཁམས་ཀྱི་པར་རིས་བརྩམས་ཆོས་ཇེ་མང་ཡིན་པ་དང་། རྒྱལ་ནང་གི་ས་ཁུལ་མང་བོའི་པར་རིས་འགྲེམ་སྟོན་བྱ་འགུལ་སྟེང་འགྲེམ་སྟོན་བྱེད་བཞིན་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་བ་དང་བསྟུན་ནས། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྔར་ལས་ཇེ་མང་དུ་སོང་བ་དང་སྐྱེ་དངོས་སྣ་མང་ཅན་ཕན་ནུས་ལྡན་པར་སླར་གསོ་བྱུང་ཡོད། རི་དྭགས་གཙོད་ཆེས་ཉུང་བའི་དུས་ཀྱི་ཁྲི་གཉིས་ནས་ཁྲི་བདུན་ལ་ཇེ་མང་དུ་སོང་ཡོད་པ་དང་། མཐོ་སྒང་གི་སྲོག་ཆགས་རྩ་ཆེན་གཅན་གཟན་གསའ་ཡང་སྟོང་གཅིག་དང་ཉིས་བརྒྱ་ལྷག་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ནས་རྙེད་ནས་ལྟ་རྟོག་ཚད་འཇལ་བྱས་ཡོད་ལ། དགོ་དམར་གྱི་ཁ་གྲངས་ཀྱང་སྟོང་གསུམ་དང་བཞི་བརྒྱ་ལྷག་ལ་བསླེབས་ཡོད་པར་མ་ཟད། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཀྱང་ཏུན་ཁྲི12.03ལ་བསླེབས་ཡོད།
མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ནང་། གཅན་གཟན་གསའ་མཉམ་འགྲོ་བྱེད་པའི་བརྙན་རིས་རྒྱུ་ཆ་རྩ་ཆེན་བརྙན་ཕབ་བྱས་ཡོད་པ་དང་། སྔ་གཞུག་ཏུ་རི་བྱི་དང་རི་ཞུམ། སྲེ་མོང་སོགས་ཀྱང་ལྟ་རྟོག་ཚད་འཇལ་བྱས་ཡོད། མཚོ་སྔོན་པོའི་བཞུར་བརྒྱུད་དུ་ཐོག་དང་པོར་འདབ་ཆགས་རིགས་ཀྱི་རྒྱལ་ནོར་དུ་བསྔགས་པའི་ཤར་ཕྱོགས་ཀྱི་ཁྲུང་ཁྲུང་དཀར་མོ་རྙེད་པ་དང་། མཚོ་སྔོན་པོའི་དབྱར་ཁའི་དུས་བྱ་དེ་རིགས་བཞི་ནས་རིགས་སྣ་ལྔར་འཕར་ཡོད་ལ། ལྟ་རྟོག་ཚད་འཇལ་བྱུང་བའི་འདབ་ཆགས་ཀྱི་རིགས་ཀྱང་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད། ཨ་ཆེན་གངས་རྒྱབ་ཀྱི་གཙོད་དེ་ཡང་བསྐྱར་ལོ་རེའི་ཐེངས་རེའི་གནས་སྤོར་གྱི་དུས་ལ་བབས་ཡོད། མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང་ལས་གཙོད་སྟོང་གསུམ་ལྷག་བསྟུད་མར་མཚོ་བོད་ལྕགས་ལམ་གྱི་སྨུག་པ་ལ་སྒང་བྱང་ངོས་ཀྱི་ཟམ་ཆེན་བརྒལ་བའི་སྣང་ཚུལ་དེ་བརྙན་ཕབ་བྱས་ཡོད།
འཕེལ་རྒྱས་ཀྱི་དུས་རིམ་གསར་བར་བསླེབ་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཙུགས་ཡོད་པས། མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་གོ་གནས་དང་རྒྱལ་ཁོངས་བདེ་འཇགས་གོ་གནས། ཐོན་ཁུངས་ནུས་ཁུངས་ཀྱི་བདེ་འཇགས་གོ་གནས་བཅས་སྔར་ལས་གལ་འགངས་ཆེ་བར་མངོན།
སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ། ཀྲུང་ཧྭའི་ཆུ་གཏེར་སྲུང་སྐྱོབ་བཅས་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་དུ་བླངས་ཤིང་། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པོའི་ལག་ལེན་གྱི་མཐོ་ས་གསར་བ་གསར་སྐྲུན་བྱེད་པ་སྣེ་ཁྲིད་དུ་བྱས་ཏེ། ཧུར་ཐག་སྒོས་སྐྱེ་ཁམས་བདེ་འཇགས་འགོག་ར་དང་ལྷད་མེད་འཕེལ་རྒྱས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་གསར་གཏོད། རི་ཆུ་ནགས་གསུམ་དང་མཚོ་ཞིང་རྩྭ་གསུམ། བྱེ་མ་དང་འཁྱག་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ། མ་ལག་ལྡན་པའི་བཅོས་སྐྱོང་། སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་བཅས་མཐོ་ས་གསར་བ་བདུན་གསར་བསྐྲུན་བྱས་ནས། ཕྱོགས་ཡོངས་ནས་སྔར་ལས་ཤུགས་ཚད་ཆེ་བ་དང་སྔར་ལས་ཆུ་ཚད་མཐོ་བའི་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
རི་ཆུ་ནགས་གསུམ་དང་མཚོ་ཞིང་རྩྭ་གསུམ། བྱེ་མ་དང་འཁྱག་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་ལ་གཅིག་འདོམས་བྱས་ཏེ། བསྟུད་མར་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་གཏན་འཇགས་རང་བཞིན་མཐོར་འདེགས་བྱས་ནས་ལྗང་མདོག་གི་རང་མདངས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་། ད་ལྟ་རྩྭ་སའི་སྤང་ཤུན་གྱི་ཕྱོགས་བསྡུས་ཁེབས་ཚད་བརྒྱ་ཆའི58.12ལ་བསླེབས་པ་དང་། བྱེ་འགྱུར་ཅན་དང་བྱེ་འགྱུར་གྱི་ས་ཞིང་གི་རྒྱ་ཁྱོན་བསྟུད་མར་ཇེ་ཉུང་དུ་སོང་ཡོད་ལ། རླུང་ཁམས་ཆེན་མོ་དང་ཆུ། ས་རྒྱུ་བཅས་ཀྱི་ཁོར་ཡུག་གི་སྤུས་ཚད་བསྟུད་མར་ཕུལ་བྱུང་སྲུང་འཛིན་བྱས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་ཀྱི་སྤུད་ཚད་བཟང་བའི་ཉིན་གྲངས་བསྡུར་ཚད་དེ་ལོ་ཧྲིལ་བོར་བརྒྱ་ཆའི96ཡན་ལ་སྲུང་འཛིན་བྱས་ཡོད་པར་མ་ཟད། འབྲི་ཆུ་དང་རྨ་ཆུའི་བཞུར་རྒྱུན། རྫ་ཆུའི་ཞིང་ཆེན་ནང་ཁུལ་གྱི་བཞུར་མཚམས་ཀྱི་ཆུའི་སྤུས་ཚད་རིགས་གཉིས་པ་དང་དེའི་ཡན་ལ་སྲུང་འཛིན་བྱས་ཡོད།
རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བཅས་བྱེད་དགོས། མིག་ལ་མཚར་སྣང་སྟེར་བའི་གཞི་གྲངས་དང་ཤུགས་དང་ལྡན་པའི་བྱེད་ཐབས་རེ་རེས་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་ཆེན་པོ་དང་ཤུགས་ཚད་སྔ་ན་མེད་པ་ཞིག་ཡིན་པ་མཚོན་ཐུབ། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག མཚོ་སྔོན་ཞིང་ཆེན་གྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག་སོགས་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་་པར་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་བཙུགས་ཡོད་པར་མ་ཟད། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་སའི་འཛུགས་སྐྲུན་གྱི་སྲོལ་ཡིག་དེ་ཡང་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།
ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བར་གཙང་གསུམ་འབྱུང་ཡུལ་གྱི་བུ་དང་བུ་མོས་སྟོབས་ཤུགས་བཏོན་ནས། གནས་དེའི་ལྗང་མདོག་ལ་སྲུང་སྐྱོབ་བྱེད་བཞིན་འདུག
རྒྱལ་ཁབ་སྤྱི་གླིང་ནི་མཛེས་སྡུག་གི་མིང་བྱང་ཡིན།
མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་རྣ་ལུང་དོ་དམ་ས་ཚིགས་སུ་བུད་མེད་ཀྱི་དོ་དམ་སྲུང་སྐྱོབ་རུ་ཁག་ཅིག་ཡོད། ཆེས་ཐོག་མར་བུད་མེད་རུ་མི་གཉིས་ནས་རུ་མི་བརྒྱད་ལ་ཇེ་མང་དུ་སོང་བ་དང་། ད་ལྟ་བུད་མེད་དོ་དམ་སྲུང་སྐྱོབ་རུ་ཁག་དེས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་རུ་དཔུང་གི་སུམ་ཆའི་གཅིག་ཟིན་ཡོད། ཁོ་མོ་ཚོར་མཚོན་ན། རྐང་ཐང་དུ་རི་བོའི་ཁོང་གསེང་དུ་འགྲོ་བ་དང་། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་། སྲོག་ཆགས་སྐྱེ་དངོས་སྣ་ཚོགས་ལ་སྲུང་སྐྱོབ་བྱེད་པ་ནི་གཟི་བརྗིད་བླ་མེད་ལྡན་པའི་བྱ་བར་རློམ་ཡོད། ཁོ་མོ་ཚོ་དང་འདྲ་བར་རྒྱ་ཆེའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་དག་རྒྱལ་ཁབ་སྤྱི་གླིང་གི་ཟབ་ཞུགས་མཁན་དུ་གྱུར་ཡོད་ལ། སྐྱེ་ཁམས་ཁོར་ཡུག་འགྱུར་ལྡོག་བདེན་དཔང་བྱེད་མཁན་ཡང་ཡིན།
ད་ལྟའི་མཚོ་སྔོན་དུ། རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་དེ་ཁ་ཁར་མངོན་ཡང་གཅིག་ལ་གཅིག་བརྟེན་གྱི་རྣམ་པར་ཆགས་ཡོད་ལ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཞིར་བཟུང་སྟེ། ཧུར་ཐག་སྒོས་འཚོལ་ཞིབ་དང་བློ་སྤོབས་ཆེན་པོས་གསར་གཏོད་བྱས་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་སྤུས་ཚད་མཐོ་བའི་སྐུལ་འདེད་བྱེད་པ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་གསར་བ་ཕལ་ཆེར་བཙུགས་ཡོད་ལ། སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་ཡིན་པ་དང་། མཉམ་འཛུགས་མཉམ་འཛིན་མཉམ་སྤྱོད་བཅས་ཀྱི་མཐུན་སྦྱོར་སྐུལ་འདེད་འོག མཚོ་སྔོན་ཞིང་ཆེན་དེ་སྤྱི་ཚོགས་ཐོན་སྐྱེད་འཕེལ་རྒྱས་འབྱུང་བ་དང་། སྡོད་དམངས་ཀྱི་འཚོ་བ་འབྱོར་ཕྱུག་ལྡན་པ། སྐྱེ་ཁམས་སྲུང་སྐྱོབ་བཟང་ཞིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཞིག་ཏུ་བགྲོད་བཞིན་ཡོད།
རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་ཐོག་མའི་ཚོད་ལྟའི་ཞིང་ཆེན་ཡིན་པའི་ཆ་ནས་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཞིང་ཆེན་སྐོར་དང་པོའི་གྲས་ཡིན་ལ། རྒྱལ་ཁབ་སྤྱི་གླིང་འཛུགས་པ་གཙོར་བཟུང་བའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་ནས་མིག་སྔར་རྒྱལ་ཁབ་སྤྱི་གླིང་ཆེས་མང་བའི་ཞིང་ཆེན་དུ་གྱུར་ཡོད་པ་དང་། རྒྱལ་ཁབ་སྤྱི་གླིང་དེ་མཛེས་པའི་མཚོ་སྔོན་གྱི་མིང་བྱང་དང་ཚོང་རྟགས་ལྟ་བུ་ཞིག་ཏུ་གྱུར་ཡོད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཐོག་མར་རང་བྱུང་སྲུང་སྐྱོབ་ས་ཁུལ་ལམ་ལུགས་ཀྱི་ཚད་ལྡན་མ་ལག་བཙུགས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་ཁྱབ་བསྒྲག་བྱས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གིས་ཕྱོགས་ཡོངས་ནས་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དྲིལ་སྒྲོག་སློབ་གསོ། དམངས་འཚོའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་བཅས་གཞི་གཅིག་ཏུ་བྱས་ནས། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྡེ་ཁུལ་མཉམ་འཛུགས་མཉམ་སྤྱོད་ཀྱི་རྣམ་པ་གསར་གཏོད་བྱས། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ཀྱི་ལས་འགན་ཡོངས་འགྲུབ་བྱས་ནས་དཔྱད་འཇོག་གི་དུས་རིམ་དུ་བསླེབ་ཡོད་ལ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཆུ་དང་རྩྭ། ཉ་དང་འདབ་ཆགས། སྲོག་ཆོགས་གཞན་པ་སོགས་མཉམ་དུ་འཚོ་བའི་སྐྱེ་ཁམས་མ་ལག་ཆགས་པར་བྱས་ཡོད།
རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བཟང་བོ་བྱེད་ཆེད། སྐབས་དང་པོ་དང་སྐབས་གཉིས་པའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་དེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་ནས་བདེ་བླག་ངང་སྤེལ་བ་དང་། མཚོ་བོད་མཐོ་སྒང་གི་གཅན་གཟན་གསའི་སྲུང་སྐྱོབ་མནའ་འབྲེལ་དང་། མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གསར་འཛུགས་མནའ་འབྲེལ་བཙུགས་པར་མ་ཟད། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་འཐབ་ཇུས་བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས་ཡོད། ཟི་ལིང་རྒྱལ་ཁབ་སྐྱེ་དངོས་གླིང་ག་དེ་རྒྱལ་ཁབ་སྐྱེ་དངོས་གླིང་གའི་མ་ལག་བཀོད་སྒྲིག་ཇུས་གཞིའི་ནང་བཞག་ཡོད་ལ། ཡུས་ཧྲུའུ་རིན་པོ་ཐང་དེ་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་གྲས་སུ་ཚུད་པ་དང་། ཆུ་དམར་ལེབ་གཏེར་ཆུའི་མགོ་ཁུངས་དང་། རྩེ་ཁོག་རྫོང་གི་རྩེ་ཆུ། ཝུའུ་ལན་རྫོང་གི་ཏུའུ་ལན་མཚོ་བཅས་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་དུ་གྱུར་བ་རེད།
ཅང་མ་འགོར་བའི་སྔོན་ལ། མཚོ་སྔོན་ཞིང་ཆེན་རང་བྱུང་སློབ་གསོའི་མཚོན་རྟགས་དང་མཚོ་སྔོན་ཞིང་ཆེན་རང་བྱུང་སློབ་གསོའི་རྟེན་གཞིའི་མིང་ཐོ། སྐྱེ་ཁམས་སློབ་གྲྭའི་དཔྱད་འཇོག་ཁྲིད་སྟོན་སོགས་འཕེལ་རྒྱས་གྲུབ་འབྲས་ཁྱབ་བསྒྲགས་བྱས་ཤིང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་རང་བྱུང་སློབ་གསོའི་འཕེལ་རྒྱས་རྣམ་པ་དྲུག་བཙུགས་པ་དང་། མཚོ་སྔོན་གྱིས་རྩ་འཛིན་རང་བཞིན་གྱི་ཡིག་ཆ་སྐོར་ཞིག་བཏོན་པར་མ་ཟད། རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རང་བྱུང་སློབ་གསོ་དང་སྐྱེ་ཁམས་མྱོང་རོལ་བྱེད་ས་སྐོར་ཞིག་ཏུ་རང་བྱུང་སློབ་གསོའི་ཆེད་ལས་ལས་ཁུངས་ཤིག་བཙུགས་པ་དང་། རང་བྱུང་སློབ་གསོའི་རྟེན་གཞི་སྐོར་ཞིག་གཏན་འཁེལ་བྱས། མ་ལག་ཅན་གྱི་རང་བྱུང་སློབ་གསོའི་སློབ་ཁྲིད་སྐོར་ཞིག་སྒྲིག་བཟོ་བྱས་ནས་ཤུགས་རྐྱེན་ངེས་ཅན་ལྡན་པའི་རང་བྱུང་སློབ་གསོའི་བྱ་འགུལ་སྐོར་ཞིག་སྤེལ།
རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་གཅིག་གྱུར་ཚད་གཞི་ཅན་གྱི་དོ་དམ་སྒྲིག་ལུགས་རྒྱུན་འཁྱོངས་བྱས་ཏེ། དབང་ཆ་དང་འགན་འཁྲིའི་བར་མཚམས་གསལ་བ་དང་། དབང་བའི་དབང་ཆ་དང་ལྟ་རྟོག་དོ་དམ་དབང་ཆ་ཁ་ཁར་བྱེད་པ། ས་གནས་སྲིད་གཞུང་དང་དོ་དམ་སྡེ་ཁག་ཁ་ཁར་བྱེད་པ། འབྲེལ་འདྲིས་བཟང་ཞིང་ནུས་ལྡན་མཉམ་འདྲེས་ཀྱི་རྣམ་པ་གསར་བའི་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་སྒྲིག་ལུགས་དང་འཁོར་སྐྱོད་རྐྱེན་སྲོལ་བཙུགས་པས། རྒྱལ་ཡོངས་ནས་ཐོག་དང་པོར་རང་བྱུང་སྲུང་སྐྱོབ་ས་ཁུལ་ལམ་ལུགས་ཅན་གྱི་ཚད་ལྡན་མ་ལག་བཙུགས་པ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་ལེགས་བསྒྱུར་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རྣམ་པ་གསར་བའི་རང་བྱུང་སྲུང་སྐྱོབ་མ་ལག་ཕལ་ཆེར་ཆགས་པ་བྱས་ཡོད།
རི་སྔོ་ཆུ་དྭངས་ནི་མཛེས་ཉམས་དང་རིན་ཐང་གཉིས་ལྡན་ཡིན།
མཚོ་སྔོན་པོའི་གསེར་ཉ་དག་ཆུ་མགོར་ལྡོག་འགྲོས་བྱེད་པ་དེས་ཚེ་སྲོག་གི་འགྲུལ་བཞུད་ཅིག་མགོ་བརྩམས་ཡོད། གཡུ་དཀར་འོམ་ལུང་ཆུ་དང་མཚོ་འཁྱིལ་ཆུ་སོགས་ཀྱི་ཆུ་ལམ་དུ་ཆུ་ཕྱེད་ཉ་ཡིན་པའི་རྔམ་བརྗིད་ཀྱི་སྣང་ཚུལ་ཞིག་མངོན་པར་བྱས་པས། གནས་སྐོར་བ་མང་བོའི་བློ་ཁ་བཀུག་པར་མ་ཟད། ཆུ་འགྲམ་གྱི་གསེར་ཉའི་དཔལ་འབྱོར་ལའང་སྐུལ་ཁྲིད་ཀྱི་ནུས་པ་ཐོན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོའི་ཞིན་ཆོན་སྡེ་བའི་གོ་ཡུང་ཀྲུང་གིས་གོ་སྐབས་དམ་འཛིན་བྱས་ཤིང་། མཚོ་འཁྱིལ་ཆུ་འགྲམ་ནས་ཁང་བ་གྱན་བཞི་གླས་ནས་ཉ་ཤ་བཙོང་བ་དང་། ན་ནིང་གི་ཟླ་དྲུག་པ་དང་བདུན་པ་ཁོ་ནའི་ཡོང་འབབ་སྒོར་འབུམ་གཅིག་དང་ཁྲི་ལྔར་བསླེབས་ཡོད།
མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་བསྟུད་མར་སླར་གསོ་བྱེད་བཞིན་ཡོད་པས། སྔར་ལས་མང་བའི་མཚོ་སྐོར་མང་ཚོགས་ལ་འཕེལ་རྒྱས་ཀྱི་གདམ་གསེས་མང་བོ་ཡོད་པ་དང་། སྐྱེ་ཁམས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པ་སོགས་ཀྱི་མ་དཔེ་མཚོ་སྔོན་གྱི་ག་ས་གང་དུ་མཐོང་ཐུབ་པ་ཡིན།
མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན། སྐྱེ་ཁམས་དམ་དུ་བཟུང་ནས་རི་སྔོ་ཆུ་དྭངས་ཀྱི་མཛེས་སྡུག་བཀྲ་བར་བྱས་པས་རི་སྔོ་ཆུ་དྭངས་ནི་མཛེས་ཉམས་དང་རིན་ཐང་གཉིས་ལྡན་ཡིན། ད་ལྟ་སྐྱེ་ཁམས་སྲུང་སྐྱོབ་ཁྱབ་ཁོངས་ནས་ལྗང་མདོག་གི་ནུས་ཁུངས་ལས་བྱུང་བའི་ཐོན་ལས་རེ་རེར་རྒྱང་བལྟ་བྱས་ཚེ། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་མིའི་སེམས་སུ་ཟུག་ཡོད་པ་དང་། ཐོན་སྐྱེད་བྱེད་ཐབས་དང་འཚོ་བ་རོལ་ཐབས་དེ་ལྷད་མེད་དང་ཐཱན་ཉུང་། རྒྱུན་མཐུད་བཅས་སུ་སྤོར་བསྒྱུར་བྱེད་པར་ཁྲིད་སྟོན་བྱེད་པ་ཡིན།
མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བསྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་སྣེ་ཁྲིད་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། སྐྱེ་ཁམས་ཁྱད་སྟོབས་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞུག་ཐོན་ཁྱད་སྟོབས་སུ་བསྒྱུར་ཏེ། རི་བོ་གཉིས་ཀྱི་སྤོར་བསྒྱུར་རྒྱུ་ལམ་དེ་བསྟུད་མར་རྒྱ་བསྐྱེད་རྒྱུན་བསྲིང་བྱས་ནས། མིས་སྐྱེ་ཁམས་ལ་གཏོར་བརླག་མ་བྱས་ན་སྐྱེ་ཁམས་ཀྱིས་མིའི་རེ་འདུན་སྟོང་ཟད་དུ་མི་གཏོང་བའི་གསོན་ཉམས་ལྡན་པའི་སྣང་ཚུལ་ཆགས་ཡོད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་། འབྲོག་པ་ཡོན་ཐར་དང་འདྲ་བར། མི་མང་བོ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁེ་ཕན་ཉམས་སུ་མྱོང་མཁན་དུ་གྱུར་ཡོད། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པའི་དྲིན་ལས་འབྲོག་པ་མང་བོ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པར་གྱུར་ཡོད་པ་དང་། རྩྭ་ཐང་གི་བེད་སྤྱོད་མཁན་ནས་སྲུང་སྐྱོབ་མཁན་དུ་གྱུར་ཡོད་ལ། དེའི་ཞོར་དུ་འདུ་ཤེས་བསྒྱུར་བ་དང་། མི་རིགས་ཀྱི་ཁྱད་ལྡན་བཟོ་རྩལ་ལས་སྣོན་སོགས་ཀྱི་ཐོན་ལས་གཉེར་བས། ཐོབ་ཐང་འགན་འཁྲི་དང་ཡོང་འབབ་གྲུབ་ཚུལ་གང་ཡིན་ཡང་འགྱུར་ལྡོག་བྱུང་ཡོད་ལ། རྒྱལ་ཁབ་སྤྱི་གླིང་གིས་འཕེལ་རྒྱས་ལ་ནུས་པ་བསྩལ་ཏེ་མང་ཚོགས་ལ་ཁེ་ཕན་ཐོབ་པར་བྱས་ཡོད།
སྐྱེ་ཁམས་རིན་ཐང་དང་སྐྱེ་ཁམས་འགན་འཁྲི། སྐྱེ་ཁམས་སྦས་ཤུགས་བཅས་འདུས་པའི་ལྟ་ཚུལ་ལ་གཅིག་འདོམས་བྱས་ཤིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་མངོན་འགྱུར་བྱས་ཡོད་ལ། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་མཉམ་འཛུགས་མཉམ་སྐྲུན། མཉམ་བཅོས་མཉམ་སྤྱོད་བཅས་བཅས་པ་རྒྱུན་འཁྱོངས་བྱས་པ་དང་། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་སྤྱི་ཕན་ལས་གནས་བཀོད་སྒྲིག་བྱས་ཡོད་པས། ཞིང་ཆེན་ཡོངས་ཀྱི་འབྲོག་པ་ཁྲི14.6ལྷག་གིས་འུར་ཆ་བསྐྱུར་ནས་དོ་དམ་སྲུང་སྐྱོབ་པར་གྱུར་པ་དང་སྐྱེ་ཁམས་ལ་བརྟེན་ནས་ཁ་གསོ་བཞིན་ཡོད།
མཚོ་སྔོན་པོ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་ཚྭ་མཚོ་ཡིན་ཞིང་། མཛེས་ཤིང་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ལ་བརྟེན་ནས་གནས་སྐོར་བ་མང་བོ་ངེས་པར་དུ་ཡོང་སའི་གནས་མཆོག་ཅིག་ཏུ་གྱུར་ཡོད། ད་ལྟ་མཚོ་སྔོན་པས་འཐབ་ཇུས་ཀྱི་གོ་སྐབས་གསར་བ་བསུས་ཏེ། སྐྱེ་ཁམས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་བཞིན་རྒྱལ་ཁབ་སྤྱི་གླིང་འཛུགས་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱེད་སའི་མཚོ་སྔོན་པོའི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ནས་ལྷད་མེད་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་བསྐྱེད་བཞིན་ཡོད།
རི་ཆུའི་མཛེས་པ་དེ་ཕྱུག་འགྱུར་གྱི་ཐབས་སུ་བསྒྱུར་དགོས་ཤིང་། མཚོ་སྔོན་གྱིས་ལག་ལེན་ཁྲོད་ནས་དྲི་ལན་འཚོལ་ཞིབ་བྱེད་པ་དང་རི་བོ་གཉིས་ཀྱི་སྤོར་བསྒྱུར་ཐབས་ལམ་འཚོལ་ཞིབ་གང་ལེགས་བྱས་ཏེ། རྩ་ཆེ་བའི་སྐྱེ་ཁམས་ཐོན་ཁུངས་དེ་དཔལ་འབྱོར་ཕྱུག་འགྱུར་གྱི་སྒུལ་ཤུགས་སུ་འགྱུར་བར་བྱེད་བཞིན་ཡོད། སྐྱེ་ཁམས་ལ་རིན་ཐང་ཡོད་པ་དང་ལྷད་མེད་ཀྱི་སྐྱེ་ཁམས་ལ་གསེར་ལྟ་བུའི་རིན་ཐང་ལྡན་པར་བྱས་ཡོད། ཞིང་ཆེན་ཡོངས་ལ་རྒྱང་བལྟ་བྱས་ན། སྐྱེ་ཁམས་ཀྱི་དག་གཙང་ནུས་ཁུངས་དང་སྐྱེ་ཁམས་གནས་སྐོར། ཞིང་ཕྱུགས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཁྱད་སྟོབས་རྒྱུན་ཆད་མེད་པར་འབུར་ཐོན་དུ་འགྱུར་བཞིན་ཡོད་པ་དང་། སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན། ཐོན་ལས་ནུས་འཕར། གྲོང་གསེབ་དར་སྤེལ། མང་ཚོགས་ཀྱི་ཡོང་འབབ་འཕར་བ་བཅས་མཉམ་འཛིན་བྱས་སྟབས། ལྷད་མེད་འཕེལ་རྒྱས་ཀྱི་རྒྱུན་མུ་མུད་དུ་བསྲིང་བ་དང་། སྐྱེ་ཁམས་ཀྱི་ཕན་འབྲས་བསྟུད་མར་ཇེ་ཆེར་སོང་།
ལས་རིགས་སོ་སོས་ལྷད་མེད་སྐྱེ་ཁམས་གཙོར་བཟུང་སྟེ། ཁོར་ཡུག་དེ་ཐོན་རྫས་བཟང་བོར་འགྱུར་བ་དང་། མཛེས་ལྗོངས་དེ་དཔལ་འབྱོར་གསར་བར་འགྱུར་བར་བྱས་པས། ལྷད་མེད་སྐྱེ་ཁམས་གཙོར་འཛིན་པའི་འཕེལ་རྒྱས་ལག་ལེན་རེ་རེ་ལས་སྲུང་སྐྱོབ་དང་འཕེལ་རྒྱས་ནི་ཁ་གཏད་ཅན་གྱི་འགལ་བ་མ་ཡིན་པར་རྩོད་སྒྲུབ་གཅིག་གྱུར་ཡིན་པ་ཡང་ཡང་ར་སྤྲོད་བྱས་ཡོད།
རང་བྱུང་གི་རྩ་དོན་དང་སྐྱེ་ཁམས་ཀྱི་ཆོས་ཉིད་བརྩི་སྲུང་བྱས་ཤིང་། རི་སྤོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་སྲན་བརྟན་དུ་ཆགས་པར་བྱེད་པ་དང་། ལྷད་མེད་སྐྱེ་ཁམས་ཀྱི་རྨང་གཞི་སྔར་ལས་བརྟན་པར་བྱས་ཏེ་སྐྱེ་ཁམས་ཀྱི་ཕན་ནུས་སེམས་ཀྱིས་མྱོང་དུ་བཅུག་ཡོད། གཞན་ལ་བསྡུར་བ་བྱས་ཏེ་བལྟས་ན། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དེ་རི་སྔོ་ཆུ་དྭངས་དང་ལྷད་མེད་ཐོན་ལས་ཁྲོད་ནས་གསལ་རྗེན་དུ་མངོན་ཡོད་པ་དང་། དེ་ལས་མཚོ་སྔོན་གྱི་སྐྱེ་ཁམས་ཕུལ་དུ་ཕྱིན་པ་མཚོན་ཡོད།
བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་གཏེར་གྱི་སྲུང་སྐྱོབ་མཁན་བྱེད་པ་དང་། མཚོ་སྔོན་གྱིས་སྔར་ལས་མཐོ་བའི་ཚད་གཞི་དང་། སྔར་ལས་མཐོ་བའི་སྤུས་ཚད། སྔར་ལས་མཐོ་བའི་རེ་བ་བཅས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོནགྱི་སྟོབས་ཤུགས་འབུལ་དགོས།