སྐྱེ་ཁམས་སྲུང་སྐྱོབ་བྱས་ནས་ཕྱུག་འགྱུར་ལམ་དུ་སྐྱོད།
2024.06.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

 རྨ་ཆུ།

ཟླ6པའི་ཚེས17ཉིན་གྱི་ཞོགས་པར། ཡུལ་ལྷ་ཐར་གྱིས་སྟོད་ལྭ་གྱོན་ཞིང་འཕྲུལ་རྟར་ཞོན་ནས་སྤྱི་ལེ་བཅུ་ལྷག་གི་དབྱར་རྩྭ་བརྐོ་སའི་རྩྭ་སའི་ཕྱོགས་སུ་ཆས། ཡུལ་ལྷ་ཐར་གྱིས་དབྱར་རྩྭ་བརྐོ་སར་མི་དང་འཕྲུལ་རྟ་མང་པས་ལྟ་སྲུང་ནན་མོ་བྱེད་དགོས་ཟེར།

ཡུལ་ལྷ་ཐར་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་སྟག་ལུང་སྡེ་བའི་སྐྱེ་ཁམས་ལྟ་སྲུང་པ་ཡིན་ལ། ས་གནས་དེ་གའི་སྐྱེ་ཁམས་ལྟ་སྲུང་པ་མང་པོ་དང་མཉམ་དུ་གཅིག་སྒྲིལ་མཚམས་ཀྱི་རྨ་ཆུའི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ཅིང་། ལོ་མང་པོར་སྐྱེ་ཁམས་ལྟ་སྲུང་པའི་བྱ་བ་བསྒྲུབས་པས་མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལྕི་ཞིང་དོན་སྙིང་གལ་ཆེ་བ་རྟོགས་ཡོད།

རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན། བཱ་ཡན་ཧ་རིའི་གངས་འཁྱགས་ཀྱི་ངལ་དུ་སྦྲུམ་ཞིང་། ཆུ་རྒྱུན་མང་པོ་གཅིག་ཏུ་འདུས་ནས་ཤར་དུ་བཞུར་བ་དང་། སྤྱི་ལེ་ལྔ་སྟོང་བཞི་བརྒྱ་ལྷག་ལ་བཞུར་ནས་ཞིང་ཆེན་དགུ་བརྒྱུད་ལ། འབབ་རྒྱུད་དེ་སྤྱི་ལེ་གྲུ་བཞི་མ་འབུམ་བརྒྱད་ཀྱི་ས་ཞིང་དང་འབྲེལ་ཞིང་། མི་གྲངས་དུང་ཕྱུར་གསུམ་གསོ་སྐྱོང་བྱས།

རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་ཆེད། གཅིག་སྒྲིལ་རྫོང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ་འཆར་འགོད་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་སར་བྱས་ཤིང་། ཆེ་ས་ནས་ལམ་ལུགས་དང་དོ་དམ་བྱེད་ཐབས་འདོན་པ། ཆུང་ས་ནས་ཁོར་ཡུག་གཙང་སྦྲར་དག་ཐེར་བཅོས་སྐྱོང་བྱེད་པ། བྱ་བ་འདི་དག་ནན་ཏན་དང་ཏན་ཏིག་སྒོས་བསྒྲུབས་པར་བརྟེན། སྲུང་སྐྱོབ་དང་འཕེལ་རྒྱས་གཉིས་མཉམ་རྒྱལ་བྱུང་།

སྐྱེ་ཁམས་ལྟ་སྲུང་བ་བྱས་རྗེས། རྩྭ་ཐང་སྟེང་དུ་གད་སྙིགས་གཡུགས་ཡོད་པ་མཐོང་ཚེ་ཡུལ་ལྷ་ཐར་གྱི་སེམས་མི་བདེ་སྟེ། ཁོའི་བཤད་སྟངས་ལྟར་ན། རྩྭ་ཐང་ནི་ཁྱིམ་གྱི་ས་གདན་དང་འདྲ་བས། གཙང་སྦྲ་མ་བྱས་ཚེ་ཇེ་བཙོག་ནས་ཇེ་བཙོག་ལ་འགྲོ་ངེས་ཤིང་། མི་ཚང་མ་ཞེ་ལོག་ནས་འགྲུལ་བ་ཡོང་མཁན་ཡང་མེད་སྲིད། དབྱར་རྩྭ་བརྐོ་བཞིན་པའི་ལེགས་ལྡན་གྱིས་ཡུལ་ལྷ་ཐར་ལ་ཀུ་རེ་རྩེ་ཞོར་དུ། ཁྱོད་ཀྱིས་ལྟོས་དང་། ང་ཚོས་གད་སྙིགས་ཚང་མ་བསྡུ་གསོག་བྱས་ཡོད། ང་ཚོ་འགྲོ་ཁར་ཁྱེར་རྒྱུ་ཡིན་པས་ཁྱོད་ཀྱིས་སེམས་བདེ་མོ་བྱོས་ཞེས་བཤད། ལེགས་ལྡན་གྱི་མིག་ནང་དུ་ཡུལ་ལྷ་ཐར་ནི་རྩྭ་ཐང་གི་བར་སྣང་དུ་ལྡིང་སྐོར་རྒྱག་པའི་རྒོད་པོ་ལྟ་བུ་ཡིན་ཏེ། གང་སར་གཡུགས་པའི་གད་སྙིགས་དང་ཁ་སིམ་མེད་པའི་རྩྭ་ཤུན་སོགས་གང་ཡིན་རུང་། ཁོང་གིས་དུས་ལྟར་མཐོང་ཐུབ། གལ་ཏེ་ཐེངས་མང་པོར་ཁ་ཏ་བྱས་ནས་མ་ཉན་ཚེ། གནས་ཚུལ་ཡང་ན་དབྱར་རྩྭ་བརྐོ་རུ་མི་འཇུག་པ་དང་། གནས་ཚུལ་ཚབས་ཆེ་ན་གཅིག་སྒྲིལ་རྫོང་གི་ཁྱིམ་ཚང་བཅུའི་མཉམ་འབྲེལ་རིག་ནུས་དོ་དམ་སྟེགས་བུ་བརྒྱུད་དེ། དངོས་ཕབ་བརྙན་ཐུང་དང་འདྲ་པར་དག་ཁོར་སྲུང་སྡེ་ཁག་ལ་བསྐུར་ནས་འགན་འཁྲི་བདའ་འདེད་བྱེད་རྒྱུ་རེད།

གཅིག་སྒྲིལ་རྫོང་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དཔའ་གྲགས་ཀྱིས་ང་ཚོས་འགན་འཁྲི་གཙོ་བོ་ཕྲག་ཏུ་བླངས་ནས། ས་གནས་འདིའི་རི་ཆུ་ནགས་གསུམ་ལ་སྲུང་སྐྱོབ་བཟང་པོ་བྱེད་ངེས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་དེ་རྫོང་ཡོངས་ཀྱི་བྱ་བ་གལ་ཆེན་གྱི་གྲས་སུ་འཇོག་ངེས་ཡིན་ཟེར། ཁོས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སྐོར་གླེང་སྐབས། བློ་རྩ་བརྟན་ཞིང་ཡིད་ཆེས་ཀྱིས་ཁེངས་འདུག ཁོས་གསར་འགོད་པར་བཤད་རྒྱུར། གཅིག་སྒྲིལ་རྫོང་གིས་དྲ་རྒྱ་ཅན་གྱི་འཁོར་རྒྱུག་རྣམ་པའི་རྫོང་དང་། ཡུལ་ཚོ། སྡེ་བ། ཧྲེ་བཅས་རིམ་པ་བཞིའི་མཚོ་ཆུའི་དཔོན་པོ་དང་ནགས་རྩྭའི་དཔོན་པོའི་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་བཙུགས་ཤིང་། ས་ཁུལ་ལ་སྲུང་སྐྱོབ་ཀྱི་འགན་འཁྲི་ཡོད་པ་དང་། ས་ཁུལ་སྲུང་སྐྱོབ་ཀྱི་འགན་འཁྲི་འཁུར་བ། འགན་འཛོལ་བྱུང་བར་འགན་འཁྲི་བདའ་འདེད་བྱེད་པ་བཅས་ཀྱི་འགན་འཁྲིའི་ལམ་ལུགས་ཤིག་བཙུགས། མིས་ལྟ་སྲུང་བྱེད་པའམ་ཡང་ན་ཁྲིམས་སྲོལ་དང་ལམ་ལུགས་ལ་བརྟེན་ནས་སྲུང་སྐྱོབ་བྱེད་པ་གང་ཡིན་རུང་། ཚང་མས་གཅིག་སྒྲིལ་རྫོང་གི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཆེད་དུ་སྲ་ཞིང་བརྟན་པའི་བདེ་འཇགས་འགོག་ར་ཞིག་བཙུགས་ཡོད།

2023ལོར། གཅིག་སྒྲིལ་རྫོང་གིས་རི་ཆུ་དང་ནགས་ཚལ། ས་ཞིང་། མཚོ་དང་རྩྭ་ཐང་བཅས་བྱེ་འགྱུར་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་སྟེ། མཁའ་དབུག་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པའི་འགུལ་སྐྱོད་འཆར་གཞི་དང་། རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་པའི་འགུལ་སྐྱོད་ལག་བསྟར་བྱས་ཤིང་། རྫོང་ཡོངས་ཀྱི་ཁོར་ཡུག་དག་གཙང་དང་མཁའ་དབུགས་དྭངས་གཙང་ཡིན་པའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པ་དང་། ལོ་རྒྱུན་གྱི་ཆུ་སྤུས་རིགས་གསུམ་པའི་དམིགས་ཚད་རྒྱུན་འཁྱོངས་བྱས་ཡོད་ལ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁེབས་ཚད་བརྒྱ་ཆའི་རེ་དགུ་དང་གྲངས་ཆུང་བདུན་ལྔར་སླེབས་ཡོད།

རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བྱས་ཚེ། ཕྱུག་འགྱུར་ལམ་དུ་སླེབས་སྲིད། དབྱར་གཞུང་གི་དུས་ལ། གཅིག་སྒྲིལ་རྫོང་སྨིན་ཐང་ཡུལ་ཚོའི་སྨིན་ཐང་སྡེ་བའི་རྩྭ་ཐང་སྟེང་དུ་མེ་ཏོག་སྣ་བརྒྱ་ཁྲ་ཆེམ་མེར་བཞད་ཡོད་ཅིང་། རླན་སའི་ཁུལ་དུ་བྱ་གག་སོགས་རི་སྐྱེས་འདབ་ཆགས་རིགས་བབ་སྡོད་བྱས་ཤིང་། སྨི་བརྒྱ་ལྷག་མཚམས་ཀྱི་རྨ་ཆུའི་ཡུལ་སྲོལ་གླིང་དུ་མི་དང་རང་བྱུང་ཁམས་མཉམ་གནས་ཀྱི་རི་མོ་མཛེས་ཤིང་སྡུག་པ་ཞིག་བྲིས་འདུག

སྨན་མང་གསེར་ཐང་གི་རྒྱ་ཡིག་གི་ནང་དོན་ནི་སྨན་རྒྱུ་མང་བའི་རྩྭ་ཐང་ལ་ཟེར་ཞིང་། འདིར་ཨ་བི་ཁ་དང་། དབྱར་རྩྭ། སྲད་དཀར་སོགས་ཀྲུང་བོད་ལུགས་སྨན་སྨན་རྒྱུ་རིགས་བཅུ་ལྷག་སྐྱེས་ཡོད། དབུལ་ཐར་མཁྲེགས་གཏོར་བྱེད་མགོ་རྩོམ་དུས། སྨན་རྒྱུ་ལས་སྣོན་བཟོ་གྲྭ་འཛུགས་པ་དང་། རྩྭ་ཐང་བདེ་ཞིང་སྙོམས་པས་དེ་རྨོས་ནས་སྨན་རྩྭ་འདེབས་པ་ལྟ་བུའི་འཕེལ་རྒྱས་ཀྱི་བསམ་འདུན་བཏོན་ཡོད། འོན་ཀྱང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་ཁུར་བའི་ངག་བྷོའི་སེམས་ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཁུལ་དུ་འདི་ལྟར་སྒྲུབ་ཚེ། དེ་ནི་འཕེལ་རྒྱས་མིན་པར་གཏོར་བརླག་ཡིན་པའི་འདུ་ཤེས་སྐྱེས། ཁོས་བློ་རྩ་བརྟན་པོས་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྐྱེ་ཁམས་ཡུལ་སྐོར་གྱི་ཕྱོགས་སུ་བསྒྱུར།

2016ལོར། སྦྲ་གུར་རེ་འགའ་ཕུབ་ཅིང་མཚོན་དར་འགའ་རེ་བཀལ་ནས། སྐྱེ་ཁམས་ཡུལ་སྐོར་གྱི་ཕྱོགས་ནས་བསམ་གཞིགས་བཏང་སྟེ། སྡེ་བའི་རྨ་ཆུའི་ཡུལ་སྲོལ་གླིང་བཙུགས་པ་དང་། གདོད་མའི་སྐྱེ་ཁམས་ཀྱི་མི་རིགས་རིག་གནས་དང་རང་བྱུང་ཡུལ་ལྗོངས་ཉམས་ལེན་བྱེད་པའི་ཚོང་རྟགས་ལེགས་པོ་བསྐྲུན། ལོ་འདི་གར་སྐྱེ་ཁམས་སྲུང་སྐྱོབ་གང་ལེགས་བྱས་པར་བརྟེན། མཐའ་འཁོར་གྱི་ཡུལ་ལྗོངས་མཛེས་ཤིང་སྡུག་པ་ཞིག་ཏུ་གྱུར་ཞིང་། རང་གིས་རླངས་འཁོར་བསྐོར་ནས་ཡོང་བའི་ཡུལ་སྐོར་མང་པོའི་ཡིད་དབང་བཀུག་ཡོད། སྐྱེ་ཁམས་ཁོར་ཡུག་ལེགས་པོ་བཟང་ཕྱོགས་སུ་འཕེལ་སྐབས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཆེད། ངག་བྷོས་ཟས་རིགས་གཡོ་སྐོལ་བྱེད་དུས་ཨོང་བ་སྤྱོད་པ་དང་། གད་སྙིགས་རིགས་དབྱེ་དང་གཅིག་སྡུད་སྐྱེལ་འདྲེན་ཐག་གཅོད་བྱེད་པ།  འཕྲུལ་སྒུལ་རྩྭ་རའི་ནང་དུ་སྐོར་མི་ཆོག་པ་བཅས་ཀྱི་ལམ་ལུགས་གཏན་འབེབས་བཟོས་ཏེ། ཕལ་ཆེར་རྩྭ་ཐང་གི་འཚོ་བ་རོལ་སྟངས་དང་འདྲ་བའི་རྨ་ཆུའི་ཡུལ་ལྗོངས་ར་བ་བསྐྲུན།

ནོར་རྩིད་ཀྱིས་ལས་པའི་སྦྲ་ནག་དང་། ཨོང་བས་ལས་པའི་ས་ཐབ། ནོར་རྩིད་ཀྱིས་ལས་པའི་ཕྱིང་བ་བཅས་ཀྱིས་འབར་རླངས་ཐབ་ཀ་དང་ཟས་ལྕོག་གི་ཚབ་བྱས་ཤིང་། བྱ་དེ་དང་བྱ་གག་གི་བྱ་ཤ་དང་ཉ་ཤ་སོགས་ཚོད་མའི་རིགས་དེ་མར་དང་རྩམ་པ། ཞོ། སྐམས་ཤ་སོགས་ས་གནས་ཀྱི་ཁྱད་ལྡན་ཟས་མཆོག་ལ་སྒྱུར། གདོད་མའི་སྐྱེ་ཁམས་འཚོ་བའི་ཉམས་ལེན་དང་། མཛེས་སྡུག་གི་རང་བྱུང་ཡུལ་ལྗོངས། གནའ་བོའི་མི་རིགས་རིག་གནས་བཅས་གནས་འདིར་འཛོམས་ཡོད། ཚོང་གཉེར་མཁན་གྲས་ཀྱི་རྣམ་རྒྱལ་དབང་ཕྱུག་གི་ཟླ་རེའི་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་སྟོང་གཅིག་ལྷག་དང་། ཚོང་གཉེར་ཡོང་འབབ་སྒོར་ཁྲི་ལྔ་ལྷག་རེད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། གཅིག་སྒྲིལ་རྫོང་དུ་སྐྱེ་ཁམས་དང་རིག་གནས། འབྲོག་ལས་བཅས་མཉམ་འདྲེས་ཟབ་མོ་བྱེད་པའི་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་གྱི་ཐོག་མའི་རྣམ་པ་གྲུབ་ཡོད་ལ། རི་སྔོ་ཆུ་དྭངས་ཀྱི་རང་བྱུང་མཛེས་པ་ལས་འབྲོག་མིར་ཁེ་ཕན་མང་པོ་ཐོབ་ཡོད་ཅིང་། སྐྱེ་ཁམས་སྲུང་སྐྱོབ་ལས་ཐོབ་པའི་ཁེ་སྤོགས་དེ་འདི་ཙམ་གྱིས་ག་ལ་ཚད།

གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་གསའ་ཁོག་སྡེ་བའི་ལེབ་ལུང་གི་རི་ལམ་གྱི་སྣེ་རུ་ཁང་ཀླད་སྔོན་པོ་ཅན་གྱི་པང་ལེབ་ཁང་བ་གྲལ་སྟར་གཅིག་ཡོད། རླངས་འཁོར་གྱིས་འདམ་ནང་དུ་ཤུགས་ཡོད་ཚད་བཏོན་ནས་ལ་མགོར་འགོ་བཞིན་ཡོད་ཅིང་། རྒྱ་ལོའི་ལུག་གིས་འབའ་སྒྲ་ལྷང་ལྷང་སྒྲོག་གིན་འདུག   2021ལོར་སྐོར་ཐེངས་གཉིས་པའི་སྐྱེ་ཁམས་འབྲོག་ཁྱིམ་ཕྱུགས་རའི་ཚོད་ལྟའི་ཁྱིམ་ཚང་འཕེལ་རྒྱས་སུ་འགྲོ་སྐབས། རྒྱ་ལོའི་ལུག་དེ་མཐོ་གྲང་ས་ཁུལ་དུ་འཚོ་སྐྱོང་བྱེད་པའམ་མ་ཁང་ནང་དུ་གསོ་བར་འཚམ་པས། སྐྱེ་ཁམས་འབྲོག་ཁྱིམ་ཕྱུགས་རའི་ཚོད་ལྟའི་ཆ་རྐྱེན་དང་འཚམ་ཞིང་། འབྲོག་པ་བོན་དགེ་ཚང་ཡང་སྐྱེ་ཁམས་འབྲོག་ཁྱིམ་ཕྱུགས་རའི་ཚོད་ལྟའི་ཁྱིམ་ཚང་དུ་གྱུར།

སྔོན་ཆད་སྒོར་མོ་མང་པོ་བཙལ་འདོད་ན་ནོར་ལུགས་མང་པོ་འཚོ་སྐྱོང་བྱེད་དགོས་མོད། འོན་ཀྱང་རྩྭ་རར་ཚད་ཡོད་པར་བརྟེན། འཚོ་སྐྱོང་བྱེད་རྒྱུ་མང་ཚེ་རྩྭ་ས་ཉམས་ཞན་དུ་འགྱུར་སྲིད་ལ། དེ་ལྟར་བྱས་ན་སྒོར་མོ་བཙལ་མི་ཐུབ་པར་མ་ཟད་སྐྱེ་ཁམས་ལ་གཏོང་བརླག་བཟོས་འགྲོ། ད་བར་སྔོན་ཆད་དང་མི་འདྲ། བོན་དགེ་ཡིས་སྐྱེ་ཁམས་འབྲོག་ཁྱིམ་ཕྱུགས་ར་བརྒྱུད་ནས། རྩྭ་ཕྱུགས་དོ་མཉམ་གྱི་གནད་དོན་ཐག་བཅད་པར་མ་ཟད། ཚན་རིག་གི་གསོ་སྐྱོང་བྱེད་ཐབས་ལ་བརྟེན་ཞིང་ལྗང་མདོག་སྐྱེ་ལྡན་གྱིས་རྒྱབ་སྐྱོར་བྱས་པ་བརྒྱུད་དེ་ཡོང་འབབ་ལྡབ་འགྱུར་གྱིས་འཕར་སྣོན་བྱུང་ཡོད།

ད་བར་ཕྱུགས་ཁང་ཡོད་པར་བརྟེན། ནོར་ལུག་ལ་སྤྱང་ཀིའི་འཇབ་རྒོལ་མི་ཐེབས་པར་མ་ཟད། དྲོད་སྙོམས་ཆ་རྐྱེན་འོག་ཏུ་ཕྱུགས་རིགས་ལ་ནད་ཕོག་ཚད་ཀྱང་ཇེ་ཉུང་དུ་སོང་ཞིང་། ཕྱུགས་རིགས་ཀྱི་རྒྱུད་སྤེལ་ཚད་དང་གསོན་ཚད་ཇེ་མཐོར་ཕྱིན། བོན་དགེ་ཡིས2023ལོར་སྐྱེ་ཁམས་འབྲོག་ཁྱིམ་ཕྱུགས་ར་བརྒྱུད་དེ་ཡོང་འབབ་སྒོར་འབུམ་དྲུག་ལྷག་བླངས་ཤིང་། དེ་ནི་སྔོན་ཆད་ཀྱི་སྲོལ་རྒྱུན་འཚོ་སྐྱོང་བྱེད་སྐབས་ཀྱི་ཡོང་འབབ་ཀྱི་ལྡབ་བཞི་ལྔ་ཙམ་རེད།

སྐྱེ་ཁམས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་སྟེང་། གཅིག་སྒྲིལ་རྫོང་གིས་སྤྱི་ཆིང་འབུམ་བདུན་ལྷག་གི་རང་བྱུང་རྩྭ་ར་ཡིས་གཟན་རྩྭ་རིགས་ཆེན་པོ་ལྔ་བཅུ་དང་རིགས་ཆུང་བ་བཞི་བརྒྱར་བརྟེན་ནས། དཔལ་འབྱོར་འཕེལ་རྒྱས་དང་འབྲོག་པའི་ཡོང་འབབ་འཕར་བའི་ལམ་བུའི་སྟེང་སྔར་བཞིན་གདོད་མའི་སྐྱེ་ཁམས་རྣམ་པ་རྒྱུན་སྐྱོང་བཞིན་ཡོད།  2022ལོར། གཅིག་སྒྲིལ་རྫོང་དེ་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འདོན་ཁུལ་གྱི་སྔོན་ཐོན་དཔེ་སྟོན་རྫོང་ལ་བདམས། ད་ལྟར། ལྗང་མདོག་སྐྱེ་ལྡན་ཐོན་ཁུངས་གཞིར་བཟུང་སྟེ། ས་གནས་དེ་གའི་སྐྱེ་ལྡན་ནོར་གྱི་ལོ་ཧྲིལ་བོའི་གསོ་ཁ་ནས་ཐོན་ཚད་འབུམ་གཅིག་ལ་སླེབས་པ་དང་། ཁེ་སྤོགས་སྒོར་བྱེ་བ་གཅིག་ཐོབ་ཡོད།

གཅིག་སྒྲིལ་རྫོང་གི་རྨ་ཆུའི་འགོ་ཁུངས་ཀྱི་མཐའ་ཡས་པའི་རྩྭ་ཐང་སྟེང་དུ། སྐྱེ་ཁམས་སྲུང་སྐྱོབ་ལ་རྐང་བཙུགས་ཏེ། ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཙོ་བོར་བཟུང་པར་བརྟེན།  སྐྱེ་ཁམས་དང་། ཐོན་སྐྱེད། འཚོ་བ་བཅས་མཉམ་རྒྱལ་མངོན་འགྱུར་བྱུང་།

ལྷ་མོ་འཚོས་བསྒྱུར།